དེ་ཡང་རྒྱ་ནག་གི་ཉེས་ཁྲིམས་གཏུག་བཤེར་གྱི་ཁྲིམས་ལུགས་ཀྱི་ལེགས་ཉེས་བླང་དོར་ལ་འཇུག་བདེ་བའི་ཕྱིར་དང་། རྒྱ་ནག་གི་རྩ་ཁྲིམས་ཆུང་ངུ་རུ་འབོད་པའི་ཁྲིམས་ལུགས་འདི་ཡིད་ལ་འཛིན་བདེ་བ་དང་དང་གོ་བ་ལོན་སླ་བ་བཅས་ཀྱི་ཆེད་དུ་སྲིད་པ་འཁོར་ལོའི་ཚུལ་ཏུ་བྲིས་བ་ཡིན། འདིའི་མཚོན་དོན་རྣམས་རང་གིས་ཤེས་པའི་ཁྲིམས་ལ་ལེགས་པར་བསམ་བློ་གཏོང་བ་དང་། དོན་གཉེར་ཅན་གཞན་དག་ལ་བསྟན་ནས་བཤད་ན་ཁྲིམས་ཀྱི་ཤེས་བྱ་མྱུར་ཏུ་རྒྱུད་ལ་འཇོག་ཐུབ་པར་ཕན་པ་ཆེ།
སྲིད་པ་ཁྲིམས་ཀྱི་འཁོར་ལོ་ཞེས་པའི་ཆ་ལག་དང་བཅས་པ་འདིས་ཅི་དང་གང་མཚོན་གིན་ཡོད་ཟེར་ན། འདིས་ཉེས་ཆད་གཏན་འབེབས་ཀྱི་རྣམ་གཞག་དང་དེའི་བརྒྱུད་རིམ། ཉེས་དོན་གཏུག་བཤེར་གྱི་ཁྲིམས་ཀྱི་བརྗོད་བྱའི་གཙོ་བོ་སྟེ་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ལས་དཀར་ནག་ཤན་འབྱེད། ཁྲིམས་འཛིན་ལས་ཁུངས་ཀྱི་དབང་ཐང་དང་གྱོད་ཡ་དོ་བདག་གི་ཐོབ་ཐང་བཅས་བའི་རྣམ་གཞག་མཚོན་པའི་འཁོར་ལོ་ཞིག་ཡིན། འདི་ལ་ཁྲིམས་ཀྱི་འཁོར་ལོ་ཞེས་བརྗོད་པའི་རྒྱུ་མཚན་ནི་ཇི་སྲིད་དུ་ལས་རྒྱུ་འབྲས་ལ་མ་འཛེམ་པར་ནག་ཉེས་བསགས་ན་དེ་སྲིད་དུ་རྒྱལ་ཁབ་ཀྱི་སྲིད་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་བདའ་འདེད་དང་ཤན་འབྱེད་བྱས་ནས་ཉེས་ཆད་གཅོད་པས་བཙོན་ཁང་ངམ་བཀག་ཉར་ཁང་ནས་འཁོར་ཏེ་འདུག་དགོས་བས་སྲིད་པ་ཁྲིམས་ཀྱི་འཁོར་ལོ་ཞེས་བརྗོད་པ་ཡིན། ཉེས་བ་དང་ཉེས་མེད་ཡང་ན་དཀར་ནག་གི་ཤན་འབྱེད་པ་ནི་རྒྱལ་ཁབ་ཅིག་གི་འགན་འཁྲི་ཡིན་པ་དང་། ཇི་ལྟར་ཤན་འབྱེད་པ་ལ་ཁྲིམས་ལུགས་ཀྱི་སྒོ་ནས་གཏན་འབེབས་བྱས་ཏེ་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་ཤན་འབྱེད་བྱེད་དགོས་བ་ཞིག་ཡིན།
འཁོར་ལོ་དེའི་དབུས་ན་དཀར་ནག་གི་ཁ་དོག་གཉིས་ཀྱིས་ཉེས་མེད་དང་ཉེས་བ་མཚོན་པ་དང་། དེའི་མཐའ་ན་ཟོ་ཆུན་འཁྱུད་མོ་ལྟར་འཁོར་བའི་འཁོར་ལོ་གཉིས་བ་ནང་གི་གང་ཟག་གིས་ཉེས་ཅན་དོགས་གཞི་མི་སྣའམ་གྱོད་ཡ་མཚོན། འདིའི་སྐབས་ཀྱི་ཁྲིམས་འཛིན་ལས་ཁུངས་ནི་སྤྱི་བདེ་ལས་ཁུངས་དང་།ཞིབ་དཔྱོད་ལས་ཁུངས། ཁྲིམས་ཁང་བཅས་ཡིན། སྤྱི་བདེ་ལས་ཁུངས་ཀྱིས་རྩད་གཅོད་ཀྱི་དབང་ཆ་འཛིན་པ་དང་། ཞིབ་དཔྱོད་ལས་ཁུངས་ཀྱིས་ཞིབ་བཤེར་གྱི་དབང་ཆ་འཛིན་པ། ཁྲིམས་ཁང་གིས་ཁྲིམས་བཤེར་གྱི་དབང་ཆ་འཛིན་གིན་ཡོད། དཔེར་ན་མི་བསད་ཁྲག་སྦྱོར་དང་མཛོ་བརྐུས་རྟ་ཁྱེར་གྱི་ནག་ཉེས་ཤིག་བྱུང་ཚེ་དེར་བརྩད་གཅོད་དང་སུན་འབྱིན་བྱེད་མཁན་སྤྱི་བདེ་ལས་ཁུངས་ཡིན་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་དྲག་ཤུལ་ཐབས་ཚུལ་སོགས་ལ་བརྟེན་ནས་ནག་ཉེས་དོགས་གཞི་ཅན་ལ་འདྲི་རྩད་དང་བཀག་ཉར་སོགས་བྱས་ཏེ།
དཔང་རྟགས་འཚོལ་བསྡུད་བྱས་ནས་ཉེས་དོན་སེལ་ཐབས་བྱེད་པའི་བརྒྱུད་རིམ་དེ་ལ་བརྩད་གཅོད་ཀྱི་བརྒྱུད་རིམ་ཟེར། བརྩད་གཅོད་ཀྱི་རྗེས་སུ་སྤྱི་བདེ་ལས་ཁུངས་ཀྱིས་གྱོད་གཞི་ཐད་ཀར་ཁྲིམས་ཁང་ལ་བསྐྱལ་མི་ཆོག་པར། བརྩད་གཅོད་བྱས་བའི་ཡིག་ཆ་ཐམས་ཅད་ཞིབ་དཔྱོད་ལས་ཁུངས་ལ་བསྐྱལ་ནས་ཁོང་ཚོས་ཁྲིམས་ཁང་ལ་བསྐྱལ་མིན་ཞིབ་བཤེར་བྱེད་དུ་འཇུག་པ་ལ་ཞུ་གཏུག་ཞིབ་བཤེར་གྱི་བརྒྱུད་རིམ་ཟེར། ཞིབ་དཔྱོད་ལས་ཁུངས་ཀྱིས་ཡིག་ཆ་ཞིབ་བཤེར་བྱས་བའི་རྗེས་སུ་གྱོད་གཞི་ཁྲིམས་ཁང་ལ་བསྐྱེལ་བ་ཐག་ཆོད་ན་དེས་རྒྱལ་ཁབ་ཀྱི་ཚབ་བྱས་ནས་གཞུང་གཏུག་བྱེད་པ་དང་། ཁྲིམས་ཁང་གིས་གཞུང་གཏུག་གི་ཉེས་འཛུགས་དང་གྱོད་ཡའི་དག་སེལ་སོགས་ལ་ཉན་ཏེ། དཔང་རྟགས་སོགས་ལ་བརྟག་དཔྱད་བྱས་རྗེས་གྱོད་ཡ་ཉེས་ཅན་ཡིན་མིན་གྱི་ཁྲིམས་ཐག་གཅོད་པའི་བརྒྱུད་རིམ་དེ་ལ་ཁྲིམས་བཤེར་གྱི་བརྒྱུད་རིམ་ཟེར། སྲིད་པ་ཁྲིམས་ཀྱི་འཁོར་ལོ་ནང་དུ་བརྒྱུད་རིམ་འདི་གསུམ་པོ་འཁོར་ལོ་གསུམ་པ་དང་བཞི་བ་བཅས་ཀྱི་ནང་དུ་རི་མོ་དང་ཡིག་ཐོག་ནས་གསལ་བཤད་བྱས་ཡོད།ཉེན་རྟོག་པས་སྤྱི་བདེ་ལས་ཁུངས་མཚོན་པ།གཞུང་ཞབས་ཀྱིས་ཞིབ་དཔྱོད་ལས་ཁུངས་མཚོན་པ་དང་ཁྲིམས་དཔོན་གྱིས་ཁྲིམས་ཁང་མཚོན།
[caption id=”attachment_901” align=”aligncenter” width=”300”] འཁོར་ལོ་སྔོན་པོ།[/caption]
འཁོར་ལོ་ལྔ་བ་སྟེ་འཁོར་ལོ་སྔོན་པོ་ནི་ཉེས་དོན་གཏུག་བཤེར་གྱི་སྐབས་སུ་ཉེས་དོན་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་ལ་ཁྲིམས་ཀྱིས་གཏན་ཏུ་འཁེལ་བའི་ཐོབ་ཐང་བཅུ་གཉིས་ཡིན། ཐོབ་ཐང་འདི་དག་གི་ནང་དུ་གལ་ཆེ་བའི་ཐོབ་ཐང་ཁག་ནི་དཔེར་ན་སྐད་ཡིག་གི་ཐོབ་ཐང་ལྟ་བུ་ཡིན།གལ་སྲིད་ཉེས་ཅན་དོགས་གཞི་མི་སྣའམ་གྱོད་ཡ་ཞིག་གི་རྒྱའི་སྐད་ཡིག་གི་ཆུ་ཚད་ཞན་པོ་ཡིན་ཚེ། ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོ་ལ་སྐད་བསྒྱུར་ཞིག་མཁོ་སྤྲོད་བྱེད་དགོས་བ་དང་། བོད་རིགས་རང་སྐྱོང་གི་ས་ཁུལ་ཡིན་ན་ཁྲིམས་འཛིན་མི་སྣས་བོད་སྐད་ཡིག་བེད་སྤྱོད་བྱས་ནས་ཁྲིམས་བཤེར་སོགས་བྱེད་དགོས། སྐད་བསྒྱུར་གྱི་ཐོབ་ཐང་དེ་གལ་ཆེན་པོ་ཡིན། དེ་ནས་དག་སེལ་གྱི་ཐོབ་ཐང་ཡང་གལ་ཆེན་པོ་ཡིན། དག་སེལ་ཞེས་བ་ནི་གཞན་ཕྱོགས་ཀྱི་ཉེས་འཛུགས་ལ་དགག་པ་བརྒྱབ་ནས་སོ་སོར་དག་འབུད་བྱེད་པ་ཞིག་ལ་གོ དེ་ནི་ཉེས་དོན་གཏུག་བཤེར་ཁྲོད་ཀྱི་ཐོབ་ཐང་གལ་ཆེན་ཡིན། སོ་སོས་དག་སེལ་བྱེད་པའམ་ཡང་ན་ནང་མིའམ་ཁྲིམས་རྩོད་པ་གླ་ནས་དག་སེལ་བྱེད་དུ་འཇུག་པའི་ཐོབ་ཐང་ཡོད། བཟུང་བཀྱིག་བཀག་ཉར་བྱས་བའི་མི་ལ་མཚོན་ན་གཏའ་གྲོལ་དང་བསྡོད་གནས་བལྟ་རྟོག་ཞུས་ནས་བཀག་ཉར་ཁང་དུ་འདུག་མ་དགོས་བར་སོ་སོའི་ཁྱིམ་དུ་ཁྲིམས་བཤེར་ལ་སྒུག་པའི་ཆོག་མཆན་ཞུ་བའི་ཐོབ་ཐང་ཡོད། ཁྲིམས་ཁང་གི་བཅད་ཁྲ་སོགས་ལ་མོས་མཐུན་མེད་པའམ། སོ་སོར་དཔག་པའི་ཐོབ་ཐང་ལ་རྡོག་རོལ་བཏང་བའི་བཅད་ཁྲ་ལ་དུས་ཡུན་མ་བརྒལ་བར་གོང་གཏུག་བྱེད་པའི་ཐོབ་ཐང་ཡང་ཡོད། དེ་ནས་ཁྲིམས་འཛིན་དང་སྤྱི་བདེ་ལས་ཁུངས་སོགས་ཀྱིས་མནར་གཅོད་བཏང་བ་ཡིན་ན། དེ་དག་གི་གོང་རིམ་ལས་ཁུངས་སམ་ཞིབ་དཔྱོད་ལས་ཁུངས་ལ་སྙན་ཞུ་བྲིས་ནས་སུན་འབྱིན་བྱེད་པའི་ཐོབ་ཐང་ཡོད། རྒྱལ་ཁབ་ནས་གུན་ཚབ་ལེན་པའི་ཐོབ་ཐང་ནི་གང་ཟག་ཅིག་ལ་ཁྲིམས་འཛིན་ལས་ཁུངས་ཀྱིས་མ་ཉེས་ཁ་གཡོགས་བྱས་ཏེ་བཀག་ཉར་དང་འཛིན་བཟུང་སོགས་བྱས་ཏེ་དཔལ་འབྱོར་གྱི་གྱོང་རག་པ་ཡིན་ན། གང་ཟག་དེས་རྒྱལ་ཁབ་ནས་གུན་ཚབ་ལེན་པའི་ཐོབ་ཐང་ཡོད། གལ་སྲིད་ཁྲིམས་འཛིན་གྱི་ལས་བྱེད་མི་སྣ་གྱོད་གཞི་ལ་ཁེ་ཕན་གྱི་འབྲེལ་ཐོགས་ཡོད་ན། ཉེས་ཅན་དོགས་གཞི་མི་སྣ་དང་གྱོད་ཡ་སོགས་ཀྱིས་གཏུག་བཤེར་དྲང་བདེན་ཡོང་ཆེད་མི་སྣ་དེ་དག་གཏུག་བཤེར་གྱི་ཁྲོད་དུ་ཞུགས་མི་ཆོག་པའི་ཟུར་གཡོལ་ཞུ་བའི་ཐོབ་ཐང་ཡོད། ཐོབ་ཐང་རེ་རེ་འཁོར་ལོ་ནང་དུ་བཀོད་ཡོད་པ་ལྟར་ཤེས་བར་མཛོད།
འཁོར་ལོ་དྲུག་པ་སྟེ་འཁོར་ལོ་སེར་བོ་ནང་དུ་གལ་སྲིད་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་ཁག་ཐེག་མི་བྱེད་པའམ་རྡོག་རོལ་བཏང་བ་ཡིན་ན། དེ་དག་ལ་གདོང་ལེན་ཇི་ལྟར་བྱེད་དགོས་བའི་ཐབས་ལམ་སོགས་བསྟན་ཡོད། དེ་མིན་མནར་གཅོད་ཚ་འདྲི་བྱས་ནས་ལོན་པའི་དཔང་རྟགས་སོགས་ནུས་མེད་དུ་གཏོང་ཐབས་ཡང་བསྟན་ཡོད།
[caption id=”attachment_791” align=”aligncenter” width=”300”] འཁོར་ལོ་སེར་པོ།[/caption]
དེ་ནས་འཁོར་ལོའི་ཟུར་གྱི་རེའུ་མིག་གི་ནང་དུ་ཁྲིམས་འཛིན་ལས་ཁུངས་ཀྱི་བརྕད་གཅོད་དང་ཞིབ་བཤེར།ཁྲིམས་བཤེར་བཅས་ཀྱི་དུས་ཡུན་བྲིས་ཡོད། ཁྲིམས་འཛིན་ལས་ཁུངས་ཀྱིས་དམིགས་བསལ་གྱི་རྒྱུ་མཚན་དང་ཆོག་མཆན་མེད་པར་དུས་ཡུན་དེ་དག་ལས་བརྒལ་ན་ཁྲིམས་དང་མི་མཐུན་པས་ཚང་མས་དུས་ཡུན་དེ་དག་ལ་དོ་སྣང་བྱོས།
མདོར་ན་སྲིད་པ་ཁྲིམས་ཀྱི་འཁོར་ལོ་འདི་ལ་བརྟན་ནས་རྒྱ་ནག་གི་ཉེས་ཁྲིམས་གཏུག་བཤེར་གྱི་ཁྲིམས་ལ་གོ་བ་སྤྱི་ཁོག་ཙམ་ལོན་ན། དེས་སོ་སོར་ཐོབ་ཐང་ཅི་ཞིག་ཡོད་པ་དང་ཇི་ལྟར་སྲུང་སྐྱོབ་དང་བཀོལ་སྤྱོད་བྱེད་དགོས་བ་སོགས་ཤེས་ཐུབ་ལ། རྒྱ་ནག་གི་ཁྲིམས་འཛིན་ལས་ཁུངས་ཀྱི་ལས་ཀ་ལས་སྟངས་ལའང་ངེས་ཤེས་གང་འཚམ་ཞིག་རྙེད་ནས་རང་གི་གཉེན་ཉེ་དུ་སོགས་ཀྱི་ཁྲིམས་མཐུན་གྱི་ཐོབ་ཐང་སྲུང་སྐྱོབ་ལ་རོགས་རམ་གང་འཚམ་ཞིག་བྱེད་ཐུབ།