རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ན་དེ་ལ་ངེས་བར་དུ་ཆད་པ་ཞིག་ཡོད་དགོས། ངན་པ་ཐེར་འདོན་དང་བཟང་བོར་གཏང་རག་བྱིན་ན་ད་གཟོད་སྤྱི་ཚོགས་ཤིག་ཡར་རྒྱས་སུ་འགྲོ་ཐུབ། དེའི་རྒྱུ་མཚན་གྱིས་རྒྱལ་ཁབ་ཀྱིས་བྱ་སྤྱོད་ངན་པ་ཆེ་ཆུང་གང་ཡིན་རུང་དེ་ལ་དཔག་པའི་ཆད་པ་ཁྲིམས་ཀྱིས་གཏན་ཏུ་འཁེལ་བ་རེད། དཔེར་ན་འབར་ཞུན་ཆུང་རུང་དེ་ལ་ཚོད་མ་བཟུང་ན། ནགས་ཚུལ་ཡོངས་རྫོགས་དེས་མེ་ལ་བསྒྲོན་ནུས།
ཉེ་ཆར་ཆའོ་སན་ཏེ་ཟེར་བའི་བུད་མེད་ཅིག་གིས་བཤད་པའི་སྐད་ཆ་དེ་ཡིས་ང་ཚོ་བོད་རིགས་ཡོངས་ཀྱི་སེམས་གནོད་ཡོད་པ་མ་ཟད། བོད་མི་རིགས་ཡོངས་ཀྱི་ཆེ་མཐོང་ལའང་ཤན་ཤུགས་ངན་པ་ཐེབས་ཡོད། བུད་མེད་དེ་ལ་མདོ་དབུས་ཁམས་གསུམ་གྱི་བོད་མི་གཞོན་སྐྱེས་མང་བོས་ངོ་རྒོལ་བྱེད་པའི་སྐབས་སུ། ཡང་མི་མངོན་པའི་དྲ་དབྱིངས་ན་གནས་བའི་བོད་མི་ལ་ལས་ཁོ་མོར་ཁག་མེད་རབས་དང་ཆད་པ་གཅོད་མི་འོས་ལུགས་ལབ་སོང་། བོད་གསེར་རྟ་བླ་རུང་སྒེར་གྱི་མཁན་པོ་བསོད་དར་རྒྱས་ལགས་ཀྱིས་ཀྱང་འདི་འདྲའི་དུས་ངན་ཞིག་ལ་བོད་མི་རྣམས་ཀྱིས་རྒྱ་མོ་འདི་བཏང་སྙོམས་ལ་འཇོག་དགོས་བའི་འབོད་སྐུལ་གནང་གིན་འདུག མཁན་པོས་མཁན་ཆེན་འཇིགས་མེད་ཕུན་ཚོགས་ཀྱི་ཞལ་གདམས་༼རང་ཚུགས་མ་ཤོར་༽ཞེས་བ་དེའང་བརྗེད་སོང་བ་འདྲ།
རྒྱལ་ཁབ་ཀྱི་ཁྲིམས་ལྟར་ན་དེ་ནི་ནོར་འཁྲུལ་གྱི་ལྟ་བ་རེད། གང་ཡིན་ཞེ་ན་ཁོ་མོ་དང་མཛེས་བརྙན་གྱི་བྱ་སྤྱོད་ནི་རྩ་ཁྲིམས་ཀྱི་དོན་ཚན་༤་བ་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ཀྱི་དོན་ཚན་༩་བ་དང་འགལ་བས་རྩ་ཁྲིམས་དང་འགལ་ཞིང་། ཉེས་ཁྲིམས་ཀྱི་དོན་ཚན་༢༤༩་དང་༢༥༠་དང་འགལ་བས་ཉེས་ཁྲིམས་དང་འགལ་བ། བདེ་འཇགས་དོ་དམ་དང་ཆད་གཅོད་སྐོར་གྱི་ཁྲིམས་ཀྱི་དོན་ཚན་༤༧་དང་འགལ་བས་སྤྱི་ཚོགས་བདེ་འཇགས་དོ་དམ་དང་འགལ་ཡོད་པའི་བྱ་སྤྱོད་ཅིག་ཡིན་ཕྱིན། འདི་འདྲའི་འགལ་བ་གསུམ་འཛོམས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཅིག་བཏང་སྙོམས་ལ་བཞག་ན་རྒྱ་ནག་རྒྱལ་ཁབ་འདི་ཁྲིམས་ཀྱིས་ཇི་ལྟར་སྐྱོང་། ༼གོང་ནས་ལུང་དྲངས་བའི་ཁྲིམས་ཡིག་རེ་རེ་གཤམ་དུ་བོད་རྒྱ་ཤན་སྦྱར་བྱས་ཡོད་པས་དེ་ནས་གཟིགས་རོགས།༽
ང་ཚོ་བོད་རིགས་མང་ཚོགས་རྣམས་ཀྱིས་སྲིད་གཞུང་དང་རྒྱ་རིགས་ལ་དྲ་ཐོག་ནས་མི་དགའ་བའི་སྐད་ཆ་ཅུང་ཙམ་བཤད་པའམ་བརྙན་འཕྲིན་ཅུང་ཟད་བསྟན་ན། སྲིད་གཞུང་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ལམ་སང་ཁོང་ཚོར་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བདེ་འཇགས་ལ་གནོད་པའི་ཞྭ་མོ་གཡོགས་ཏེ་དུས་ཡུན་ངེས་མེད་ཀྱི་བཙོན་འཇུག་གི་ཆད་པ་གཅོད་པ་དང་། དྲ་ཚིགས་དེའང་ལོ་དང་ཟླ་བ་བརྒྱུད་ནས་སྒོ་རྒྱག་གིན་རེད། དཔེར་ན་ཞོགས་ལྗང་དང་བཀྲ་ཤིས་དབང་ཕྱུག་ལྟ་བུ། བོད་མིའི་ངོ་ཚབ་མཚོན་ནུས་བ་ཞིག་གིས་གནམ་གྲུ་ཐང་ནས་གོམས་པ་རེ་གཉིས་སྤོས་ནོར་བ་ཡིན་ན། སྤྱི་བདེ་ལས་ཁུངས་ཀྱིས་མི་དེ་ལ་སྤྱི་ཚོགས་བདེ་འཇགས་དོ་དམ་སྐོར་གྱི་ཁྲིམས་དང་འགལ་སོང་ཟེར་ནས་ཡང་འཕྲལ་མ་ཉིད་དུ་ཉིན་༡༥ཡི་སྲིད་འཛིན་བཀག་ཉར་གྱི་ཆད་པ་གཅོད་གིན་རེད། དཔེར་ན་པདྨ་ཚེ་ཏན་ལྟ་བུ། དགོན་པ་ཞིག་ལ་གྲྭ་བ་ཇོ་མོ་མང་ཙམ་བྱུང་ན་འཛུགས་བསྐྲུན་བདེ་འཇགས་ལ་གནོད་སོང་ཟེར་ནས་བཙན་དྲག་གིས་གྲྭ་ཤག་གཏོར་ཞིང་ཇོ་མོ་བདའ། དཔེར་ན་བླ་རུང་སྒེར་ལྟ་བུའོ།
འདི་དང་འདི་ལྟ་བུའི་གནས་ཚུལ་ཤིན་ཏུ་མང་བོ་བདོ་བཞིན་པའི་དུས་འདིར། རྒྱ་དང་རྒྱ་མོ་ཚོས་ཉི་མ་རྟག་པར་རྒྱལ་ཁབ་ལ་ཁ་གཏོང་བ་དང་མི་རིགས་ལ་མཐོང་ཆུང་བྱེད་པའི་འཆལ་གཏམ་ཞོར་ལས་བཞིན་ཏུ་བཤད་གིན་བསྡད་ན། སྲིད་གཞུང་གིས་ཁོང་ཚོར་ཅི་ཡི་ཕྱིར་ཏུ་ཁྲིམས་ཀྱི་འགན་འཁུར་བདའ་འདེད་མ་བྱས་བ་རེད་ཅེ་ན། དེ་ནི་ང་ཚོས་ད་རག་བར་ཏུ་གནས་ཚུལ་འདི་རིགས་མ་གོ་ཁུལ་བྱས་ནས་ཁ་རོག་ལ་འདུག་རྒྱུ་མང་དྲག་པའི་རྒྱུ་མཚན་རེད། ད་ལྟ་ང་ཚོའི་གཞོན་ནུ་རྣམས་ང་བརྒྱད་དང་རིག་གསར་ལ་སོགས་པ་ལོ་རྒྱུས་ཀྱི་འཇིགས་སྐྲག་དང་ཞེད་སྣང་གི་གྲིབ་མ་ནས་བུད་ཏེ། རྒན་རབས་རྣམས་ཀྱིས་བཤད་མི་ཕོད་པའི་སྐད་ཆ་བཤད་ནས་ནག་ཉེས་ཁྲིམས་ལྟར་ཐེར་འདོན་དང་སུན་འབྱིན་བྱས་ཅིང་། རང་རིགས་ཀྱི་ཆེ་མཐོང་ཡ་ཐོད་ཀྱི་མིག་ལྟར་སྲུང་སྐྱོབ་བྱས་ན། དེ་ནི་ནོར་འཁྲུལ་གྱི་བྱ་སྤྱོད་ཅིག་ཅི་ལ་ཡིན། མི་རིགས་གཞན་གྱིས་བརྙས་བཅོས་དང་བསུན་བཙར་ལ་ང་ཚོས་ནམ་ནམ་ཞར་ཞར་བཟོད་པ་སྒོམ་ནས་བསྡད་ན་མི་རིགས་འདིའི་དབང་རྩ་ཉམས་རྒྱུ་རེད། ཇི་སྐད་དུ། གནས་མ་ཡིན་པའི་དུལ་དྲགས་ན། ཐམས་ཅད་ཀྱིས་ནི་བརྙས་བར་འགྱུར། ཤིང་བལ་སྟན་དུ་བྱེད་མོད་ཀྱི། ཡལ་ག་སུ་ཞིག་སྟན་དུ་འདིངས་ཞེས་བའི་ལེགས་བཤད་དེའང་བརྗེད་མི་ཉན།
༡༩༩༢ལོར་ཟི་ཁྲོན་ཞིང་ཆེན་གྱི་དཔར་བསྐྲུན་ཁང་ཞིག་གིས་ཁ་ཆེའི་ཆོས་ལུགས་ཀྱི་ཆེ་མཐོང་ལ་གནོད་པའི་རི་མོ་ཞིག་དཔར་བསྐྲུན་བྱས་བས། ཟི་ལིང་ལ་སོགས་པའི་ཁ་ཆེ་བས་ཕྱོགས་ཡོངས་ནས་སྲོག་དང་བསྡོས་ཏེ་ངོ་རྒོལ་མཐར་ཐུག་བྱས་སྟབས། དཔར་བསྐྲུན་ཁང་གི་འགན་འཛིན་གསུམ་ལ་ལོ་ལྔ་ནས་ལོ་གཉིས་བར་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད། ཁྲིམས་བཅད་དེ་ཡི་ཆེད་དུ་རྒྱ་ནག་གི་ཁ་ཆེ་བ་མང་བོ་ཞིག་གི་ཚེ་སྲོག་ཤོར་རུང་། དོན་རྐྱེན་དེའི་རྗེས་སུ་སྲིད་གཞུང་གིས་ཁ་ཆེའི་ཆོས་ལུགས་དང་འབྲེལ་བའི་གསར་ལམ་དང་དཔར་བསྐྲུན་ལ་སྟངས་འཛིན་བླ་ལྷག་བྱས་ཏེ་དེ་འདྲའི་དོན་རྐྱེན་མི་འབྱུང་བར་རྩལ་སྤྲུགས་ནས་དམ་དྲག་བྱེད་གིན་ཡོད། ཡིན་ནའང་ང་ཚོའི་ནང་ཆོས་ཀྱི་ཆེ་མཐོང་ལ་སྲིད་གཞུང་དེ་འདྲའི་རྒྱབ་སྐྱོར་དང་སྲུང་སྐྱོབ་ཤུགས་ཆེན་པོ་བྱེད་གིན་མེད་པ་ནི་ང་ཚོས་བཟོད་པ་བསྒོམས་རྒྱུ་མང་སོང་བ་རེད། རྒྱ་རིགས་ཡུལ་སྐོར་བས་སྟོན་པའི་སྣང་བརྙན་གོས་སུ་གྱོན་པ་དང་སྟོན་པའི་འཇིམ་སྐུ་རྟ་ལྟར་ཞོན་པའི་སྣང་ཚུལ་དེ་དག་ལ་ང་ཚོས་ཁ་གཏད་ཅི་ཞིག་བཅག་ཡོད།
ངས་བལྟས་ན་ཆའོ་སན་ཏེ་ཡི་ཉེས་དོན་འགན་ཁུར་ལ་ཧྲང་ཧེའི་འབྲེལ་ཡོད་སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་བདའ་འདེད་བྱས་ཏེ། རྗེས་སུ་དེ་འདྲའི་བྱ་སྤྱོད་མི་སྤེལ་བར་ཁག་ཐེག་བྱེད་པའམ་སྤེལ་མི་ཐུབ་པ་ཞིག་ཏུ་བཟོ་དགོས། སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁོ་མོའི་ཉེས་སྤྱོད་དང་ཁོ་མོའི་རྒྱབ་ལོག་ན་གང་ཟག་དང་ཚོགས་པ་གཞན་གྱིས་སྐུལ་སློང་བྱས་ཡོད་མེད་ལ་རྩད་གཅོད་དང་ཁྲིམས་བཤེར་བྱས་ནས། ནག་ཉེས་ཀྱི་ཡང་ལྗིད་ལ་དཔག་ཏེ་ཁྲིམས་ཐག་གཅོད་དགོས། དེ་ལྟར་མི་ནུས་ན་མ་མཐའ་ཡང་སྤྱི་བདེ་ལས་ཁུངས་ཀྱིས་༼སྤྱི་ཚོགས་བདེ་འཇགས་དོ་དམ་དང་ཆད་གཅོད་སྐོར་གྱི་ཁྲིམས་༽ཀྱི་དོན་ཚན་༤༧་གྱི་གཏན་འཁེལ་ལྟར། ཁོ་མོར་སྒོར་མོ་སྟོང་གི་ཆད་པ་དང་སྲིད་འཛིན་བཀག་ཉར་ཉིན་༡༥་ལ་བྱས་ན། ད་གཟོད་ཕྱིས་སུ་འདི་འདྲའི་དོན་རྐྱེན་མུ་མཐུད་ནས་འབྱུང་བའི་མཚམས་གཅོད་ཐུབ། ཁྲིམས་འགལ་གྱི་བྱ་སྤྱོད་ཐམས་ཅད་རྒྱ་ཡན་ལ་མི་འཇོག་པར་གདོང་ལེན་བྱེད་པའི་ཁྲིམས་སྐྱོང་གི་དམིགས་ཡུལ་དེའང་མངོན་གྱུར་བྱེད་ཐུབ། དེ་ལྟར་མ་ཡིན་པར་མཛེས་བརྙན་གྱི་གསལ་སྒྲག་ཙམ་དང་དྲ་སྒོ་བརྒྱབ་པ་ཙམ་གྱིས་གོ་ཅི་ཡང་ཆོད་གིན་མ་རེད།
ཉེས་ཁྲིམས་ཀྱི་དོན་ཚན་༢༥༠་ཡི་གཏན་འཁེལ་ལྟར་ན། ཆའོ་སན་ཏེའི་བརྙན་ཐུང་སྤེལ་ཡུལ་ཏེ་མཛེས་བརྙན་༼美拍༽ཞེས་བའི་ཚོང་ལས་དང་དེའི་འགན་འཛིན་ལའང་ནོར་འཁྲུལ་ཡོད་པས་། སྤྱི་བདེ་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་མཛེས་བརྙན་གྱི་ཐད་ཀའི་འགན་འཛིན་ལ་ཉེས་ཁྲིམས་ཀྱི་འགན་ཁག་བདའ་འདེད་བྱེད་དུ་འཇུག་དགོས། དོན་རྐྱེན་འདི་ལ་འགན་ཁུར་མཁན་མཛེས་བརྙན་ཡང་ཡིན་དགོས་བས། ང་ཚོས་མདུང་རྩེ་རྒྱ་མོ་དེ་ཁོ་ནར་མི་གཏོད་པར་མཛེས་བརྙན་ལའང་ཁ་གཏད་བཅག་ན་མ་གཏོགས། མཛེས་བརྙན་གྱིས་གསལ་སྒྲག་ཙམ་སྤེལ་ནས་རང་གི་འགན་ཁག་གཙང་བཟོ་བྱེད་གིན་རེད།
ང་ཚོས་གདོང་ལེན་ཤུགས་དྲག་དང་རྒྱུན་རིང་མ་བྱས་ན། ང་ཚོས་སྐད་ཅོར་བརྒྱབ་པ་ཙམ་ལས་འབྲས་བུ་ཅི་ཡང་མི་འབྱུང། ཕྱིས་སུ་འདི་འདྲའི་དོན་ངན་འབྱུང་བ་ལ་སྔོན་འགོག་དེ་བས་ཀྱང་བྱེད་མི་ཐུབ། དེས་ང་ཚོ་མི་རིགས་འདིའི་ཆེ་མཐོང་ལ་གནོད་པ་རྒྱ་མོ་འདི་ལས་ཀྱང་ཚབས་ཆེ་བ་ཞིག་བཟོ་གིན་རེད།
གཤམ་གྱི་ཁ་པར་བརྒྱུད་ནས་ཁྱེད་ཀྱི་ངོ་རྒོལ་དང་། རྒྱ་མོ་དང་མཛེས་བརྙན་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་བའི་རེ་འདུན་ཤོད།
༠༢༡ ༥༥༠༥༦༦༦༦
021-55056666
འབྲེལ་ཡོད་ཀྱི་ཁྲིམས་ཡིག་ཁག
༡༼ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས།༽
རྩ་ཁྲིམས་ཀྱི་དོན་ཚན་༤་བའི་ཚན་པ་དང་བོ་༼ཀྲུང་ཧྭ་མི་དམངས་ཀྱི་མི་རིགས་ཚང་མ་འདྲ་མཉམ་ཡིན། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཁེ་ཕན་ལ་ཁག་ཐེག་བྱེད་རྒྱུ་ཡིན། རིགས་སོ་སོའི་མི་རིགས་དབར་གྱིའདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་བཅས་ཀྱི་་འབྲེལ་བ་ལ་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ། མི་རིགས་གང་ལའང་ཁྱད་གསོད་དང་གཉའ་གནོན་གྱི་བྱ་སྤྱོད་གཏན་འགོག་བྱེད་རྒྱུ་ཡིན། མི་རིགས་མཐུན་སྒྲིལ་དང་མི་རིགས་ཁ་བྲལ་གྱི་བྱ་སྤྱོད་གཏན་འགོག་བྱེད་རྒྱུ་ཡིན།༽
中华人民共和国宪法
第四条 中华人民共和国各民族一律平等。国家保障各少数民族的合法的权利和利益,维护和发展各民族的平等、团结、互助关系。禁止对任何民族的歧视和压迫,禁止破坏民族团结和制造民族分裂的行为。
༢༼མི་རིགས་ས་གནས་རང་སྐྱོང་གི་ཁྲིམས།༽ མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ལུགས་ཀྱི་དོན་ཚན་༩་བ་ནི་༼གོང་རིམ་གྱི་རྒྱལ་ཁབ་དབང་འཛིན་ལས་ཁུངས་དང་མི་རིགས་ས་གནས་རང་སྐྱོང་གི་དབང་འཛིན་ལས་ཁུངས་ཀྱིས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ཁེ་ཕན་ལ་ཁག་ཐེག་བྱེད་རྒྱུ་ཡིན། རིགས་སོ་སོའི་མི་རིགས་དབར་གྱི་འདྲ་མཉམ་དང་མཐུན་སྒྲིལ། ཕན་ཚུན་རོགས་རམ་བཅས་ཀྱི་འབྲེལ་བ་ལ་སྲུང་སྐྱོབ་དང་དར་སྤེལ་བྱེད་རྒྱུ། མི་རིགས་གང་ལའང་ཁྱད་གསོད་དང་གཉའ་གནོན་གྱི་བྱ་སྤྱོད་གཏན་འགོག་བྱེད་རྒྱུ་ཡིན། མི་རིགས་མཐུན་སྒྲིལ་དང་མི་རིགས་ཁ་བྲལ་གྱི་བྱ་སྤྱོད་གཏན་འགོག་བྱེད་རྒྱུ་ཡིན།༽
民族区域自治法
第九条 上级国家机关和民族自治地方的自治机关维护和发展各民族的平等、团结、互助的社会主义民族关系。禁止对任何民族的歧视和压迫,禁止破坏民族团结和制造民族分裂的行为。
༣ ༼ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེས་ཁྲིམས།༽
ཉེས་ཁྲིམས་ཀྱི་དོན་ཙན་༢༤༩་ནི་༼མི་རིགས་བར་ལ་སྡང་ཟུག་སློང་བ་དང་། མི་རིགས་ལ་ཁྱད་གསོད་དང་མཐོང་ཆུང་བྱས་ཏེ་གནས་ཚུལ་ཚབས་ཆེན་བཟོས་ན་ལོ་གསུམ་མན་གྱི་དུས་ཅན་བཙོན་འཇུག་དང་། བཀག་བཙོན། གྲོལ་བཙོན་དང་ཆབ་སྲིད་ཐོབ་ཐང་འཕྲོག་ལེན་བཅས་ཀྱི་ཆད་པ་གཅོད་རྒྱུ་ཡི། གནས་ཚུལ་ཤིན་ཏུ་ཚབས་ཆེན་ཡིན་ན་ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་ཆད་པ་གཅོད་རྒྱུ་ཡིན།༽
ཉེས་ཁྲིམས་ཀྱི་དོན་ཙན་༢༥༠་ནི་༼གྲངས་ཉུང་མི་རིགས་ལ་ཁྱད་གསོད་དང་བརྙས་དམོད་ཀྱི་བརྗོད་བྱ་ཅན་དཔར་བསྐྲུན་བྱས་ཏེ་གནས་ཚུལ་ཚབས་ཆེ་ཞིང་མཇུག་འབྲས་ཤིན་ཏུ་མི་ལེགས་པ་བཟོས་ན། ཐད་ཀར་འགན་ཁག་ཡོད་པའི་མི་སྣར་ལོ་གསུམ་མན་གྱི་དུས་ཅན་བཙོན་འཇུག་དང་། བཀག་བཙོན་དང་ཡང་ན་གྲོལ་བཙོན་གྱི་ཆད་པ་བཅད་ཆོག༽
《中华人民共和国刑法》
第二百四十九条 【煽动民族仇恨、民族歧视罪】煽动民族仇恨、民族歧视,情节严重的,处三年以下有期徒刑、拘役、管制或者剥夺政治权利;情节特别严重的,处三年以上十年以下有期徒刑。
第二百五十条 【出版歧视、侮辱少数民族作品罪】在出版物中刊载歧视、侮辱少数民族的内容,情节恶劣,造成严重后果的,对直接责任人员,处三年以下有期徒刑、拘役或者管制。
༤ ༼བདེ་འཇགས་དོ་དམ་དང་ཆད་གཅོད་སྐོར་གྱི་ཁྲིམས།༽
བདེ་འཇགས་དོ་དམ་དང་ཆད་གཅོད་སྐོར་གྱི་ཁྲིམས་ཀྱི་དོན་ཚན་༤༧་པ། ༼མི་རིགས་བར་ལ་སྡང་ཟུག་སློང་བ་དང་། མི་རིགས་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་པ། ཡང་ན་མི་རིགས་བར་ལ་སྡང་ཟུག་སློང་བ་དང་། མི་རིགས་ལ་ཁྱད་གསོད་དང་མཐོང་ཆུང་བྱེད་པའི་ནང་དོན་ཅན་གྱི་རྒྱུ་ཆ་དཔེ་བསྐྲུན་བྱེད་པ་དང་། ཡང་ན་གློག་ཀླད་དང་དྲ་རྒྱ་བརྒྱུད་ནས་ཁྱབ་སྤེལ་བྱས་ན། བྱེད་མཁན་ལ་ཉིན་༡༠་ཡི་ཡན་དང་ཉིན་༡༥་མན་གྱི་སྲིད་འཛིན་བཀག་གཉར་བྱེད་རྒྱུ་ཡིན་པ་དང་། ཟུར་དུ་སྒོར་སྟོང་གཅིག་མན་གྱི་ཆད་པའང་བཅད་ན་ཆོག༽
《中华人民共和国治安管理处罚法》
第四十七条 煽动民族仇恨、民族歧视,或者在出版物、计算机信息网络中刊载民族歧视、侮辱内容的,处十日以上十五日以下拘留,可以并处一千元以下罚款。