འདྲི་མཁན། སྟག་ལྷ་རྒྱལ།
ལན་འདེབས་མཁན། སྒྲོལ་མ་སྐྱབས།
༡ སྤྱིར་བཏང་གི་ཁྲིམས་ཀྱི་གོ་དོན་ནི་ཇི་ཞིག་ཡིན།
ལན། ཁྲིམས་ཟེར་ན་གོ་བ་ལེན་སྟངས་མི་འདྲ་བས་དབང་གིས་དེར་མཚན་ཉིད་འཇོག་སྟངས་ཡང་མི་འདྲ་བ་སྣ་ཚོགས་ཡོང་གི་ཡོད། ཤར་ནུབ་གྱི་རིག་གནས་དང་གནའ་དེང་གི་ལོ་རྒྱུས་ཀྱིས་བསྐལ་བ་ལས་ཁྲིམས་ལ་མཚན་ཉིད་མི་འདྲ་བ་མང་བོ་བཞག་ཡོད་པ་དེ་ནང་གི་ཐུན་མོང་གི་ཁྱད་ཆོས་ཕྱོགས་གཅིག་ཏུ་སྡོམ་ནས་བཤད་ན། ཁྲིམས་ནི་གང་ཟག་གི་སྤྱོད་ལམ་ཚོད་འཛིན་པའི་ཚངས་ཐིགས་ཤིག་ལ་གོ་བ་དང་། ཚངས་ཐིགས་དེ་ཡང་རྒྱལ་ཁབ་ཀྱི་དབང་ཆ་ལ་བརྟེན་ནས་བཟོས་ཤིང་། རྒྱལ་ཁབ་ཀྱི་དབང་དྲག་ཀྱང་ཚངས་ཐིགས་དེའི་རྒྱབ་རྩ་རུ་བསྡད་པ་ཞིག་ཡིན་དགོས། ཁྲིམས་ཀྱི་བརྗོད་བྱ་གཙོ་བོ་ནི་སྤྱི་དམངས་ཀྱི་ཐོབ་ཐང་དང་འོས་འགན་གཙོ་བྱས་ཏེ་བཀོད་ཡོད་པ་དེ་འདྲ་ཞིག་ལ་གོ་དགོས་བར་སྙམ།
[caption id=”” align=”aligncenter” width=”435”] རྩ་ཚིག[/caption]
ཡིན་ནའང་འདི་ནི་མཚན་ཉིད་འཐུས་ཚང་བ་ཞིག་མིན་པར་འདོད། དཔེར་ན་དེ་སྔོན་མི་ཞིག་གིས་མཁས་བ་ཆེན་པོ་ཞིག་ལ་དུས་ཀྱི་མཚན་ཉིད་དྲིས་བས། མཁས་བ་དེས་ཁྱེད་ཀྱིས་དྲི་བ་དེ་མ་བཏོན་པའི་སྔ་རོལ་ཏུ་ཁོ་བོས་དུས་ཀྱི་མཚན་ཉིད་ཤེས་བར་སྙམ་མོད། ཁྱེད་ཀྱིས་དྲིས་བས་རྗེས་སུ་ཁོ་བོས་ཀྱང་དེ་ལན་འདེབས་མི་ཤེས་བར་གྱུར་ཞེས་བ་བཞིན་ཁྲིམས་ལུགས་ལ་མཚན་ཉིད་འཇོག་ཁག་པོ་རེད། མར་ཁེ་སིའི་རིང་ལུགས་འཛིན་པ་ཚོས་ཁྲིམས་ཀྱི་མཐར་ཐུག་གི་ཆོས་ཉིད་ནི་དབང་བསྒྱུར་གྲལ་རིམ་གྱི་མངོན་འདོད་ཡིན་ཟེར་གིན་ཡོད། ད་ལྟ་མང་ཆེ་བ་ཞིག་གིས་ཀྱང་ཁྲིམས་ཀྱི་མཐར་ཐུག་གི་ཆོས་ཉིད་ནི་ཁེ་ཕན་ཡིན་ཞེས་བའི་ལྟ་བ་འཛིན།
༢༽ རྩ་ཁྲིམས་ཟེར་བ་དེ་དང་ནམ་རྒྱུན་བཤད་ཀྱིན་པའི་ཁྲིམས་གཉིས་ཀྱི་ཁྱད་པར།
ལན། སྤྱིར་ཡོངས་གྲགས་ཀྱི་ལྟ་བ་ནང་དུ་རྩ་ཁྲིམས་དང་ནམ་རྒྱུན་བཤད་བཞིན་པའི་ཁྲིམས་ཀྱི་ཁྱད་པར་ནི་སྤྱི་དང་བྱེ་བྲག་གི་ཁྱད་པར་ཞིག་ལ་གོ་བ་ལེན་གིན་ཡོད། ངས་བལྟས་ན་དེ་ནི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད་སྙམ། གང་ཡིན་ཞེ་ན། རྩ་ཁྲིམས་རིག་པའི་གཞུང་ལུགས་ཀྱི་ལྟ་གྲུབ་མཐར་ཐུག་ནི་ཁྲིམས་ཐམས་ཅད་ཀྱི་རྣམ་ཤེས་ནི་རྩ་ཁྲིམས་ཡིན་པ་དེ་རེད་། ལུས་དང་རྣམ་ཤེས་ལྟ་བུའི་ཁྱད་པར་དང་འབྲེལ་བ་ཞིག་ཡོད་པ་ལས་སྤྱི་དང་བྱེ་བྲག་གི་ཁྱད་པར་མིན་པར་འདོད། རྩ་ཁྲིམས་ཀྱི་སྲོག་མ་ཞུགས་པའི་ཁྲིམས་ནི་རྣམ་ཤེས་མེད་པའི་བེམ་པོ་དང་མཚུངས། སྟོན་པ་བཅོམ་ལྡན་འདས་ཀྱིས་ཞིང་རྨོ་བ་ཐམས་ཅད་ཀྱི་ནང་དུ་སྟོན་གྱི་ལོག་མཆོག རྗེས་ཐམས་ཅད་ཀྱི་ནང་དུ་བ་ལང་གི་རྗེས་མཆོག འདུ་ཤེས་ཐམས་ཅད་ཀྱི་ནང་དུ་འཆི་བ་མི་རྟག་པའི་འདུ་ཤེས་མཆོག འདི་དག་གིས་ཁམས་གསུམ་གྱི་འདོད་པ་དང་མ་རིག་པ་དང་ང་རྒྱལ་སེལ་ལོ་ཞེས་གསུངས་ཡོད་པ་བཞིན་དུ། ངས་འདི་ནས་ཁྲིམས་ཐམས་ཅད་ཀྱི་ནང་དུ་རྩ་ཁྲིམས་མཆོག་ཡིན། འདིས་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁག་ཐེག་བྱེད་ཐུབ་བོ་ཞེས་བཤད་ན་མི་ཆོག་རྒྱུ་མེད་པར་བསམ། རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཆེ་མ་ཆུང་གསུམ་གྱི་ནང་དུ་ཡང་དག་པའི་རྩ་ཁྲིམས་ཀྱི་སྲོག་གི་དབང་བོ་ཞུགས་ཡོད་ན། དེས་སྤྱི་དམངས་ཀྱི་རྩ་བའི་ཐོབ་ཐང་ཏེ་རྒྱལ་ཁབ་ཀྱིས་ཁས་བླངས་ཤིང་ཁག་ཐེག་བྱ་དགོས་བའི་ཐོབ་ཐང་རྣམས་མངོན་གྱུར་བྱ་ཐུབ་པའི་རྒྱུ་མཚན་གྱིས་ངས་འདི་ལྟར་བཤད་པ་ཡིན། དེ་སྟབས་ཀྱིས་རྩ་ཁྲིམས་ནི་སྲོག་གི་དབང་བོ་དང་ཁྲིམས་ལུགས་ནི་བེམ་པོ་ཡིན། དེའི་སྐོར་ངས་རྒྱས་རྗེས་སུ་ཪྩ་ཁྲིམས་ཀྱི་དགེ་མཚན་དང་ཁྱད་ཆོས། ཕྱག་རྒྱ་བཅས་བཤད་དུས་གསལ་བོར་བཤད།
༣༽ རྒྱ་ནག་གི་ཁྲིམས་ལུགས་རིག་གནས་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། རྒྱ་ནག་ལ་ལོ་ངོ་སུམ་སྟོང་ལྷག་གི་ཁྲིམས་ལུགས་ཀྱི་ལོ་རྒྱུས་ཡོད། ཡིན་ནའང་རྒྱ་ནག་གི་དབང་འཛིན་པ་དང་ཆབ་འབངས་ཀྱིས་ཁྲིམས་ལུགས་ལ་ཡིད་རྟོན་དང་བློ་རྟོན་མི་བྱེད། དེ་ལས་རྒྱ་ནག་གི་གནའ་བོའི་ལི་༼礼教༽ཡི་ཆོས་ལུགས་དང་ཀུན་སྤྱོད་གཙིགས་སུ་བཟུང་ནས་དབང་བསྒྱུར་བྱེད། རྒྱལ་བོས་བཟོས་བའི་ཁྲིམས་དེ་ཡང་ཤིན་ཏུ་གདུག་རྩིབ་ཆེ་ཞིང་སྙིང་རྗེ་མེད་པ་ཞིག་ཡིན། ཆད་པ་ལྔ་ལྟ་བུ་ནི་ཤིན་ཏུ་ཡ་ང་བའི་ཆད་པ་རྐྱང་རྐྱང་ཡིན། དེ་ནས་དམངས་ཁྲིམས་དང་ཉེས་ཁྲིམས་ལས་ཉེས་ཁྲིམས་གཙིགས་ཆེ་བར་འཛིན་ཞིང་། ཆབ་འབངས་ལ་བར་མེད་དུ་ཆད་པ་ལྗིད་མོ་གཅོད་པ་དང་།དྲང་བདེན་གྱི་ཁྲིམས་ར་མེད་ལ། སྲིད་གཞུང་གི་གཞུང་ཞབས་ཡ་མོན་དང་དཔོན་རིགས་ཁག་གིས་ཁྲིམས་དཔོན་དང་བརྩད་གཅོད་བཅས་ཀྱི་འགན་ཁུར་ནས་དོ་བདག་ལ་དབང་ཆ་ཆེར་མེད་པ། སྲིད་གཞུང་ལ་ཚད་ལས་འདས་བའི་དབང་ཆ་ཡོད་པ་དང་། མང་ཚོགས་ལ་སྲིད་གཞུང་དང་ཐོ་འཚམ་པའི་དབང་ཆ་རྩ་བ་ཉིད་ནས་མེད། གལ་སྲིད་མང་ཚོགས་ཀྱི་སྲིད་དབང་དང་འགལ་བའི་བྱ་སྤྱོད་སྤེལ་ཚེ་ཁྲིམས་ཐག་ཚ་ནན་གཅོད་པ་ནི་སྲོལ་རྒྱུན་ཡིན།
༤༽ རྩ་ཁྲིམས་ཀྱི་བྱེད་ལས་དང་ཕན་ཡོན། གོ་གནས། ཁྱད་ཆོས།
ལན། གོང་ནས་ངས་བཤད་པ་བཞིན་རྩ་ཁྲིམས་ཀྱི་བྱེད་ནུས་ནི་ཁྲིམས་ཐམས་ཅད་ཀྱི་རྣམ་ཤེས་ལྟ་བུ་ཡིན་ཞེས་བཤད་ཡོད་དེ་ནི་དོན་དམ་གྱི་ལྟ་བ་ཡི་སྟངས་ནས་བཤད་པ་ཡིན། དེས་ན་རྩ་ཁྲིམས་ཟེར་དུས་དེ་ནི་ཁྲིམས་གཞུང་ངམ་ཁྲིམས་ཡིག་དོན་ཚན་བརྒྱ་ལྷག་བྲིས་ཡོད་པའི་ཤོག་ལྷེབ་ཅིག་ལ་གོ་བ་འཛིན་མི་རུང་། ནུབ་ཕྱོགས་པའི་རྩ་ཁྲིམས་ཀྱི་གནས་ལུགས་གཤའ་མ་དེར་བལྟས་ན། རྩ་ཁྲིམས་ཀྱི་ཀུན་རྫོབ་ཀྱི་ཁྱད་ཆོས་ནི་རྒྱལ་ཁབ་ཀྱི་སྲིད་དབང་ལ་ཚད་བཟུང་ཞིང་། དབང་ཆ་བགོ་བཤའ་བྱས་ཏེ་དབང་འཛིན་བར་གྱི་འབྲེལ་བ་དོ་སྙོམས་ནས་སྤྱི་དམངས་ཀྱི་ཆབ་སྲིད་དང་དཔལ་འབྱོར་བཅས་ཀྱི་ཁེ་དབང་ཁག་ཐེག་དང་སྲུང་སྐྱོབ་བྱེད་པ་དེ་ཡིན། མདོ་དེད་ན་འགྲོ་བ་མིའི་ཐོབ་ཐང་ཇི་ལྟར་སྲུང་སྐྱོབ་བྱེད་པ་དེ་ལ་ཐུག་་ཡོད། ཪྩ་ཁྲིམས་རིག་པ་འདི་དར་ས་ནུབ་ཕྱོགས་ཡུ་རོབ་ཡིན། གནའ་བོ་གི་རེ་སི་རིང་ལ། རྩ་ཁྲིམས་ཀྱི་ལྟ་གྲུབ་ཙམ་བྱུང་ཡོད། དེ་ནས་ཧོར་པོ་སུ་༼Thomas Hobbes༽霍布斯དང་། ཇོང་ལ་ཁེ།༼John Locke༽洛克 རོབ་སོད་༼Jean-Jacques Rousseau༽卢梭དང་མོམ་ཐུ་སུ་ཁོ་༼Montesquieu ༽孟徳斯鸠ལ་སོགས་པས་གཞུང་ལུགས་དེ་དག་འཐུས་ཚང་དུ་བྱས་ཏེ། དབྱིན་ཇིའི་རྩ་འཛིན་ཆེན་མོ་དང་། རྨད་བྱུང་གསར་བརྗེ། དེ་ནས་ཨ་རི་དང་ཧྥ་རན་སིའི་གསར་བརྗེ་ལས་ལག་ལེན་བྱས་ནས་བྱུང་བ་ཞིག་རེད། ངས་རྩ་ཁྲིམས་ལ་ཕྱག་རྒྱ་བཞི་རུ་ཕྱེ། དེ་ནི་སྲིད་དབང་ཐམས་ཅད་དམངས་ལ་དབང་བ་དང་། གང་ཟག་ཐམས་ཅད་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁས་ལེན་དང་ཁག་ཐེག་བྱེད་པ། རྒྱལ་ཁབ་ཁྲིམས་ལྟར་སྐྱོང་བ་དང་། རྒྱལ་ཁབ་ཀྱི་དབང་ཆ་དོ་སྙོམས་པར་ཐབས་མཁས་ཀྱི་བཀོད་པ་ཡོད་པའི་སྲིད་དབང་བགོ་བཤའ་ཡི་ཕྱག་རྒྱ་བཅས་སོ། ནང་ཆོས་དང་མུ་སྟེགས་པའི་སོ་མཚམས་ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་ཡིས་ཕྱེ་བ་ཇི་བཞིན། བཙན་དབང་དང་རྩ་ཁྲིམས་ཀྱི་ས་མཚམས་ཀྱང་རྩ་ཁྲིམས་ཀྱི་ཕྱག་རྒྱ་བཞི་ཡིས་འབྱེད། ཕྱག་རྒྱ་དང་བོ་ནང་ནས་རྒྱལ་ཁབ་དེའི་བདག་དབང་མི་དམངས་ཀྱི་ལག་ཏུ་ཡོད་དགོས་བ་དེ་ཡིན། བདག་དབང་དེ་ཡིག་ཐོག་ནས་ཡོད་ཅེས་སྨྲ་བ་ཙམ་གྱིས་མི་ཆོག་པར། མི་དམངས་ཀྱི་ངོ་བོ་མཚོན་ནུས་བའི་ཚོགས་པ་བརྒྱུད་ནས་རྒྱལ་ཁབ་ཀྱི་དབང་ཆ་མིང་དོན་མཚུངས་བའི་སྒོ་ནས་མི་དམངས་ཀྱི་ལག་ཏུ་བཟུང་ཡོད་པ་དེ་མཚོན་ཐུབ་དགོས། མི་དམངས་ཀྱིས་སྲིད་འཛིན་ཚོགས་པ་སྤྱུགས་ནུས་པ་ནི་དཔེ་མཚོན་གལ་ཆེན་ཞིག་ཡིན། མི་མང་གིས་སྲིད་འཛིན་ཚོགས་པ་ཞིག་ཀྱང་སྤྱུགས་པའི་ནུས་པ་དེ་མེད་ན་རྒྱལ་ཁབ་ཀྱི་སྲིད་དབང་དེ་མི་དམངས་ཀྱི་ལག་ན་མེད་པའི་རྟགས་རེད། ཕྱག་རྒྱ་གཉིས་བ་ནི་འགྲོ་བ་མིའི་ཐོབ་ཐང་གི་ཕྱག་རྒྱ་ཡིན། རྩ་ཁྲིམས་ཀྱི་ཡང་སྙིང་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཁག་ཐེག་ཇི་ལྟར་བྱེད་པ་དེ་ཡིན་དགོས།
[caption id=”” align=”alignright” width=”190”] ཁྲིམས་ཀྱི་འདུ་ཤེས་མཆོག[/caption]
འགྲོ་བ་མིའི་ཐོབ་ཐང་ལ་མི་རབས་གསུམ་གྱི་མཚན་ཉིད་དང་ངོ་བོ་ཡི་བཤད་སྟངས་ཞིག་ཡོད། གདོད་མའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་ནི་སྲིད་གཞུང་གིས་སྤྱི་དམངས་ཀྱི་ནམ་རྒྱུན་གྱི་འཚོ་བ་ལ་ཐེ་གཏོགས་ཉུང་བར་བྱེད་པ་དེ་ཡིན། དེ་ནས་བཟོ་ལས་མ་རྩ་རིང་ལུགས་ཆེས་ཆེར་དར་བས། སྤྱི་ཚོགས་ཁག་ཐེག་དང་མུག་སྐྱོབས་རོགས་སྐྱོབས། སྤྱི་ཚོགས་དང་དཔལ་འབྱོར་གྱི་འགྲོ་བ་མིའི་ཐོབ་ཐང་ཁྱབ་བརྡལ་དུ་གྱུར་། དེ་ནས་འཛམ་གླིང་དམག་ཆེན་གཉིས་བའི་རྗེས་སུ་མི་རིགས་རང་ཐག་རང་གཅོད་གཙོ་བྱས་བའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་དེ་དར་ཞིང་དེ་ལ་མི་རབས་གསུམ་པའི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་གྲུབ་བཤད་གིན་ཡོད། ད་ལྟ་སྣོད་བཅུད་འཁོར་ཡུག་གི་འགྲོ་བ་མིའི་ཐོབ་ཐང་གི་ལྟ་བ་ཞིག་ཀྱང་དར་བཞིན་ཡོད། གང་ཟག་ཅིག་གི་འཚོ་ཚིས་ལ་སྲིད་གཞུང་གིས་བར་མེད་ཀྱི་ཐེ་གཏོགས་མི་བྱེད་པར་རྩ་ཁྲིམས་ལྟར་མཐུན་སྦྱོར་བྱེད་པ་ནི་འགྲོ་བ་མིའི་ཐོབ་ཐང་ཡིན། དེ་ནས་ཁྲིམས་སྐྱོང་གི་ཕྱག་རྒྱ་བཤད་ན། རྒྱལ་ཁབ་ཅིག་ཁྲིམས་ལྟར་སྐྱོང་གིན་ཡོད་མེད་དེ་ཡང་རྒྱལ་ཁབ་དེའི་དབང་འཛིན་པའི་འབོད་ཚིག་ཙམ་གྱི་མི་ཆོག ཡོངས་གྲགས་ཀྱི་ཁྲིམས་སྐྱོང་ལ་ཚངས་ཐིགས་བརྒྱད་ལྷག་ཅིག་ཡོད། དེ་ནང་ནས་ཀྱང་ཁྲིམས་འཛིན་རང་རྐྱ་ཐུབ་པ་ཡོང་དགོས་བ་ནི་གལ་ཆེན་ཡིན། ཁྲིམས་དཔོན་ནམ་དྲང་མཁན་དང་གཟུ་བ་དག་གིས་ཁ་མཆུ་ཐག་གཅོད་དུས་གཞན་གྱི་ཐེ་གཏོགས་དང་བཀོད་འདོམས་མེད་པར་རང་རྐྱ་ཐུབ་པའི་སྒོ་ནས་བྱེད་པའི་ལམ་ལུགས་དེ་གལ་ཆེན་པོ་ཡིན། ཁྲིམས་དཔོན་ལ་སྲིད་གཞུང་དང་དབང་འཛིན་གཞན་གྱིས་ཐེ་གཏོགས་བྱས་ནས་ཐག་བཅད་པའི་ཁྲིམས་བཅད་དེ་དྲང་བདེན་ཞིག་ཡོང་མི་ཐུབ། དེ་ནས་དམངས་གཙོ་བརྒྱུད་ནས་གྲངས་ཉུང་བའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཐབས་ལམ་གཅིག་ནི་ཁྲིམས་འཛིན་བརྟག་དཔྱད་ཞེས་བའི་ལམ་ལུགས་དེ་ཡིན། ལམ་ལུགས་དེ་དར་ས་ཨ་རི་ཡིན་པ་དང་། དེས་མནའ་འབྲེལ་གྱི་ཆེས་མཐོ་ཁྲིམས་ཁང་དང་ས་གནས་ཁྲིམས་ཁང་ལ་གྲོས་ཚོགས་དང་སྲིད་གཞུང་གིས་བཟོས་བའི་ཁྲིམས་དེས་གང་ཟག་སྒེར་གྱི་རྩ་ཁྲིམས་ཐོབ་ཐང་ལ་དོ་ཕོག་བྱུང་ཡོད་མེད་བརྟག་དཔྱད་བྱེད་པའི་དབང་ཆ་ཡོད་པར་བྱས། གྲངས་མང་གི་བཙན་དབང་འགོག་རྒོལ་བྱེད་པའི་ཆེད་དུ་ཁྲིམས་འཛིན་བརྟག་དཔྱད་ནི་མེད་དུ་མི་རུང་བའི་ལམ་ལུགས་ཞིག་ཡིན། རྒྱ་ནག་ན་རྩ་ཁྲིམས་དང་འགལ་བའི་ཁྲིམས་དང་ཁྲིམས་སྲོལ་དང་། ཡུལ་ཁྲིམས། སྲིད་གཞུང་གི་ཡིག་ཆ་མང་བོ་བཟོས་ནས་སྤྱི་དམངས་ཀྱི་རྩ་བ་ཐོབ་ཐང་ལ་གནོད་པ་བྱེད་གིན་ཡོད་པའི་སྣང་ཚུལ་ཁྱབ་བརྡལ་དུ་སོང་ཡོད་པ་དེ་ཡང་ཁྲིམས་འཛིན་རང་རྐྱ་ཐུབ་པ་མེད་པ་དང་། ཁྲིམས་འཛིན་བརྟག་དཔྱད་ཀྱི་ལམ་ལུགས་དེ་དར་མེད་པས་རྐྱེན་རེད། འདི་དག་རྗེས་སུ་མུ་མཐུད་ནས་བཤད། ཕྱག་རྒྱ་བཞི་བ་ནི་དབང་ཆ་རྣམ་པར་དབྱེ་བ་དེ་ཡིན། འདི་ནི་མོན་ཐི་སི་ཁུ་དང་ལོ་ཁུ་ཡི་ལྟ་གྲུབ་རྒྱུན་འཛིན་ལས་བྱུང་བའི་རྩ་ཁྲིམས་ཀྱི་ཕྱག་རྒྱ་ཞིག་ཡིན། རྒྱལ་ཁབ་ཅིག་གི་ཁྲིམས་བཟོ་དང་ཁྲིམས་འཛིན། འཛིན་སྐྱོང་གི་དབང་ཆ་རྣམ་པར་མ་དབྱེ་ན། མི་དམངས་ལ་བཙན་དབང་གིས་དབང་བསྒྱུར་བྱེད་པའི་མཇུག་འབྲས་དེ་འབྱུང་གིན་རེད།
༥༽ ལྷག་དོན་རྒྱ་ནག་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་རྩ་ཁྲིམས་བཟོས་བའི་ལོ་རྒྱུས། རྒྱ་ནག་གི་སྲོལ་རྒྱུན་གྱི་ཁྲིམས་ལུགས་དོར་ནས་ནུབ་ཕྱོགས་པའི་ཁྲིམས་ལུགས་ནང་འདྲེན་བྱས་བའི་ལོ་རྒྱུས་ནས་རྩ་ཁྲིམས་ལ་དག་བཅོས་འཆར་ཟིན་ག་ཚོད་ཅིག་བཀོད་པ།
ལན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནི་༡༩༥༤་ལོ་གསར་བཟོ་བྱས་ཤིང་། ༡༩༧༥་དང་༡༩༧༨་ལོར་བསྐྱར་བཟོ་བྱས། དེ་ནས་༡༩༨༢་ལོར་ཡང་བསྐྱར་གསར་བཟོ་བྱས་ཏེ་ད་ལྟ་བར་དུ་ལག་བསྟར་བྱས་ཡོད། རྩ་ཁྲིམས་དེ་ཡང་བཅོས་བསྒྱུར་སྒོ་འབྱེད་ཀྱི་འཕེལ་འགྲོས་དང་བསྟུན་ནས་ཐེངས་བཞིར་བཟོ་བཅོས་དང་འཕྲི་སྣོན་བྱས་ཡོད། ཡིན་ནའང་རྒྱ་ནག་ལ་རྩ་ཁྲིམས་རིག་པ་དར་ཞིང་། རྩ་ཁྲིམས་གསར་བཟོ་བྱེད་པའི་ལུགས་སྲོལ་དེ་ལོ་བརྒྱ་སྔོན་ནས་དར་ཡོད། ད་ལྟ་བར་དུ་ཁྱོན་བསྡོམས་པའི་རྩ་ཁྲིམས་༡༦་ཁ་ལྷག་ཅིག་བཟོས་མྱོང་། དེའི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་བཤད་ན་འདི་འདྲ་ཞིག་རེད། རྒྱ་ནག་སྲོལ་རྒྱུན་གྱི་ཁྲིམས་ལུགས་འདོར་མཁན་ཡང་གུང་ཁྲན་ཏང་མ་ཡིན། མན་ཆིན་རྒྱལ་རབས་ཡིན། དུས་རབས་བཅུ་དགུ་ཡི་དཀྱིལ་ཏེ་རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པའི་རིང་ལ། རྒྱ་ནག་ལ་ཉལ་ཐ་དམག་འཁྲུག་བྱུང་རྗེས། རྒྱ་ནག་གིས་ནུབ་ཕྱོགས་ཀྱི་ཚན་རྩལ་ནང་དུ་དབོར་འདྲེན་བྱེད་པའི་མགོ་ཚུགས། ལྷག་པར་དུ་རབ་བྱུང་༡༥་བའི་ཤིང་རྟ་དམག་འཁྲུག་༼甲午战争༽ཕམ་པའི་རྗེས་སུ། རྒྱ་ནག་གི་སྲིད་དབང་འཛིན་མཁན་དང་མང་ཚོགས་ཀྱིས་རྩ་ཁྲིམས་དང་
[caption id=”attachment_1197” align=”alignleft” width=”300”] མཉྫུ་རྒྱལ་རབས་ཀྱི་རྫོགས་ཚིག[/caption]
བཅོས་བསྒྱུར་བྱེད་དགོས་བའི་འདུན་པ་ཤུགས་དྲག་བྱུང་། དེ་ནས་༡༨༩༨ལོར་ས་ཁྱི་བཅོས་བསྒྱུར་༼戊戌变法༽བྱུང་ནས་རྒྱལ་ཁབ་གྱི་སྒྲིག་གཞི་གསར་བཟོ་བྱས་ཤིང། སྲོལ་རྒྱུན་གྱི་ཁྲིམས་ཀྱི་རྒྱུན་བཅད་དེ། བཅོས་བསྒྱུར་ཉིན་བརྒྱ་ལྷག་ལ་བྱས་ཀྱང་རྗེས་སུ་སྐུ་དྲག་གི་ངོ་རྒོལ་ལ་བརྟེན་ནས་ཕམ། ཉིན་བརྒྱའི་བཅོས་བསྒྱུར་ཡང་ཟེར། དེའི་ཁྲོད་ནས་ཐན་སི་ཐོང་༼谭嗣同༽སོགས་མི་དྲུག་བསད། ཁང་ཡོ་བེ་དང་ལྭང་ཆི་ཁྲོའོ་བྲོས༼康有为,梁启超༽། རྒྱ་ནག་མང་ཚོགས་ཀྱི་ངོ་ལོག་དང་ངོ་རྒོལ་ལ་བརྟེན་ནས་༡༩༠༨ལོར་ཆིན་གོང་མས་བཀས་བཅད་ཀྱི་རྩ་ཁྲིམས་དང་བོ་བཟོས། ༼钦定宪法大纲༽རྩ་ཁྲིམས་དེས་མང་ཚོགས་ཀྱི་འདོད་བློ་བསྐོངས་མ་ཐུབ་པར་༡༩༡༡་གི་ལོར་ཡིད་ཆེས་དོན་ཚན་བཅུ་དགུ་བཟོས་༼十九信条༽ནས་ལྷན་པ་བརྒྱབ། ཡིན་ཡང་ལོ་དེར་ལྕགས་ཕག་ལོ་གསར་བརྗེ་༼辛亥革命༽བྱུང་ནས་ཕྱི་ལོར་མན་ཆིན་རྒྱལ་རབས་ཀྱི་མགོ་རྟིང་བསློགས།
༦༽ རྒྱ་ནག་གི་རྩ་ཁྲིམས་ནང་དུ། གྲངས་ཉུང་མི་རིགས་ལ་དམིགས་པའི་རྩ་དོན་རིགས་གཏན་འབེབས་བྱས་ཡོད་དམ།
ལན། ༡༩༨༢ལོ་ཡི་རྩ་ཁྲིམས་ཀྱིས་༡༩༧༥་དང་༡༩༧༨་ལོ་ཡི་རྩ་ཁྲིམས་ཀྱི་མེད་པར་བཟོས་བའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཁག་སླར་གསོ་བྱས་བ་རེད། དེ་སྔོན་གྱི་རྩ་ཁྲིམས་ནང་དུ་གྲངས་ཉུང་ཐོབ་ཐང་མང་བོ་ཞིག་མེད་པར་བཟོས། ༡༩༥༤་ལོའི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཚང་མ་༡༩༨༢་ལོའི་རྩ་ཁྲིམས་ཀྱི་ནང་དུ་བཞག དཔེར་ན་དོན་ཚན་༤་བ་དང་། དོན་ཚན་༡༡༢་ནས་༡༢༢་བར་དུ་ས་གནས་མི་རིགས་རང་སྐྱོང་གི་དོན་ཚན་འཁོད་ཡོད། རྩ་ཁྲིམས་འདི་ལ་བརྟེན་ནས་༡༩༨༤་ལོར་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་བཟོས་ཤིང་། ཕྱིས་སུ་ས་གནས་སོ་སོ་ནས་རང་སྐྱོང་གི་སྲོལ་ཡིག་བཙུགས་ནས་རང་སྐྱོང་གི་རྣམ་པ་ཙམ་བཟོས།
༧༽ རྒྱ་ནག་གི་རྩ་ཁྲིམས་ཀྱི་རང་བཞིན་དང་ནུས་པའི་ཐད་ནས་ཅུང་ཞིག་ཡིན།
ལན། རྒྱ་ནག་གི་དངོས་ཡོད་གནས་ཚུལ་ནང་དུ་རྩ་ཁྲིམས་ལ་ཁྲིམས་ཞིག་གི་གོ་གནས་ནས་བཞག་སྟེ་བརྩི་སྲུང་དང་ཆེས་མཐོང་བྱེད་གིན་མེད། རྒྱ་སྐད་ཀྱིས་ཁྲིམས་འདི་ལ་ཁོམ་ནས་བསྡད་ཡོད་པའི་ཁྲིམས་༼闲法༽ཞེས་བའི་རྩེད་མིང་ཞིག་བཏགས་ནས་མཐོང་ཆུང་བྱེད། དེ་ནི་རྒྱ་ནག་གུང་ཁྲན་ཏང་གི་སྐྱོན་ཙམ་མ་ཡིན་པར། རྒྱ་མི་རིགས་ཡོངས་ཀྱི་རིག་གནས་དང་གུ་དོགས་པའི་ཆབ་སྲིད་བསམ་བློ་དང་། སྲིད་དབང་གི་ཆེད་དུ་ལོ་ངོ་སྟོང་ཕྲག་དུ་མིའི་རིང་ལ་ཁྱེད་ཤི་ང་གསོན་གྱི་ཆབ་སྲིད་འཐབ་རྩོད་ཀྱི་ཉེར་ལེན་ལས་བྱུང་བའི་སྐྱོ་གར་ཞིག་ཡིན། མན་ཇུའི་རྒྱལ་རབས་ཀྱི་རྩ་ཁྲིམས་གསར་བཟོ་བྱེད་སྐབས། སུན་ཀྲུང་ཧྲན་གྱི་གླགས་བལྟས་ནས་རྒྱལ་རབས་དེའི་མགོ་རྟིང་སློག སུན་ཀྲུང་ཧྲན་གྱིས་བཙུགས་པའི་གོ་
[caption id=”” align=”alignright” width=”115”] རྩ་ཁྲིམས།[/caption]
མིན་ཏང་གི་སྲིད་དབང་དེ་ཡང་གུང་ཁྲན་ཏང་གིས་རྩ་ཁྲིམས་ཀྱི་གླགས་བལྟས་ནས་གོ་མིན་ཏང་ཕམ་པར་བྱས། རིག་གསར་གྱི་སྐབས་སུ་གཙོ་འཛིན་མའོ་ཙད་ཏུང་གིས་ཀྱང་རྩ་ཁྲིམས་སྨྲ་བར་དགའ་བའི་ཤེས་ཡོན་པ་རྣམས་ལ་མན་ཆིན་རྒྱལ་རབས་ཀྱིས་རྩ་ཁྲིམས་ལག་བསྟར་བྱེད་གིན་ཡིན་ཟེར་ནས་མཐའ་མར་རང་ཉིད་ཀྱི་རྒྱལ་རབས་མཇུག་རྫོགས་པ་རེད་ཅེས་བསླབ་བྱ་དང་གཤེ་གཤེ་བཏང་ཡོད་ཟེར། དེ་ནས་དངོས་ཡོད་གནས་ཚུལ་ནང་དུ་རྩ་ཁྲིམས་ལག་བསྟར་བྱས་མེད་པའི་རྒྱུ་མཚན་གྱིས་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཀྱང་ཇེ་བཟང་དུ་གཏོང་ཐུབ་གིན་མེད།
༨༽རྩ་ཁྲིམས་དང་རྩ་ཁྲིམས་ཕན་ཚུན་བསྡུར་ཞིབ་ཀྱི་ལམ་ནས་དེ་ཚོའི་བར་གྱི་ཁྱད་པར་ལ་ལྟ་ཞིབ་ཅིག་བྱས་ན།༼ དཔེར་ན་ཨ་རིའི་རྩ་ཁྲིམས་དང་རྒྱ་ནག་གི་རྩ་ཁྲིམས་བསྡུར་བ། ངོ་བོ་དང་རྣམ་པ་ཁོ་ནའི་ཆ་ནས༽
ལན། ཨ་རིའི་རྩ་ཁྲིམས་ནི་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐུ་རིང་ལ་བཟོས་བའི་ཁྲིམས་ཞིག་རེད་ལ། རྒྱ་ནག་གི་རྩ་ཁྲིམས་ནི་ལོ་སུམ་ཅུ་སོ་ལྔ་ཡར་སྔོན་ལ་བཟོས་བ་ཞིག་རེད། དེས་དུས་ཀྱི་ཁྱད་པར་ཙམ་མ་ཡིན་པར། ལོ་རྒྱུས་ཀྱི་དུས་ཡུན་རིང་མོ་དེ་ནང་དུ་བསགས་པའི་ཉམས་མྱོང་དང་དགེ་མཚན་གྱི་ཁྱད་པར་ཀྱང་མཚོན། ཁྲིམས་ཡིག་གི་བརྗོད་བྱ་དང་ཆུ་ཚད་ལ་བལྟས་ནས་ཕན་ཚུན་འདྲ་བོ་འདུག་མོད། ཚིག་ལ་མི་རྟོན་དོན་ལ་རྟོན་པ་དང་། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་ཞེས་གསུངས་ཡོད་པ་ལྟར། རྩ་ཁྲིམས་ཀྱི་དགེ་མཚན་ནི་ཁྲིམས་ཡིག་ཙམ་གྱི་ནང་དུ་མི་གནས་བར་སྤྱི་དམངས་ཀྱི་དགོངས་པའི་ཀློང་ན་གནས་ཡོད་པས། སྤྱི་དམངས་ཀྱི་ཕྱིའི་སྤྱོད་པས་རྩ་ཁྲིམས་ཀྱི་ནང་གི་དགོངས་དོན་རྒྱུན་འཛིན་དང་དར་སྤེལ་བྱེད་གིན་ཡོད། ཨ་རི་དང་བསྡུར་ན་རྒྱ་ནག་གི་རྩ་ཁྲིམས་བསམ་བློ་དང་རྩ་ཁྲིམས་རིག་གནས་དེ་མདོ་ལས་བཤད་པའི། ནམ་མཁའ་དང་ནི་ས་གཞིའི་བར་ཡང་རིང་། རྒྱ་མཚོའི་ཕ་རོལ་ཚུར་རོལ་མཐའ་ཡང་རིང་། ཤར་དང་ནུབ་ཀྱི་བར་ཐག་ཆེས་ཆེར་རིང་། ཕལ་དང་དམ་པའི་ཆོས་ཀྱང་དེ་བས་རིང་ཞེས་བའི་ལམ་དུ་སོང་ཡོད་པར་མཐོང་།
[caption id=”” align=”alignleft” width=”290”] ཨ་ཪིའི་རྩ་ཁྲིམས།[/caption]
༡༩༥༥་གྲངས་ནང་། ཆེས་མཐོ་ཁྲིམས་ཁང་གིས་རྩ་ཁྲིམས་ཉེས་དོན་ཀྱི་ཁྲིམས་བཅད་ལ་ལུང་འདྲེན་བྱེད་པར་བཀག ༡༩༨༠་གྱ་གྲངས་ནང་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་དམངས་དོན་ཁྲིམས་བཅད་ཀྱི་ནང་དུ་རྩ་ཁྲིམས་ལུང་འདྲེན་པར་བཀག ༢༠༠༨་གྱི་ལོར་ཆེས་མཐོ་ཁྲིམས་ཁང་གིས་ཁྲིམས་འཛིན་བརྟག་དཔྱད་ཀྱི་བཅོས་བསྒྱུར་གྱི་སྲིད་པ་དེ་མེད་པར་བཟོས། དེ་ནས་ཁ་རྩང་ཁེ་ཉིན་ཆེས་མཐོ་ཁྲིམས་ཁང་གི་དབུ་མཛད་ཁྲིམས་དཔོན་ཆེན་མོ་ཀྲུག་ཆང་གིས་༼ཁྲིམས་འཛིན་རང་རྐྱ་ཐུབ་པའི་ལམ་ལུགས་༽ནི་ནོར་འཁྲུལ་གྱི་ལྟ་བ་ཡིན་ཞེས་སྔ་ཚིག་ཕྱི་ཚིག་གིས་མི་ནོན། རྐང་རྗེས་ལག་པས་མི་བསུབས་པའི་སྐད་ཆ་མདོ་མེད་པ་ཞིག་བཤད། རྒྱལ་ཁབ་ཅིག་གི་ཆེས་མཐོ་ཁྲིམས་ཁང་གི་དབུ་མཛད་ཁྲིམས་དཔོན་གྱིས་འདི་འདྲའི་ཁྲིམས་ཀྱི་སྤྱིའི་འགྲོ་སྟངས་ལ་མི་བལྟ་བར་ཆབ་སྲིད་ཚོགས་པ་ཞིག་ལ་ཤི་འཐམས་རོ་འཐམས་བྱས་ནས་རྩ་ཁྲིམས་ལ་རྒྱབ་འགལ་བྱས་ན། རྩ་ཁྲིམས་མངོན་གྱུར་ཕར་ཞོག རྩ་ཁྲིམས་ཀྱི་གྲིབ་མ་དང་གཟིགས་བརྙན་ཙམ་ཡང་གནས་གིན་མ་རེད།
༩༽ རྩ་ཁྲིམས་དང་གཞུང་། མི་དམངས་བར་གྱི་འབྲེལ་བ་ནི་ཅི་ཡིན།
བོད་ལ་ཁ་དཔེ་ཞིག་ཡོད། རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་ལྗིད་ཅིང་དྲང་བ། ཆོས་ཁྲིམས་དར་གྱི་མདུད་པ་འཇམ་ཞིང་དམ་པ་ཟེར། ངས་བལྟས་ན་རྩ་ཁྲིམས་དང་གཞུང་། མི་དམངས་བར་གྱི་འབྲེལ་བ་ནི་མཛོ་གཉིས་ཀྱི་གཉའ་ཤིང་ལ་བརྟེན་ནས་ཐོང་གཤོལ་འཐེན་པ་དཔེའི་ནང་དུ། མཛོ་གཅིག་ནི་མི་དམངས་ཡིན་པའི་དབང་དུ་བཏང་། མཛོ་གཞན་པ་དེས་གཞུང་ཡིན་པའི་དབང་དུ་བཏང་། ཐོང་གཤོལ་འཐེན་སྤྱད་གྱི་ལྕགས་ཐག་སྦྲེལ་བའི་གཉའ་ཤིང་དེ་རྩ་ཁྲིམས་ཡིན། མི་མང་བོ་ཞིག་གིས་གཉའ་ཤིང་ནི་གཉའ་གནོན་གྱི་ཆེད་དུ་བཟོས་བའི་ཡོ་བྱད་ཡིན་པར་བསམ་ཡང་། ཞིང་ལས་ལ་ཤེས་རྒྱ་ཡོད་མཁན་ཞིག་གིས་དེ་ནི་གཉའ་སྲུང་སྐྱོབ་བྱེད་པའི་ཆེད་དུ་ཡིན་པ་ཤེས་ཐུབ། དཔེ་མཚོན་འདི་ལས་ཀྱང་རྩ་ཁྲིམས་ཀྱི་རིན་ཐང་དང་ཁྱད་ཆོས། བྱེད་ནུས་བཅས་མཚོན་ཐུབ་པར་འདོད། རྩ་ཁྲིམས་ནི་མི་དམངས་ཀྱི་གཉའ་ཡི་སྟེང་དུ་མནན་ཡོད་པ་མ་ཟད་སྲིད་གཞུང་གི་གཉའ་ནའང་མནན་ཡོད་པ་ཞིག་ཀྱང་ཡིན་དགོས། དེ་འདྲ་ཞིག་ཡིན་ཚེ་ཐོང་གཤོལ་སྟབས་བདེ་བར་འཐེན་ནས་སོ་ནམ་གྱི་ལས་ཡག་པོ་བྱེད་ཐུབ་གིན་རེད་ལ་སྟོན་གྱི་ལོ་ཐོག་ལ་རེ་བ་བརྒྱབ་ནའང་ཆོག ༼མུ་འགོད།༽