བགྲེས་སོང་འདིའི་མཚན་ལ་མང་ཧོར་ཏཱ་ལའི་༼孟和达赖༽ཟེར། ཁོང་ནི་ནང་སོག་མཁར་སྔོན་པོ་གྲོང་ཁྱེར་༼呼和浩特市༽་གྱི་རྫས་འགྱུར་བཟོ་གྲྭ་ཞིག་ནས་བགྲེས་ཡོལ་བྱས་པའི་ལས་བྱེད་ཅིག་རེད། ཁོང་གིས་བྲིས་པའི་ཞུ་མཆིད་འདིའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་གྱི་དཀའ་ཚེགས་དང་གནད་དོན་མང་པོ་ཞིག་བསྟན་འདུག།
[caption id=”attachment_1037” align=”alignleft” width=”182”] ཐོབ་ཐང་རྒྱང་འབོད།[/caption]
འདི་ནི་སོག་པོ་བགྲེས་ཡོལ་ཞིག་དགུན་གྲང་ངར་གྱིས་ནང་ལ་དེད། ལྟོགས་མུ་གེས་ཕྱི་ལ་དེད་ནས་འཚོ་ཐབས་ཀྱིས་གཞན་དབང་དུ་གྱུར་ཏེ། དངུལ་ཁང་གིས་གྲངས་ཉུང་མི་རིགས་ལ་བརྙས་བཅོས་དང་ཁྱད་གསོད་ཀྱིས་ཁྲིམས་འགལ་བྱ་སྤྱོད་ལ་མགོ་སྒུར་དགོས་པའི་གཏམ་རྒྱུད་ཅིག་རེད། འདི་ནི་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་ཁྲིམས་ལུགས་ལག་བསྟར་གྱི་ཚད་ཇི་འདྲ་ཞིག་ལ་སླེབས་ཡོད་པའི་དངོས་བྲིས་ཞིག་ཀྱང་ཡིན།
ང་ཚོའི་བོད་ཀྱི་བགྲེས་སོང་རྣམས་ཀྱིས་ཀྱང་ལྷ་ས་དང་རེབ་གོང་། ཆབ་ཆ་དང་དར་རྩེ་མདོའི་སྲང་ལམ་གྱི་དངུལ་ཁང་སོགས་སུ་བོད་ཡིག་བཀོལ་སྤྱོད་བྱས་པ་ཙམ་གྱིས་དེའི་ལས་བྱེད་པས་བརྙས་བཅོས་དང་མཐོང་ཆུང་ཚད་མེད་བྱེད་བཞིན་པའི་སྣང་བརྙན་ཞིག་ངའི་དྲན་པའི་ངོགས་སུ་དབང་མེད་དུ་འཆར།
ང་ཚོར་རྒྱལ་ཁྲིམས་དང་ཡུལ་ཁྲིམས་གང་གི་ཐད་ནས་ཀྱང་བོད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཁྲིམས་ལུགས་ཀྱིས་གཏན་འཁེལ་སྔ་མོ་ནས་བྱས་ཡོད། དེ་བཀོལ་སྤྱོད་བྱེད་མིན་ནི་བལྟས་ཚོད་ཀྱིས་གང་ཟག་སོ་སོའི་ཐོབ་ཐང་ཡིན་མོད། ཐོབ་ཐང་དེ་དག་བཀོལ་སྤྱོད་བྱེད་མིན་གྱིས་བོད་སྐད་ཡིག་གི་མདུན་ལམ་ཐག་གཅོད་བྱེད་བཞིན་ཡོད་ལ། བོད་ཡིག་སློབ་མཁན་རྣམས་ལ་མདུན་ལམ་ཡོད་མེད་ཀྱང་དེ་ལ་ཐུག་ཡོད། ང་ཚོས་ད་ལྟ་ནས་བཟུང་རང་སྐྱོང་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་སོགས་སུ་སྒེར་ངོས་ནས་བོད་ཡིག་བེད་སྤྱོད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། ལས་ཁུངས་དེ་དག་གི་ནང་དུ་བོད་ཡིག་གི་ཞབས་ཞུའི་རྣམ་གྲངས་ཞིག་ཡོད་པར་བྱས་ཚེ། བོད་ཡིག་སྦྱོང་བཞིན་པའི་སློབ་མ་རྣམས་ལ་འབྱུང་འགྱུར་གྱི་དུས་སུ་རྣམ་གྲངས་མི་འདྲ་བའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་པ་མ་ཟད་བོད་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ཁྱབ་རྒྱའང་ཇེ་ཆེར་གཏོང་ཐུབ།
དེའི་ཕྱིར་རྒྱ་ཆེ་བའི་བོད་ཀྱི་ཤེས་ཡོན་པས་མགོ་ཁྲིད་ནས་སྐབས་འཕྲལ་གྱི་མཇུག་འབྲས་ལ་མི་བལྟ་བར། བོད་རང་སྐྱོང་ས་ཁུལ་གྱི་དངུལ་ཁང་དང་ལས་ཁང་གང་རུང་དུ་སོང་སྟེ་འགེང་ཤོག་བོད་ཡིག་གི་སྟེང་ནས་བྲིས་ཏེ་ཁྲིམས་ལུགས་ཀྱི་ཐོབ་ཐང་མངོན་པར་བྱེད་པའི་གོམ་པ་དང་པོ་དེ་སྤོ་དགོས། ད་ལྟ་ཡིན་ན་༢༠༡༢་ལོ་དང་མི་འདྲ་ས་ཞིག་ཡོད་པ་ནི། ༢༠༡༥་ལོར་རྒྱལ་ཁབ་ཀྱིས་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ལ་བཟོ་བཅོས་བྱས་ཏེ། གང་ཟག་གི་སྐད་ཡིག་སོགས་ཀྱི་ཐོབ་ཐང་ལ་སྲིད་གཞུང་དང་གཞུང་འབྲེལ་གྱི་ལས་ཁུངས་ཀྱིས་ཐད་ཀར་གནོད་པ་བྱས་པ་ཡིན་ན། ཁྲིམས་ཁང་ནས་གཏུག་བཤེར་བྱེད་སླ་བ་བཟོས་ཡོད་པས། གཏུག་བཤེར་འདི་རིགས་བརྒྱུད་ནས་རང་ཉིད་ཀྱི་སྐད་ཡིག་གི་ཐོབ་ཐང་སྲུང་སྐྱོབ་བྱས་ཏེ། སྐད་ཡིག་རང་སྐྱོང་གི་བདག་དབང་དང་བཙན་ས་དེ་ཟིན་པར་བྱ་དགོས།
ཞུ་མཆིད་དངོས།
ཁྲིམས་བཅས་ནས་ལག་བསྟར་མི་བྱེད་པའི་ཉེན་ཁ་ནི་ཁྲིམས་མེད་པ་ལས་ཆེ།
མིན་ཧོར་ཏཱ་ལའི།
རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བའི་འབོད་སྐུལ་བྱས་ཏེ། འཐུས་ཚང་བའི་ཁྲིམས་ཀྱི་ལམ་ལུགས་བཙུགས་པ་དེས་རྒྱལ་ཡོངས་མི་དམངས་ལ་དམངས་གཙོ་དང་འདྲ་མཉམ། དྲང་བདེན་བཅས་ཀྱི་རེ་བ་སྦྱིན། ཡིན་ནའང་ཁྲིམས་ཡོད་བཞིན་ཏུ་ལག་བསྟར་མི་བྱེད་པ་དེས་རེ་བ་འདི་དག་སྟོང་ཟད་དུ་བཏང་། ཁྲིམས་ལ་མཐོང་ཆུང་བྱེད་པ་དང་རྡོག་རོལ་བྱེད་པའི་བྱ་སྤྱོད་ནི་ཁྲིམས་མེད་པ་ལས་ཉེན་ཁ་བླ་ལྷག་མཆིས།
ནང་སོག་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སོག་པོ་གཙོ་བྱས་ཞིང་རྒྱ་རིགས་ཀྱི་གྲངས་འབོར་མང་ཆེ་བ་ཡིན་པའི་ཞིང་ཆེན་རིམ་པའི་རང་སྐྱོང་ལྗོངས་ཞིག་ཡིན། རྩ་ཁྲིམས་ཀྱི་དོན་ཚན་༤བའི་ཚན་པ་༤་བའི་ནང་དུ་༼རིགས་སོ་སོའི་མི་རིགས་ལ་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་དང་དར་སྤེལ་གྱི་རང་དབང་ཡོད།༽ཅེས་བ་དང་། དེའི་དོན་ཚན་༡༢༡་གི་ནང་དུ་༼མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་འཛིན་ལས་ཁུངས་ཀྱིས་ལས་འགན་སྒྲུབ་སྐབས། རང་སྐྱོང་ས་གནས་ཀྱི་རང་སྐྱོང་ཁྲིམས་སྲོལ་གྱི་གཏན་འཁེལ་ལྟར། ས་གནས་དེའི་རྒྱུན་སྤྱོད་བྱེད་པའི་སྐད་ཡིག་གཅིག་གམ་དུ་མ་བཀོལ་སྤྱོད་བྱེད་དགོས།༽ཞེས་བའི་གཏན་འཁེལ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༡༠་ཡི་ནང་དུ་༼མི་རིགས་རང་སྐྱོང་ས་གནས་ཀྱི་རང་སྐྱོང་དབང་འཛིན་ལས་ཁུངས་ཀྱིས་ས་གནས་དེའི་མི་རིགས་སོ་སོ་ཡིས་རང་ཉིད་ཀྱི་སྐད་ཡིག་བེད་སྤྱོད་བྱེད་པའི་རང་དབང་ལ་ཁག་ཐེག་བྱེད་དགོས་བ་དང་། མི་རིགས་དེ་དག་ལ་རང་ཉིད་ཀྱི་སྲོལ་རྒྱུན་གོམས་སྲོལ་བསྒྱུར་བཅོས་དང་རྒྱུན་འཁྱོངས་བྱེད་པའི་རང་དབང་ཀྱང་ཡོད།༽བཅས་བའི་ཁྲིམས་ཀྱི་རྩ་དོན་ལྟར། ནང་སོག་རང་སྐྱོང་ལྗོངས་ཀྱིས་༼ནང་སོག་རང་སྐྱོང་ལྗོངས་ཀྱི་སོག་པོའི་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་༽ཅེས་བའི་་ཡུལ་ཁྲིམས་བཟོས། ཁྲིམས་དེའི་དོན་ཚན་༢་པ་ཡི་ནང་ནས་༼སོག་པོའི་སྐད་ཡིག་ནི་རང་སྐྱོང་ལྗོངས་ཀྱི་རྒྱུན་སྤྱོད་སྐད་ཡིག་ཡིན་པ་དང་། རང་སྐྱོང་གི་དབང་ཆ་འཛིན་པའི་ཡོ་བྱད་གལ་ཆེན་ཞིག་ཀྱང་ཡིན། རང་སྐྱོང་ལྗོངས་ཀྱི་དབང་འཛིན་ལས་ཁུངས་རིམ་པས་ལས་དོན་སྒྲུབ་དུས་སོག་པོའི་སྐད་ཡིག་དང་རྒྱའི་སྐད་ཡིག་ཟུང་འབྲེལ་གྱིས་བཀོད་སྤྱོད་བྱེད་དགོས་ལ། སོག་པོའི་སྐད་ཡིག་གཙིགས་ཆེ་བར་འཛིན་དགོས།༽ཞེས་གཏན་ལ་འཁེལ།
[caption id=”attachment_1031” align=”alignright” width=”250”] རྩ་ཁྲིམས་ཀྱི་ཚེ་སྲོག་ནི་ལག་བསྟར་ཡིན་ཟེར།[/caption]
ཁྲིམས་ཡིག་འདི་དག་མངོན་གསལ་དོད་པོ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་རྒྱབ་རྟེན་ཡོད་པས་ཁྲིམས་ཀྱི་ཟིལ་ཤུགས་ཡོད། ཡིན་ནའང་དོན་དངོས་ཀྱི་ལག་བསྟར་ཁྲོད་དུ་དེ་དག་མཆིལ་མ་ལྟར་དོར་འདུག
༢༠༡༡ལོའི་ཟླ་༣པའི་ཚེས་༡༤་ཉིན། ང་ནང་སོག་ཞིང་ལས་དངུལ་ཁང་གི་ཞིན་ཧྭ་ཡན་ལག་ལས་ཁུངས་སུ་གསོག་དངུལ་རྒྱ་སྒོར་ཁྲི་གཅིག་བརྒྱད་སྟོང་ལེན་དུ་སོང་། ངས་དངུལ་ལེན་བྱང་བུ་ཡི་སྟེང་དུ་སོག་ཡིག་གི་མིང་རྟགས་བྲིས་བས། དངུལ་ཁང་གིས་ལས་བྱེད་པས་དེ་ལ་ཁག་བཞག་ནས་ང་ལ་གསོག་དངུལ་མ་སྤྲད་པར་ངའི་གསོག་དངུལ་བཙན་གཉེར་བྱས། རྒྱུ་མཚན་དེའི་དབང་གིས་༢༠༡༡ལོའི་ཟླ་༡༠བའི་ཚེས་༤་ཉིན་དངུལ་ཁང་གིས་ཡང་ང་རང་གི་བགྲེས་ཡོལ་དངུལ་སྒོར་དང་གསོག་དངུལ་ཁྲིམས་འགལ་གྱིས་བཙན་གཉེར་བྱས་ཏེ་མ་སྤྲད། ༢༠༡༢ལོའི་ཟླ་༣་པའི་ཚེས་༩་ཡི་ཉིན། དངུལ་ཁང་གི་རེ་བ་ལྟར་ང་དང་ངའི་བཟའ་ཟླ་གཉིས་དངུལ་ཁང་དེའི་ཡན་ལག་ལས་ཁུངས་ལ་སོང་ནས་༼དམིགས་བསལ་ལས་དོན་གྱི་རེ་ཞུ་ཡི་གེ་༽ཞེས་བའི་རེའུ་མིག་ཅིག་འགེང་སྐབས། ངས་སོག་ཡིག་གིས་རེའུ་མིག་དེ་བསྐངས་བས། ཁོང་ཚོས་བཙན་ཤེད་ཀྱིས་བཀག་འགོག་བྱས་ཏེ་ངའི་གསོག་དངུལ་དང་བགྲེས་ཡོལ་གྱི་རོགས་དངུལ་བཙན་གཉེར་བྱས། མཐར་འཚོ་གནས་ཀྱི་ཆེད་དུ་ངས་ངོ་ཚ་དང་བརྙས་བཅོས་ལ་བཟོད་སྒོམ་བྱས་ཏེ། རེའུ་མིག་རྒྱ་ཡིག་གིས་བྲིས་བས་ད་གཟོད་ང་ལ་དབང་བའི་སྒོར་མོ་ལག་ཏུ་ལོན།
༢༠༡༢ལོའི་ཟླ་༩་བའི་ཚེས་༡༩་ཉིན། ང་རང་ཀྲུང་གོ་མི་དམངས་བདེ་ཐང་འགན་བཅོལ་ཚོང་ཚོགས་ཀྱི་བཀའ་མངགས་ལྟར། ནང་སོག་དངུལ་ཁང་དུ་རྒྱ་སྒོར་བདུན་སྟོང་གསོག་འཇོག་བྱེད་སྐབས། དངུལ་ཁང་གི་ལས་མིས་ངའི་ཚབ་བྱས་ནས་འགེང་ཤོག་བསྐངས་ཤིང་། མིང་རྟགས་འགོད་དུས་ངས་སོག་ཡིག་གིས་མིང་རྟགས་བྲིས་བས། ཁོང་ཚོས་ངའི་རེའུ་མིག་དེ་དང་ལེན་མ་བྱས། ཡང་བསྐྱར་ང་རང་གིས་སོག་ཡིག་བེད་སྤྱོད་ཀྱི་རང་དབང་དང་ཐོབ་ཐང་ལ་གནོད་འཚེ་བྱས་ནས་ང་འགན་བཅོལ་དུ་ཞུགས་པ་ལ་བཀག་འགོག་བྱས།
ནང་སོག་རང་སྐྱོང་ལྗོངས་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལས་ལོ་གཉིས་དང་ཕྱེད་ཀྱི་སྔོན་ཏུ་གསར་འཛུགས་བྱས་བ་རེད། རིག་གནས་གསར་བརྗེའི་སྐབས་སུ། ནང་སོག་དམག་གིས་དབང་བསྒྱུར་བྱེད་པའི་དམག་དཔོན་ཀྲུན་བེ་ཧྲན་༼郑维山༽ཞེས་བ་དེས་༡༩༧༠ལོའི་ཟླ་༢་བའི་ཚེས་༡༦་གི་ཉིན་གྱི་ནང་སོག་ལས་བྱེད་པའི་ཚོགས་འདུ་ཞིག་གི་སྟེང་ནས་འདི་ལྟར་བཤད།༼ང་ཚོ་ནང་སོག་ལ་དབང་བསྒྱུར་བར་ཡོང་བ་ཡིན། ང་ཚོས་ད་ལྟ་རྒྱལ་ཁ་ད་རུང་ལོན་མེད།༽རྒྱ་རིགས་གཙོ་བོ་ཡིན་པའི་རིང་ལུགས་ཀྱི་བསམ་བློ་དང་འདུ་ཤེས་ད་ལྟ་བར་དུ་གཏིང་ཟབ་པར་གནས་ཡོད་པ་དེ་ལས་ཁུངས་དང་ལས་རིགས་སྣ་ཚོགས་ནས་ཕྱིར་མངོན་བཞིན་ཡོད། ནང་སོག་གི་དངུལ་ཁང་གིས་སོག་ཡིག་བེད་སྤྱོད་བྱེད་དུ་མི་འཇུག་པ་དེ་ནི་དཔེ་མཚོན་ཞིག་རེད།
ཞིང་ལས་དངུལ་ཁང་དང་བཟོ་ཚོང་དངུལ་ཁང་གིས་ང་རང་གཅིག་པུའི་སོག་ཡིག་བེད་སྤྱོད་གི་ཐོབ་ཐང་ལ་གནོད་པ་བྱས་ཡོད་པ་མ་ཟད། སོག་པོ་མི་རིགས་ཡོངས་ཀྱིས་སོག་ཡིག་བེད་སྤྱོད་བྱེད་པའི་ཐོབ་ཐང་ལ་གནོད་པ་བྱས་བ་རེད། འདི་ནི་ནང་སོག་མི་རིགས་རང་སྐྱོང་གི་ཆོས་ཉིད་ལ་ངོས་ལེན་མ་བྱས་ཤིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡིན། ང་སྤྱི་དམངས་ཞིག་ཡིན་པའི་ཆ་ནས་དངུལ་ཁང་ལ་དངུལ་གསོག་པ་དང་དངུལ་ཁང་ནས་གསོག་དངུལ་ལེན་པ་ནི་ང་ཡི་ཐོབ་ཐང་ཡིན།
[caption id=”attachment_1035” align=”aligncenter” width=”300”] སྐད་ཡིག་གི་རིན་ཐང་གཞལ་མི་ནུས།[/caption]
དངུལ་ཁང་གིས་དངུལ་ལེན་པ་དང་གསོག་དངུལ་མཁོ་སྤྲོད་བྱེད་པ་ནི་ཁོང་ཚོའི་འོས་འགན་ཡིན། དངུལ་ཁང་གིས་སོག་པོ་མང་ཚོགས་ཀྱི་སོག་ཡིག་བེད་སྤྱོད་བྱེད་པའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་གནོད་འཚེ་བྱས་བ་དང་། བཙན་ཤུགས་ཀྱིས་སོག་པོ་ལ་རྒྱ་ཡིག་བེད་སྤྱོད་བྱེད་དུ་བཅུག་ན་སོག་པོའི་དམངས་དོན་ཁྲོད་ཀྱི་འདྲ་མཉམ་གྱི་ཐོབ་ཐང་དེ་ཉམས་དམས་སུ་འགྲོ་ངེས། ལས་ཀ་ལས་སྟངས་འདིས་ང་རང་གི་བསམ་པ་ལ་གནོད་ཡོད་ལ། དེ་ལས་ཀྱང་ཚབས་ཆེ་བའི་གནད་དོན་ནི་སོག་ཡིག་སྦྱངས་བའི་སོག་པོའི་གཞོན་ནུ་རྣམས་ཀྱིས་ལས་ཀ་འཚོལ་བར་དཀའ་ངལ་བཟོས་བ་དེ་ཡིན། རྒྱུ་རྐྱེན་འདི་ལ་བརྟེན་ནས་ནང་སོག་གི་སོག་པོའི་བྱིས་པས་སོག་ཡིག་སོག་སྐད་སྦྱངས་བའི་མི་གྲངས་ལོ་རེར་ཇེ་ཉུང་དུ་འགྲོ་བཞིན་འདུག
རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལས་ཁུངས་ཀྱི་ཡིག་ཚགས་ལྟར་ན། ༡༩༩༢ལོར་ནང་སོག་གི་བྱིས་པའི་སློབ་ཆུང་ལོ་རིམ་དང་བོའི་སོག་ཡིག་གི་སློབ་དེབ་ཉོས་བའི་གྲངས་ཀ་ནི་༦༨༦༠༠་ཡིན་པ་དང། ༢༠༠༦་གི་ལོར་གྲངས་ཀ་དེ་མར་ཟག་ནས་༢༢༥༠༠་ལྷག་ལ་ཟགས་ཡོད། འདི་ནི་ནོར་འཁྲུལ་དང་ཁྱད་གསོད་རང་བཞིན་ཅན་གྱི་མི་རིགས་སྲིད་བྱུས་དང་། འཚོ་ཐབས་ལ་གཉའ་གནོན་བྱས་ཏེ་ཐབས་ཟད་འུ་ཐུག་ལས་བྱུང་བའི་གནད་དོན་ཞིག་ཡིན། འདི་ནི་གུང་ཁྲན་ཏང་གི་མི་རིགས་ཚང་མའི་རིག་གནས་ལས་དོན་དར་སྤེལ་དང་འབྱོར་ཕྱུག་བྱེད་རྒྱུའི་ཁས་ལེན་དང་རྒྱབ་འགལ་བྱས་བ་རེད།
ཁྲིམས་ལུགས་ཀྱི་ཚེ་སྲོག་ནི་ལག་བསྟར་གྱི་ཁྲོད་དུ་གནས། ཁྲིམས་ཡོད་བཞིན་ཏུ་ལག་བསྟར་མི་བྱེད་ན་ཉེན་ཁ་ཆེ་བ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་བརྩད་མ་བཅད་ན་ཤན་ཤུགས་དེ་བས་ཀྱང་ངན། དུས་རབས་གོང་མའི་ལོ་རབས་ལྔ་བཅུ་ནང་དུ། ནང་སོག་གི་ས་ཆ་ཁ་ཤས་ནས་སོག་གི་ལས་དོན་ལ་དོ་སྣང་ཆེར་མེད་པའི་གནད་དོན་ལ་དམིགས་ནས། ཨོ་ལན་ཧོ་༼乌兰夫༽ཀྲུའུ་ཞུའུ་ཡིས་ས་གནས་ཀྱི་འགོ་ཁྲིད་ལ་སྐྱོན་བརྗོད་བྱས་ཤིང་། ས་གནས་ཀྱི་འགོ་ཁྲིད་བྷོ་ཡུན་དཔའ་རྟུལ་༼宝音巴特༽དང་ཀྲའོ་ཧྲི་ཅོང་༼赵世军༽་སོགས་ཀྱིས་ནང་སོག་ཉིན་རེའི་ཚགས་པར་སྟེང་དུ་དང་བླངས་ཀྱིས་དགོངས་དག་ཞུས་བ་རྐྱེན་བྱས་ཏེ། ལྗོངས་ཡོངས་ནས་སོག་ཡིག་བེད་སྤྱོད་དང་སློབ་སྦྱོང་བྱེད་པ་ལ་དོ་སྣང་ཆེན་པོ་བྱུང་། ནང་སོག་རང་སྐྱོང་ལྗོངས་རྒྱལ་ཡོངས་ཀྱི་མིག་དཔེ་ཅན་གྱི་རང་སྐྱོང་ལྗོངས་ཤིག་ཏུ་གྱུར་བ་དེར་རམ་འདེགས་བྱས་ཡོད།
དུས་རབས་ཕྱེད་ལྷག་ཅིག་འདས་སོང་། ལྷག་ཏུ་རིག་གནས་གསར་བརྗེའི་རྗེས་སུ། ང་ཚོའི་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་ཕུན་སུམ་ཇེ་ཚོགས་སུ་སོང་མེད་པ་མ་ཟད། རྗེས་བསྣུར་དང་རྗེས་ལུས་ཀྱི་རྣམ་པ་ཤར་འདུག ང་རང་ངོས་ནས་ཞིང་ལས་དངུལ་ཁང་གིས་སོག་ཡིག་ལ་ཁྱད་གསོད་དང་གཏན་འགོག་དང་། གྲོང་མིའི་ལག་ཁྱེར་ཐོབ་ཐང་གི་སྟེང་དུ་སོག་ཡིག་མེད་པའི་གནད་དོན་ཐད་མཁར་སྔོན་གྲོང་ཁྱེར་གྱི་འགོ་ཁྲིད་ཅིག་ལ་བསམ་འཆར་བཤད་པས། ངས་སྐད་ཆ་བཤད་མ་ཚར་བར་འགོ་ཁྲིད་དེས་ང་ཁོང་གི་གཞུང་ལས་ཁང་ནས་སྐད་བརྒྱབ་ནས་བདའ་སོང་། ངས་གནས་ཚུལ་འདི་མཁར་སྔོན་གྲོང་ཁྱེར་གྱི་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ལ་ཡར་ཞུ་ཞུས་མོད། འགན་འཛིན་གཞོན་པ་བང་ཟེར་བ་ཞིག་གིས་ང་ལ་༼བྱི་ཕྲུག་ཁྱོད། ནང་སོག་ན་སོག་པོ་ཁྱེད་གཅིག་པུ་མ་གཏོགས་ལྷག་མེད་པ་མ་རེད་༽ཅེས་སྡིག་དམོད་བྱས། འགན་འཛིན་འདི་ལ་ཀུན་སྤྱོད་མེད་པ་མ་ཟད། ཁྲིམས་ལུགས་དང་སྲིད་ཇུས་ཀྱི་ཤེས་ཚད་ཀྱང་གཏན་ནས་མེད་པའི་མཚང་བརྡོལ། འདི་འདྲའི་མི་ཐབས་སྡུག་པོ་ཞིག་ཇི་ལྟར་གུང་ཁྲན་ཏང་གི་རྫོམ་རིམ་པའི་དཔོན་རིགས་ལ་སླེབས་པ་རེད་ཅེས་ང་བློ་ཡུལ་ནས་དྲི་བ་དེ་སེལ་དཀའ་བར་གྱུར།
[caption id=”attachment_1032” align=”alignleft” width=”195”] ལག་བསྟར་མེད་ན་རྩ་ཁྲིམས་ཤོག་རོ་འདྲ།[/caption]
ངས་དེ་སྔོན་ནང་སོག་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་མི་ཚོགས་ཆེན་ལ་བསམ་འཆར་བཤད་མྱོང་། ལོ་ཁ་ཤས་ཕྱིན་སོང་། ཁོང་ཚོས་ང་ལ་ལན་ཞིག་ད་རུང་བྱིན་མེད། ངས་མཁར་སྔོན་གྲོང་ཁྱེར་གྱི་གཞི་རིམ་ཁྲིམས་ཁང་ལ་ཞུ་གཏུག་ཞུས་བ་ཡིན། ཁྲིམས་ཁང་གི་འགན་འཛིན་གའོ་ཟེར་བ་ཞིག་གིས་༼ཁྲིམས་ལུགས་ཀྱིས་སོག་ཡིག་བེད་སྤྱོད་བྱས་ན་ཆོག མ་བྱས་ན་ཡང་ཆོག་ཅེས་གཏན་ལ་འཁེལ་ཡོད་༽ཟེར། དེ་ནས་ངས་མཁར་སྔོན་གྲོང་ཁྱེར་གྱི་འབྲིང་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས། ཁྲིམས་དཔོན་ཐྭན་ཟེར་བ་ཞིག་གིས་༼པེ་ཅིན་གྱི་གཏན་འཁེལ་རེད། ཁྱེད་པེ་ཅིན་ལ་སྐད་ཆ་བཤད་དུ་སོང་༽ཟེར། ངས་ནང་སོག་གི་མཐོ་རིམ་ཁྲིམས་ཁང་ལ་ཞུ་གཏུག་བྱས་བ་ཡིན། ལོའུ་འགན་འཛིན་དང་ཁྲིམས་དཔོན་བཅུ་ལྷག་གིས་ང་སྣེ་ལེན་བྱས་ཏེ་བཤད་རྒྱུར། ༼ཁྱེད་ཀྱིས་བཤད་པ་བདེན་པ་རེད། སོག་པོ་ལ་སོག་ཡིག་བེད་སྤྱོད་བྱེད་པའི་ཐོབ་ཐང་ཡོད་༽ཟེར། ཡིན་ནའང་ང་རང་གི་ཞུ་མཆིད་དེ་ཁོ་ཚོས་དང་ལེན་མ་བྱས། ཡིག་ཐོག་གི་ལན་ཡང་མ་བྱིན། ཁོང་ཚོས་བྱ་སྤྱོད་དེས་སོག་ཡིག་ལ་ཁྱད་གསོད་གཏོང་མཁན་དང་སོག་པོར་གཉའ་གནོན་བྱེད་མཁན་ལ་འགེབས་སྲུང་གི་ནུས་བ་ཐོན་ཡོད། དེས་ང་རང་གིས་རང་རྐྱ་ཐུབ་པའི་གང་ཟག་གི་གཏུག་བཤེར་གྱི་ཐོབ་ཐང་འཕྲོག་ཅིང་། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་ཆེ་མཐོང་ལ་གནོད་ཡོད།
ཁྲིམས་ལུགས་གཏན་འཁེལ་བྱེད་པའི་དམིགས་ཡུལ་ནི་ཅི་ཞིག་ཡིན། ཁྲིམས་ལུགས་ལག་བསྟར་མི་བྱེད་པའམ་ཁྲིམས་འགལ་ལྟར་ལག་བསྟར་བྱས་ན་དེར་ཆད་པ་ཇི་ལྟར་གཅོད། འདི་ནི་སྣང་མེད་དུ་འཇོག་མི་རུང་ཞིང་ངེས་བར་དུ་ཐག་གཅོད་དགོས་བའི་གནད་དོན་ཞིག་ཡིན། ཁྲིམས་ལུགས་རིག་པ་བ་རྣམས་ཀྱི་འདི་ལ་དོ་སྣང་གནང་རོགས།
མང་ཧོར་རྡ་ལེ།
༢༠༡༢ལོའི་ཟླ་༡༢་བའི་ཚེས་༡༢་ལ།
མ་ཡིག་རྒྱ་ཡིག་གི་སྟེང་ནས་བྲིས་ཡོད། གཟིགས་འདོད་ན་དྲ་ཐག་འདི་བརྒྱུད་རོགས། http://trimleng.cn/retired-mongolian-letter-chinese/