རྩྭ་ས་དང་ཞིང་སའི་བདག་དབང་ཤོར་སྲིད་པའི་ཁྱིམ་ཐོ་བཅོས་བསྒྱུར་གྱི་སྲིད་ཇུས།

 

--- ཁྱིམ་ཐོ་བཅོས་བསྒྱུར་གྱིས་རྩྭ་ས་དང་ཞིང་སའི་འགན་གཙང་ལེན་གྱི་བདག་དབང་ལ་གནོད་ངེས།

[caption id=”attachment_944” align=”alignleft” width=”196”]%e0%bd%81%e0%be%b1%e0%bd%b2%e0%bd%98%e0%bc%8b%e0%bd%90%e0%bd%bc%e0%bc%8b%e0%bc%a1%e0%bc%a2 ཁྱིམ་ཐོ།[/caption]

ཁྱིམ་ཐོ་༼户口༽བཅོས་བསྒྱུར་གྱི་ལམ་ལུགས་དང་བོད་ཀྱི་རོང་འབྲོག་པའི་རྩྭ་ས་དང་ཞིང་སའི་འགན་གཙང་ལེན་གྱི་གན་གྱའི་༼农村土地承包合同བར་ན་འབྲེལ་བ་ཅི་ཞིག་ཡོད་པ་དང་། ས་གནས་སྲིད་གཞུང་གི་ལས་བྱེད་པས་བཙན་ཤེད་ཀྱིས་འབྲོག་པའི་ཁྱིམ་ཐོ་བསྡུད་ལེན་བྱས་ཏེ་གྲོང་ཁྱེར་ཁྱིམ་ཐོ་ལ་བསྒྱུར་བ་དེ་ཁྲིམས་མཐུན་ཡིན་མིན་དང་། དེར་འབྲོག་པའི་རྩྭ་སའི་བདག་དབང་ལ་ཁེ་ཉེན་ཡོད་མེད་ཀྱི་སྐོར་ལ་ཉེ་ཆར་མཚོ་སྔོན་འབྲོག་ཁུལ་གྱི་གྲོགས་པོ་ཞིག་གིས་སེམས་ཚུབ་ངང་སྐད་ཆ་ཞིག་དྲིས་བྱུང་། ཁོ་བོས་ཀྱང་གནས་ཚུལ་དེ་ལ་སྔ་སོར་ནས་དོ་སྣང་བྱས་བས། རྒྱ་ཆེའི་འབྲོག་པ་མང་ཚོགས་ཀྱི་སེམས་ཁུར་ལ་རྒྱུ་མཚན་ཡོད་པར་མཐོང་།

ཁྱིམ་ཐོ་ཞེས་བ་ནི་ཁྱིམ་ཚང་ཞིག་དང་དེའི་མི་གྲངས་ཀྱི་ཐོ་ཡིག་བཀོད་ཡོད་ཅིང་། སྤྱི་བདེ་ལས་ཁུངས་ཀྱིས་བཟོ་བསྐྲུན་བྱས་བའི་ཁྱིམ་མིའི་གནས་ཚུལ་སོགས་ནང་དུ་འདུས་བའི་ཁྲིམས་ལུགས་ཀྱི་ལག་དེབ་ཅིག་ལ་ཟེར། དེ་ལ་དབྱེ་ན་ཞིང་ལས་ཀྱི་ཁྱིམ་ཐོ་དང་ཞིང་ལས་མ་ཡིན་པའི་ཁྱིམ་ཐོ་གཉིས་འདུག རྒྱ་ཆེ་བའི་འབྲོག་པ་མང་ཚོགས་རྣམས་ཀྱི་ཁྱིམ་ཐོ་ནི་ཞིང་ལས་ཁྱིམ་ཐོ་ཡིན། རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་ཡིག་ཆའི་ནང་གི་ཞིང་ལས་ཞེས་བ་ཐ་སྙད་དེའི་ནང་དུ་ཕྱུགས་ལས་ཀྱི་ནང་དོན་འདུས། དེ་བཞིན་དུ་ཞིང་བ་ཞེས་བའི་ཐ་སྙད་ཀྱི་ནང་དུ་འབྲོག་པའང་འདུས་བས། གཤམ་གྱི་ཁྲིམས་དང་ཡིག་ཆ་ནང་གི་ཞིང་བ་དང་ཞིང་ལས་ནང་འབྲོག་པ་དང་འབྲོག་ལས་འདུས་བ་ཤེས་བར་འཚལ།

༢༠༡༤ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༼ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་བསམ་འཆར།༽ཞེས་བའི་ཡིག་ཆ་ཞིག་སྤེལ་ནས་ཞིང་ལས་དང་ཞིང་ལས་མ་ཡིན་པའི་ཁྱིམ་ཐོ་དབྱེ་བའི་སྲོལ་དེ་མཚམས་བཞག་ཏེ། ཁྱིམ་ཐོ་ཚང་མ་རྗེས་སུ་གཅིག་གྱུར་གྱིས་གྲོང་མིའི་ཁྱིམ་ཐོ་ཞེས་བྱ་བར་བསྒྱུར་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བས། བོད་ལྗོངས་དང་པེ་ཅིན་གྲོང་ཁྱེར་མ་གཏོགས་རྒྱལ་ཁབ་ཀྱི་ཞིང་ཆེན་ཡོངས་ནས་དེ་ཕྱོགས་ཀྱི་ལས་དོན་ཚ་ཚ་འུར་འུར་སྔ་སོར་ནས་བསྐྱངས་ཏེ། མང་ཚོགས་ཀྱི་འདོད་མོས་ལ་མ་ལྟོས་བར་འབྲོག་པ་དང་ཞིང་བའི་ཁྱིམ་ཐོ་ཐམས་ཅད་གྲོང་མིའི་ཁྱིམ་ཐོ་ལ་བསྒྱུར་གིན་འདུག ལྷག་པར་དུ་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་ཁྲིམས་དང་སྲིད་ཇུས་ཀྱི་གོ་བརྡ་དཔྱིས་ཕྱིན་པ་ཞིག་མ་སྤྲད་ཅིང་། མཚོ་སྔོན་ཞིང་ཆེན་གྱི་གནས་བབ་ལ་མ་ལྟོས་བར་ཅུ་ཅི་ཧྥུན་ཙི་༼积极分子༽བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ཐོ་ཧོལ་རྒྱུགས་ཀྱིས་གྲོང་ཚོའི་ཁྱིམ་ཐོ་ལ་བསྒྱུར་དང་སྒྱུར་བཞིན་གདའ། སྤྱང་གྲུང་འཛོམས་པའི་འབྲོག་པ་དང་ཞིང་བ་དག་གིས་སྲིད་ཇུས་དེའི་རྒྱབ་ལོགས་ན་གནད་དོན་ཞིག་ཡོད་པ་ཚོར་འདུག་མོད་ཅི་ཞིག་ཡིན་པ་མ་ཤེས་བས་བློ་སེམས་མ་བདེ།

[caption id=”attachment_934” align=”alignright” width=”219”]%e0%bd%81%e0%be%b1%e0%bd%b2%e0%bd%98%e0%bc%8b%e0%bd%90%e0%bd%bc%e0%bc%8b%e0%bc%a1 ཁྱིམ་ཐོ་བཅོས་བསྒྱུར་རྙི་ཞིག་ཡིན་ན་ཐང་།[/caption]

༼ཁྱིམ་ཐོ་ལམ་ལུགས་བཅོས་བསྒྱུར་གཏིང་ཟབ་ཏུ་གཏོང་བའི་བསམ་འཆར།༽གྱི་དོན་ཚན་༡༢་ཀྱི་ནང་དུ་ཞིང་ལས་དང་འབྲོག་ལས་ཀྱི་ཞིང་འབྲོག་མང་ཚོགས་གྲོང་ཁྱེར་ལ་གནས་སྤོར་བྱས་བ་ཡིན་ཚེ། མིག་སྔར་གྱི་རྩྭ་ས་ཞིང་སའི་འགན་གཙང་ལེན་བདག་གཉེར་གྱི་གན་གྱ་ལས་ཕུད་དགོས་བ་དང་། ཁང་གཞིས་ཀྱི་ས་ཆ་བེད་སྤྱོད་བྱེད་མི་ཆོག་པ། ཐུན་མོང་མཉམ་སྡེབ་ཚོགས་པ་ནས་ཁེ་ཕན་བགོ་བཤའ་མི་བྱེད་པ་སོགས་ཀྱི་ཆ་རྐྱེན་གསུམ་བཙན་འགེལ་བྱས་ཏེ་འགོག་མི་ཆོག་ཅེས་གཏན་ལ་འཁེལ་ཡོད་མོད། ངས་བལྟོས་ན་གནད་དོན་ནམ་རྙི་འདི་ན་འདུག

གལ་ཏེ་རོང་འབྲོག་པ་ཞིག་གེགས་མེད་པར་གྲོང་ཁྱེར་ཆུང་ཆུང་ཞིག་ཏུ་གནས་བསྡོད་བྱས་ནས། ཞིང་ལས་ཁྱིམ་ཐོ་སྤངས་ཏེ། དེ་གའི་གྲོང་ཚོའི་ཁྱིམ་ཐོ་ལ་བསྒྱུར་བ་ཡིན་ན། གན་གྱའི་དུས་ཡུན་ནང་དུ་ཁོང་གི་རྩྭ་ས་དང་ཞིང་ས་སྲིད་གཞུང་གིས་༼ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་༽་༼农村土地承包法༽ལ་ཁག་བཞག་ནས་ལེན་ཆོག་ཆོག་ཡིན།

༢༠༠༢་ལོར་གཏན་ལ་འཁེལ་བའི་༼ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་༽གྱི་དོན་ཚན་༢༦་ལ་བཟོ་བཅོས་མ་བརྒྱབ་པར། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༢༠༡༤་ལོར་ཞིང་ལས་ཁྱིམ་ཐོ་མེད་པར་བཟོས་བ་དེ་ཁྲིམས་བཟོ་བའི་ཁྲིམས་དང་འགལ་འདུག གང་ཡིན་ཞེས་ན་ཁྲིམས་བཟོ་བའི་ཁྲིམས་༼立法法༽ཀྱི་དོན་ཚན་༧༩་ལྟར་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཚོགས་ཀྱིས་བཟོས་བའི་ཁྲིམས་ལུགས་ལ་བཟོ་བཅོས་བྱེད་པའི་དབང་ཐང་མེད་ལ། ཁྲིམས་ལུགས་དེ་དག་གི་རྩ་དོན་དང་འགལ་ཟླ་ཡིན་པའི་སྲིད་འཛིན་ཁྲིམས་སྲོལ་བཟོ་བའི་དབང་ཐང་ཡང་མེད་ཅེས་གཏན་འཁེལ་བྱས་ཡོད། ངས་བལྟས་ན་ཞིང་ལས་ཁྱིམ་ཐོ་མེད་པར་བཏང་ནས་གྲོང་མིའི་ཁྱིམ་ཐོར་བཟོ་བ་དང་། ཡུལ་ཁམས་གྲོང་ཚོར་གནས་སྤོར་བྱེད་པའི་དམིགས་ཡུལ་གཅིག་ནི། ཐུན་མོང་སྐྱིད་སྡུག་ལ་དབང་བའི་ས་ཞིང་དང་། འབྲོག་པ་སྒེར་ལ་བདག་གཉེར་བྱེད་པར་བགོས་བའི་རྩྭ་ས། རོང་བ་སྒེར་ལ་བདག་གཉེར་བྱེད་པར་བགོས་བའི་ཞིང་ས་བཅས་ཀྱི་བདག་དབང་སྲིད་གཞུང་གིས་ཕྱིས་སུ་ཁྲིམས་ལུགས་བརྒྱུད་མ་དགོས་བར་གཞུང་བཞེས་བྱེད་བདེ་བའི་ཆེད་དུ་ཡིན་པར་སྙམ།

ཁྱིམ་ཐོ་བཅོས་བསྒྱུར་གྱི་འགོ་ནི་༡༩༨༤་ལོར་འགོ་བརྩམས་པ་རེད། གལ་སྲིད་རྒྱལ་ཡོངས་ཁྲིམས་བཟོ་ལས་ཁུངས་ཀྱི་ཞིང་ལས་ཁྱིམ་ཐོ་མེད་པར་གཏོང་གི་ཡིན་པའི་ཆོད་སེམས་ཡོད་ན། ༢༠༠༢་ལོར་༼ཞིང་སྡེའི་ས་ཞིང་འགན་གཙང་ལེན་གྱི་ཁྲིམས།༽ཞེས་བྱ་བ་སྤེལ་དུས། དེའི་དོན་ཚན་༢༦་གི་ནང་དུ་ཞིང་བས་ཞིང་ལས་ཁྱིམ་ཐོ་སྤང་ནས་ཁུལ་འདུས་ཀྱི་གྲོང་ཁྱེར་༼设区的市༽ལ་སྤོར་ན། ཐུན་མོང་སྐྱིད་སྡུག་ཚོགས་པ་སྟེ་ཚོ་བ་དང་སྡེ་བ་ཡིས་ཞིང་བ་དེའི་ས་ཞིང་འགན་གཙང་ལེན་གྱི་གན་གྱ་ནུས་མེད་དུ་བཟོས་ནས། ཞིང་ས་དང་རྩྭ་ས་ཕྱིར་ལེན་བྱས་ཆོག་ཅེས་བའི་དོན་ཚན་གཏན་ལ་དབབ་གིན་མ་རེད། དེ་མིན་༢༠༠༥་ཡི་༼དངོས་ཟོག་བདག་དབང་གི་ཁྲིམས༽་༼物权法༽ཀྱི་རགས་ཟིན་གྱི་དོན་ཚན་༡༣༥་ཡི་ནང་དུའང་གོང་བཀོད་ཀྱི་གཏན་འཁེལ་འདྲ་མཚུངས་བྱེད་དགོས་དོན་མེད་ལ། ༢༠༠༧་གི་ལོར་ཁྲིམས་དེ་རྒྱལ་ཡོངས་མི་དམངས་ཚོགས་ཆེན་གྱིས་དངོས་སུ་གཏན་ལ་འབེབས་དུས། ཞིང་སའི་འགན་གཙང་ལེན་གྱི་ཁྲིམས་ཀྱི་ཞིང་ལས་ཁྱིམ་ཐོ་དང་འབྲེལ་བ་ཡོད་པའི་དོན་ཚན་ལ་རྒྱབ་སྐྱོར་བྱེད་པའི་དོན་ཚན་ཡང་འགོད་དགོས་དོན་མེད། དེའི་དོན་ཚན་༡༣༡་ལ་ལྟོས་ན་ཤེས།

[caption id=”attachment_935” align=”alignleft” width=”163”]%e0%bd%81%e0%be%b1%e0%bd%b2%e0%bd%98%e0%bc%8b%e0%bd%90%e0%bd%bc%e0%bc%8b%e0%bc%a2 ད་ལྟ་འབྲོག་པ་དང་ཞིང་བའི་ཁྱིམ་ཐོ་ལ་ཁེ་ཕན་ཆེན་པོ་ཡོད།[/caption]

ཞིང་ལས་ཁྱིམ་ཐོ་མེད་པར་བཟོ་དགོས་ན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐོག་མར་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་ལ་གོང་བཀོད་ཀྱི་ཁྲིམས་ལུགས་དེ་དག་་ལ་བཟོ་བཅོས་བྱེད་དགོས་བའི་བསམ་འཆར་དང་གྲོས་གཞི་བཏོན་ནས། རྒྱལ་ཡོངས་གྲོས་ཚོགས་ཀྱིས་རྒྱལ་ཁབ་ཀྱི་ཁྲིམས་བཟོ་བའི་ཁྲིམས་ལྟར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་བརྒྱུད་ནས་ཁྲིམས་དེ་དག་གི་ནང་དུ་ཁྱིམ་ཐོ་དབྱེར་མེད་ཀྱི་ཁྲིམས་ལུགས་འགྲེལ་བཤད་དམ་བཟོ་བཅོས་བྱས་བའི་རྗེས་སུ། ད་གཟོད་ཁྱིམ་ཐོ་བཅོས་བསྒྱུར་གྱི་ཁྲིམས་སྲོལ་སོགས་སྤེལ་ན་ཁྲིམས་ལུགས་ཀྱི་འགྲོ་སྟངས་དང་མཐུན་ལ་མི་མང་གི་བློ་སེམས་ཀྱང་བདེ་ཐུབ། དེ་ལྟར་མ་ཡིན་པར་ཁྲིམས་ལུགས་དང་འགལ་ཟླ་ཡོད་པའི་སྲིད་གཞུང་གི་བཀའ་རྒྱ་འཕྲལ་མ་ཉིད་དུ་ལག་བསྟར་བྱས་ན། དེའི་ཤུགས་ན་རོང་འབྲོག་མང་ཚོགས་ཀྱི་རྩྭ་ས་ཞིང་ས་དང་ཁེ་ཕན་ལ་གནོད་ཅིང་སྲིད་གཞུང་ལ་ཕན་པའི་གྲོས་ངན་ཞིག་ལོས་ཡོད་ཅེས་མང་ཚོགས་ནས་དོགས་པ་ཟ་ཆོག་པ་ཞིག་རེད་ལ། ལྷག་པར་དུ་བོད་ཀྱི་ས་ཁུལ་ལྟ་བུར་མཚོན་ན་ཁྲིམས་ལུགས་ཤེས་བྱའི་ཀྱི་རྨིང་གཞི་ནང་ལོགས་ལྟར་དར་མེད་པས། སྲིད་གཞུང་གིས་མང་ཚོགས་ལ་འདིའི་ཐད་ཀྱི་གོ་བརྡ་དང་འགྲེལ་བཤད་ཡང་དག་པ་ཞིག་ཐོག་མ་ཉིད་ནས་མ་བསྐྱོན་པར་དྲག་ཤུལ་གྱི་སྒོ་ནས་ལག་བསྟར་བྱས་ན། མང་ཚོགས་ཀྱིས་ལས་དོན་འདི་ལ་དོགས་པ་ཟ་བ་་དང་ངོ་རྒོལ་བྱེད་པ་ལ་ཁག་འཁྲིས་མེད།

རོང་འབྲོག་མང་ཚོགས་རྣམས་ཀྱིས་ཀྱང་སྲིད་གཞུང་གི་ཟེར་སྒྲོས་དང་ཁག་ཐེག་གཡོ་ཟོལ་ལ་ཡིད་ཆེས་མི་བྱེད་པར། རྒྱལ་ཁབ་ཀྱི་རྩྭ་ས་དང་ཞིང་སའི་འགན་གཙང་ལེན་བདག་གཉེར་སྐོར་གྱི་ཁྲིམས་དང་༼དངོས་ཟོག་བདག་དབང་གི་ཁྲིམས་༽སོགས་ལ་ཡིད་རྟོན་བྱས་ཏེ། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ཆེས་མཐོ་ཁྲིམས་ཁང་སོགས་ཀྱི་འགྲེལ་བཤད་དང་ཐག་བཅོད་ལ་ངང་སྒུག་བྱེད་དགོས་བ་ལས།། རང་གི་ཐོབ་ཐང་མཚོན་བྱེད་ཀྱི་ཞིང་འབྲོག་ཁྱིམ་ཐོ་དེ་བྲེལ་རྟབ་ཀྱིས་བརྗེ་བོ་མ་བརྒྱག སྤྱིར་རྒྱལ་ནང་གི་གནས་བབ་ལ་ལྟོས་ན་ཁྱིམ་ཐོ་ལམ་ལུགས་ལ་བཟོ་བཅོས་བྱེད་དགོས་བ་བདེན། རབ་ཡིན་ན་ལམ་ལུགས་དེ་མེད་པར་བཟོ་དགོས། ཁྱིམ་ཐོ་ལམ་ལུགས་ཀྱི་དེ་ཉིད་ནི་རྟ་འདོགས་ཀྱི་ཕུར་བུ་ལྟར་མང་ཚོགས་རྣམས་གནས་གཅིག་ཏུ་ཟོག་ལྟར་བཏགས་ནས་འགྲོ་སྐྱོད་བྱེད་དུ་མི་འཇུག་པ་དེ་ཡིན། ལོ་ངོ་སྟོང་ཕྲག་སུམ་ལྷག་གི་ཡ་ཐོག་ནས་རྒྱ་ནག་ལ་དར་བའི་བྲན་གཡོག་དབང་བསྒྱུར་གྱི་ཆོས་ཉིད་ལྡན་པའི་་ཁྱིམ་ཐོ་ལམ་ལུགས་འདི་ལོ་རྒྱུས་ཀྱི་གད་སྙིགས་ནང་དུ་གཡུག་རན་རེད་མོད། ཞིང་ལས་ཁྱིམ་ཐོ་གད་སྙིགས་ནང་གཡུག་དུས་སོ་སོའི་རྩྭ་ས་དང་ཞིང་སའི་ཐོབ་ཐང་དང་བདག་དབང་སོགས་མཉམ་དུ་མི་གཡུག་པ་དེ་གལ་ཆེ།

[caption id=”attachment_940” align=”alignright” width=”120”]%e0%bd%81%e0%be%b1%e0%bd%b2%e0%bd%98%e0%bc%8b%e0%bd%90%e0%bd%bc%e0%bc%8b%e0%bc%a1%e0%bc%a0 རྩྭ་ས་དང་ཞིང་སའི་འགན་གཙང་ལེན་ཚོང་གཉེར་གྱི་བདག་དབང་ཡི་གེ[/caption]

མདོར་ན། ཉེ་བའི་ཆར་ཏེ། ད་ལོའི་ཟླ་༡༠་བའི་ཚེས་༣༠་ཉིན། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁབ་ཁང་གིས་ལྷན་ཏུ་ཁྱབ་སྤེལ་བྱས་བའི་ཡིག་ཆ་༼ཞིང་སྡེའི་ས་ཞིང་གི་བདག་དབང་དང་། འགན་གཙང་ལེན་གྱི་དབང་ཆ་དང་ཚོང་གཉེར་བཅས་ཀྱི་དབང་ཆའི་འཐུས་ཚང་རྣམ་འབྱེད་ཀྱི་ཐབས་ཤེས་སྐོར་གྱི་བསམ་ཚུལ།༽༼《关于完善农村土地所有权承包权经营权分置办法的意见》༽ཞེས་བ་ཡིག་ཆ་དེའི་རྩ་བའི་རྩ་དོན་གྱི་དོན་ཚན་ནང་དུ། ༼ཞིང་བའི་རེ་འདུན་ལ་བརྩི་བཀུར་བྱེད་དགོས། ཞིང་བའི་གོ་གནས་གཙོ་བོར་བཞག་ནས་ཞིང་བའི་ཁྲིམས་མཐུན་གྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས་ཤིང་། ཞིང་བར་གདམ་གསེས་ཀྱི་དབང་ཆ་སྤྲོད་དགོས། ཞིང་བའི་རང་འདོད་དང་གསར་གཏོད་ཀྱི་རང་བཞིན་ལ་སྲིད་འཛིན་་བཀག་འགོག་མི་བྱེད་པར། རེམ་འདེགས་ཀྱི་ནུས་བ་འདོན་དགོས་བ་ལས། བཙན་ཤེད་ཀྱིས་སྲིད་འཛིན་བཀའ་རྒྱ་གཏོང་བ་དང་། མཐའ་གཅིག་ཕྱོགས་ལྷུང་གི་ལས་ཀ་ལས་སྟངས་བྱེད་མི་ཆོག་༽ཅེས་གཏན་ལ་དབབ་ཡོད་པ་ལྟར། རྒྱ་ཆེ་རོང་འབྲོག་མང་ཚོགས་ནས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་སྲིད་ཇུས་ལ་གོ་བ་དཔྱིས་ཕྱིན་པ་ལོན་པའི་རྗེས་སུ་སྤངས་བླང་གི་ཐག་རང་གི་འདོད་མོས་ལྟར་གཅོད་དུ་འཇུག་དགོས་བ་ལས། སྲིད་གཞུང་གིས་མང་ཚོགས་ཀྱི་འདོད་མོས་ལ་མ་བསྟུན་པར་བཙན་ཤེད་ཀྱིས་ཁྱིམ་ཐོ་བསྒྱུར་བ་དང་མང་ཚོགས་ཀྱི་ལག་ནས་ས་ཞིང་བཙན་འཕྲོག་བྱེད་པ་བཅས་ནི་ས་ཞིང་གན་གྱའི་ཁྲིམས་དང་དངོས་ཟོག་གི་ཁྲིམས་ལ་འགལ་ཡོད་པ་མ་ཟད། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གོང་གི་ཡིག་ཆའི་རྩ་དོན་དང་སྲིད་ཇུས་དང་ཡང་འགལ་ཡོད་པས། རོང་འབྲོག་མང་ཚོགས་ཚང་མས་སྤོབས་པ་རྒྱ་ཆེར་བསྐྱེད་ནས་ས་གནས་སྲིད་གཞུང་གི་ནོར་འཁྲུལ་གྱི་ལས་ཀ་ལས་སྟངས་ལ་སུན་འབྱིན་བྱེད་དགོས།

༼ཕྱིས་སུ་མུ་མཐུད་ནས་ཡུལ་ཁམས་གྲོང་ཚོའི་སྐོར་ལ་དབྱེ་ཞིབ་ཞིག་བྱེད་གིན་ཡིན་པས་དོ་སྣང་གནང་རོགས།༽