[caption id=”attachment_1250” align=”alignleft” width=”226”] ཕྱི་གླིང་བའི་དག་སྣང་གི་རྗེ་མི་ལ།[/caption]
ཉེ་ཆར་རྩོམ་པ་པོ་རླངས་ཚངས་བསོད་ནམས་རྡོ་རྗེ་ཡིས། བོད་རང་སྐྱོང་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་དཔར་བསྐྲུན་བྱས་ཤིང་། ལི་བྱིན་དང་ཉི་མ་ཚེ་རིང་སོགས་ཀྱིས་གཙོ་སྒྲིག་དང་ཡིག་བསྒྱུར་བྱས་བའི་མི་ལའི་རྣམ་ཐར་རི་མོ་དང་ཡིག་གེ་ཟུང་འབྲེལ་གྱི་དཔེ་དེབ་ཅིག་གི་དཔར་དབང་གི་སྐོར་ལ་དགག་ཡིག་ཅིག་སྤེལ། ངས་བལྟས་ན་ལི་བྱིན་དང་ཉི་མ་ཚེ་རིང་། བོད་ལྗོངས་མི་དམངས་དཔར་སྐྲུན་ཁང་བཅས་ལ་དཔར་དབང་གནོད་གཙེས་ཐད་ཀྱི་ནོར་འཁྲུལ་མེད་པ་མ་ཟད།བོད་ཀྱི་རྩོམ་རིག་དར་སྤེལ་ལ་བྱས་རྗེས་བཞག་ཡོད་པས་གཏང་རག་འབུལ་དགོས་བ་ཞིག་ཡིན་པར་སྙམ།ཁོང་ཚོའི་བརྩམས་ཆོས་དེས་བོད་རྒྱ་ཡིག་ཤེས་མཁན་མི་ཉུང་བ་ཞིག་གིས་དུས་ཡུན་ཐུང་ངུ་ནང་སྤྲོ་སེམས་ལྡན་པའི་སྒོ་ནས་རྗེ་མི་ལའི་རྣམ་ཐར་ཆེ་ལོང་ཚམ་ཤེས་སུ་བཅུག་པས་ཕན་ཐོགས་བླ་ན་མེད་པ་བཞག་ཡོད་པ་མ་ཟད། ཀློག་པ་པོ་ལྷག་པར་དུ་ལོ་ན་གཞོན་པའི་ཀློག་མཁན་དག་ལ་དེང་རབས་ཀྱི་དགེ་མཚན་དང་མཐུན་པའི་སྒོ་ནས་བོད་ཀྱི་རྩོམ་རིག་ལོངས་སྤྱོད་བྱེད་པའི་དགའ་བའང་བསྐྲུན། རླངས་ཚང་བསོད་ནམས་རྡོ་རྗེ་ཡིས་ཀྱང་ཁོང་གི་དགག་རྩོམ་གྱི་ནང་དུ་༼རྣམ་ཐར་གྱི་རིན་ཐང་དང་དབུས་གཙང་བའི་ཚིག་སྦྱོར་ལ་ཤིན་ཏུ་དགའ་བས་ཉོས་བཞག་པ་ཡིན། དགོང་མོ་དེར་བུ་ཆུང་གཉིས་ཀར་བཤད་པ་ན་དཔེ་ངོས་ཀྱི་འདྲ་དཔར་དག་བྲིས་པ་ཤིན་ཏུ་ནས་ལེགས་པས་བུ་ཆེ་བས་ཐོས་པ་དགའ་དང་མི་ལ་རས་པ། མི་ལ་ཤེས་རབ་རྒྱལ་མཚན་སོགས་ཀྱི་མཚན་དང་རྣམ་ཐར་གྱི་ནང་དོན་རབ་རིབ་ཅིག་ཤེས་སོང་བས་ཤིན་ཏུ་དགའ་སོང་།༽ཞེས་ངོས་ལེན་བྱས་ཡོད་པ་རང་རེད།
རླངས་ཚང་བསོད་ནམས་རྡོ་རྗེས་ལི་བྱིན་དང་ཉི་མ་ཚེ་རིང་། བོད་རང་སྐྱོང་ལྗོངས་མི་དམངས་དཔེ་སྐྲུན་ཁང་འཁོར་བཅས་ལ་རྐུན་མ་ཞེས་ཉེས་འཛུགས་བྱས་པའི་རྒྱུ་རྐྱེན་ནི་ཁོང་གིས་བརྩམས་དབང་གི་ཁྲིམས་ལ་གོ་བ་མ་ལོན་པ་དང་། གོ་ལོག་ཐེབས་པ་དེ་ཡིན་པར་སྙམ། བོད་ཀྱི་རྩོམ་རིག་གི་ལས་དབང་ཉག་ཕྲ་བའི་དུས་སྐབས་འདིར། དཔར་དབང་གི་ཁེ་ཉེན་ལ་མ་བལྟོས་བར་བྱུང་རྒྱལ་དུ་དཔར་དབང་གི་སྟ་མོ་གཡུགས་ནས་རྩོམ་པ་པོ་ལ་ཉེས་འཛུགས་བྱས་ཏེ་གསར་རྩོམ་གྱི་སྐྱེས་ལམ་བཅད་ན། དེས་བོད་ཀྱི་རྩོམ་རིག་དར་སྤེལ་ལ་མི་ཕན་པ་མ་ཟད། རྩོམ་རིག་གི་མེ་རོ་དེ་གསོད་པའི་ཉེན་ཁ་ཡང་ཡོད། ས་སྐྱ་པཎ་ཆེན་གྱིས་ཆེ་ལ་གནོད་བྱེད་གྲོགས་སུ་འགྱུར། དམན་ལ་གནོད་བྱེད་གནོད་པར་འགྱུར། ནགས་མེ་རླུང་གིས་སྤོར་མོད་ཀྱི། དེ་ཡིས་སྒྲོན་མེ་ཆུང་ངུ་གསོད་ཅེས་གསུངས་བ་བཞིན། བརྩམས་ཆོས་དང་འབྲེལ་བའི་དཔར་དབང་ཡོད་ཚད་ལ་ངོ་བོ་གཞན་ཞིག་གི་སྒོ་ནས་བཤད་ན་མི་རིགས་ཤིག་སྟེ། ལྷག་པར་དུ་མི་རིགས་ཉམས་ཐག་ཅིག་གི་རྩོམ་རིག་དར་རྒྱས་ཐད་ལ་གནོད་པ་བྱེད་པའི་བགེགས་དང་གནོད་བྱེད་ཅིག་ཏུ་འགྱུར་སྲིད། སྟོབས་ལྡན་ཨ་རི་རྒྱལ་ཁབ་ལ་མཚོན་ནའང་། ཆེས་མཐོ་ཁྲིམས་ཁང་གིས་ནམ་ནམ་ཞར་ཞར་ཁྲིམས་ཀྱིས་བྱ་ར་བྱས་ཏེ་སྨྲ་བརྗོད་རང་དབང་དང་དཔར་དབང་གི་དབར་གྱི་འགལ་བ་ཁག་དོ་སྙོམས་བྱས་དང་བྱེད་བཞིན་ཡོད། བརྩམས་དབང་གི་གཞི་ནི་ཤིན་ཏུ་སྲ་ཞིང་མཁྲེགས་པ། དར་ཞིང་རྒྱས་བའི་མི་རིགས་ཤིག་གི་རྩོམ་རིག་གི་དངོས་ཡོད་གནས་བབ་ཡིན་པ་མ་གཏོགས། ཉམ་ཐག་ཉག་ཕྲ་པའི་མི་རིགས་ཤིག་གི་རྩོམ་རིག་གི་ལུས་ཕུང་གིས་ལྗིད་ཁོག་ཆེ་བའི་དཔར་དབང་གི་ལྕགས་སྒྲོག་དེ་འདེགས་མི་ནུས། དེའི་ཕྱིར་དེང་སྐབས་ཀྱི་བོད་ཀྱི་ཤེས་ཡོན་པ་བྱིངས་ཀྱིས་དཔར་དབང་ཁོ་ན་གཙིགས་ཆེར་མི་འཛིན་པར་རང་རེའི་རྩོམ་རིག་གི་གཞི་འཛིན་པ་དང་བཙན་ས་ཟིན་པ་ལ་འབད་པ་ལྷུར་ལེན་བྱེད་དགོས་པ་དེ་དོན་དམ་པ་ཡིན།
དཔར་དབང་གི་ཁྲིམས་ཀྱི་ནང་དུ། རང་རྐྱ་ཐུབ་པའི་སྒོ་ནས་གསར་རྩོམ་བྱས་ཤིང་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ན་དཔར་དབང་གི་སྲུང་སྐྱོབ་བྱེད་པའི་བརྩམས་ཆོས་ཡིན་ཞེས་གཏན་ལ་བབས་ཡོད། ལི་བྱིན་དང་ཉི་མ་ཚེ་རིང་སོགས་ཀྱིས་ཐོད་པ་སྟེང་ནས་རྔུལ་ཆུ་བཞུར་ཏེ།༼Sweat of the brow༽ ༼额头出汗原则༽རྗེ་མི་ལའི་རྣམ་ཐར་དེ་རི་མོ་དང་རྒྱ་བོད་ཡིག་ཟུང་འབྲེལ་ཤན་སྦྱར་བྱས་ནས་བརྩམས་པའི་བརྩམས་ཆོས་ཀྱི་རྩོམ་ལུས་དང་བརྗོད་སྟངས་ལ་གསར་གཏོད་དང་ཐུན་མོང་མ་ཡིན་པས་ཁྱད་ཆོས་ལྡན་པས། ༼独创性༽༼Originality༽བརྩམས་ཆོས་བརྩམས་ཟིན་པ་ནས་བཟུང་དེ་ལ་དཔག་པའི་དཔར་དབང་གཞན་གྱིས་དྲིང་འཇོག་མི་དགོས་པར་བདོག་པས། ཁོང་ཚོས་རྩོམ་པ་པོ་གཞན་ལ་དཔར་དབང་གི་བཀའ་འཁྲོལ་ཞུ་མི་དགོས་ཤིང་། དེ་དག་གི་གནས་ཚུལ་རང་ཉིད་ཀྱི་བརྩམས་ཆོས་ནང་དུ་ངོ་སྤྲོད་མཚམས་སྦྱོར་སོགས་དེ་བས་ཀྱང་བྱེད་མི་དགོས། དཔར་དབང་གི་ཁྲིམས་ཀྱིས་བརྗོད་བྱ་དང་བརྗོད་སྟངས་སོ་སོར་འབྱེད་པའི་རྩ་དོན་ལྟར་ན།༼思想与表达二分法༽༼Dichotomy of Ideas and Expression in Copyright Law ༽རྗེ་མི་ལའི་རྣམ་ཐར་གྱི་བརྗོད་བྱ་རང་ལ་གང་ཟག་སུ་གང་གིས་ཀྱང་དཔར་དབང་བདག་ཏུ་འཛིན་མི་ཆོག་ཅིང་། དེས་མི་ཚད་རི་མོ་དང་ཡི་གེ་ཟུང་འབྲེལ་གྱི་སྒོ་ནས་རྗེ་མི་ལའི་རྣམ་ཐར་འགྲེལ་བརྗོད་བྱེད་པའི་ཐབས་ལམ་འདི་ཡང་གང་ཟག་སུ་གང་གིས་བདག་གིར་འཛིན་མི་ཆོག དཔར་དབང་གིས་སྲུང་སྐྱོབ་བྱེད་ཡུལ་ནི་བརྩམས་ཆོས་ཀྱི་བརྗོད་ཚུལ་མ་གཏོགས བརྗོད་བྱ་དང་རྣམ་པ་ལ་སྲུང་སྐྱོབ་བྱེད་གིན་མེད། དེའི་སྟབས་ཀྱིས་གང་ཟག་གཞན་གྱིས་ཁོ་མོའི་བརྩམས་ཆོས་གཞིར་བཞག་ནས་རང་གིས་བརྗོད་ཚུལ་གསར་བའི་ལམ་ནས་བརྗོད་བྱ་རིགས་མཚུངས་ཀྱི་བརྩམས་ཆོས་ཤིག་བརྩམས་པ་ཡིན་ན། དེ་ནི་བརྩམས་དབང་གིས་ཁྲིམས་དང་མི་འགལ་བར་འདོད། བརྩམས་ཆོས་གང་དང་གང་ཡིན་རུང་གཞན་གྱི་བརྩམས་ཆོས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་རྟེན་འབྲེལ་གྱི་འབྲེལ་བ་ཡོད། གཞན་གྱི་བརྩམས་ཆོས་ལ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་གཏན་ནས་མ་བརྟེན་པའམ་སློས་བསླངས་དང་ཤན་ཤུགས་མ་ཐེབས་པའི་དོན་དམ་གྱི་བརྩམས་ཆོས་ཤིག་ཡོད་རེ་སྐན། རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོ་ལྟ་བུར་མཚོན་ནའང་སྤྱོད་འཇུག་ཆེན་མོའི་རྩ་བ་ཕལ་ཆེ་བ་བཀོལ་སྤྱོད་གནང་འདུག དེས་ཕྱིར་བོད་ལ་མཁས་པ་ཐམས་ཅད་ལད་མོ་ཡིན། ལད་མོ་ནང་གི་གང་མཁས་ཡིན་ཟེར་བའི་ཁ་དཔེ་བྱུང་། བརྩམས་ཆོས་ཀྱི་ཚོང་ར་སྲ་ཐག་ཐག་ཅིག་མ་བྱུང་གི་བར་དུ་བརྩམས་དབང་དང་མི་མཐུན་པའི་སྣང་ཚུལ་ལུ་གུ་རྒྱུད་བཞིན་ཡོང་ངེས་ཡིན། དེ་ནི་ཡ་མཚན་ཞིང་ཧ་ལས་དགོས་བའི་གནད་དོན་ཞིག་མིན་ལ་དགྲ་ལྟར་སྡང་དགོས་བའི་གནས་ཤིག་ཀྱང་ག་ལ་ཡིན། དཔར་དབང་གི་རྒྱུ་འབྱོར་བའི་ཁེ་དབང་ལ་མི་བལྟ་བར་མཚན་སྙན་གྲགས་ཀྱི་ཁེ་དབང་ལ་གཞིགས་པའི་རྩོམ་པ་པོ་མང་ཤོས་ཀྱིས་རང་ཉིད་ཀྱི་བརྩམས་ཆོས་གཞན་གྱིས་གང་འདོད་ལྟར་བེད་སྤྱོད་བྱེད་དུ་འཇུག་པར་གུ་ཡངས་དང་རམ་འདེགས་བྱེད་གིན་ཡོད། དེའི་སྐབས་སུ་འདི་འདྲའི་བྱ་སྤྱོད་ནི་གཉིས་སྨན་གྱི་ལས་ཤིག་ཀྱང་ཡིན་སྲིད་པ་དང་། ཨེ་བ་བན་དམ་དང་ཤམྦྷལའི་དཔར་སྐྲུན་ཁང་གིས་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་འབྲེལ་ཐོགས་མི་སྣ་ལ་དགག་བྱ་མ་སྤེལ་བའི་རྒྱུ་མཚན་ཡང་ཡིན་སྲིད། རླངས་ཚང་བསོད་ནམས་རྡོ་རྗེ་ཡིས་ལི་བྱིན་དང་ཉི་མ་ཚེ་རིང་ལ་དཔར་དབང་གི་རྐུན་མ་ཞེས་ཉེས་འཛུགས་བྱས་པ་དེ་ཐལ་ཆེ་ཞིང་འོས་བབ་མེད་པ་ཞིག་ཏུ་མཐོང་ཞིང་། དོ་བདག་གིས་གཞི་མེད་ཉེས་འཛུགས་འདི་ལ་ཁག་བཞག་ནས་ཁོང་ཅག་ལ་སྒྲོ་སྐུར་བཏབས་སོང་ཞེས་རླངས་ཚང་ལ་དམངས་ཁྲིམས་ཀྱི་སྟེང་ནས་རྒོལ་སྲིད། གང་ལྟར་རྟ་ཤོར་ན་ཟིན་ཐབས་ཡོད། ཚིག་ཤོར་ན་ཟིན་ཐབས་མེད་ཟེར་བ་ལྟར། གཞན་ལ་དཔར་དབང་གི་ཉེས་འཛུགས་བྱེད་གིན་ཡིན་ན་དང་བོར་དཔར་དབང་གི་ཁྲིམས་དང་འགྲོ་སྟངས་ལ་གོ་བ་མ་མཐའ་ཙམ་ཡང་ལོན་དགོས་པ་དེ་གལ་ཆེ། བརྩམས་ཆོས་ལས་འཕྲོས་བའི་རྩོམ་པ་པོའི་སྙན་གྲགས་དང་ཁེ་དབང་བཅས་ལ་ཁྲིམས་བཅས་ནས་སྲུང་སྐྱོབ་བྱེད་པ་ནི་དེང་རབས་སྤྱི་ཚོགས་ཀྱི་ལེགས་བྱང་དང་དཔལ་ཡོན་ཡིན་པ་གདོན་མི་ཟ། གཞན་གྱིས་བརྩམས་ཆོས་ལ་བརྩི་བཀུར་དང་ལུགས་མཐུན་གྱི་སྒོ་ནས་སྲུང་བརྩི་བེད་སྤྱོད་་བྱེད་པ་དེ་ཡང་རྩོམ་པ་པོ་རྣམས་ཀྱིས་དཔྲལ་བའི་མིག་ལྟར་སྲུང་དགོས་བའི་རྩ་དོན་ཞིག་ཡིན། ཡིན་ནའང་དཔར་དབང་གི་མིང་བཟུང་ནས་མི་གཞན་ལ་རྐུན་མ་སོགས་ཀྱི་ཉེས་འཛུགས་བྱས་ན་ཁྲིམས་དང་འགལ་ལ་ཉེས་འཛུགས་བྱེད་མཁན་ལ་ཡང་གནོད། དེ་ལས་ཀྱང་ཚབས་ཆེ་བ་ནི་བོད་རིགས་རྩོམ་པ་པོ་རྣམས་ཀྱིས་བརྩམས་ཆོས་གསར་གཏོད་ཀྱི་ལྷག་བསམ་ལ་གནོད་ཅིང་། གསར་རྩོམ་གྱི་འཁོར་བསྐྱོད་དང་དར་སྤེལ་ལ་བགེགས་དང་བར་ཆད་བྱེད་སྲིད་པས། གནད་དེ་ལ་གཟབ་དགོས། མདོར་བསྡུས་ན། རླངས་ཚང་བསོད་ནམས་རྡོ་རྗེ་དང་བདུད་འདུལ་རྣམ་གཉིས་ནོར་བུ་རང་ལ་ཡོད་དུས། ནོར་བུའི་ནོར་ཉམས་མ་ཆོད། ནོར་བུ་མི་ལ་ཤོར་དུས། སྙིང་རླུང་སྟོད་ལ་འཚང་བྱུང་ཞེས་བའི་དཔེ་རུ་མི་འགྲོ་བར། བློ་མཛངས་ཐབས་མཁས་ཀྱི་སྒོ་ནས་རང་རེའི་མི་རིགས་ཀྱི་རྩོམ་རིག་གི་གཙུག་གཏོར་དུ་གྱུར་བའི་རྗེ་མི་ལའི་རྣམ་ཐར་དེ་རི་མོར་ཕབ་པའི་དབྱིན་ཡིག་གི་དཔེ་དེབ་དེ་ལ་རང་གི་རིག་པ་ཀློང་ནས་བརྡོལ་བའི་རྩལ་ལས་ཕུལ་དུ་བྱུང་བའི་འགྱུར་ཞིག་མྱུར་བ་མྱུར་ཏུ་བརྩམ་ནས། སྐོམ་པ་ཆུ་འདོད་ལྟར་གནས་ཡོད་པ་ཀློག་པ་པོ་རྣམས་ཀྱི་རེ་བ་བསྐོང་ཞོར། ཉག་ཕྲ་བའི་དུས་སྐབས་འདིར་བོད་ཀྱི་རྩོམ་པ་པོ་གཞན་རྣམས་གྱིས་ཐབས་ཤེས་སྣ་ཚོགས་སྤྱད་ནས་རང་རིགས་ཀྱི་རྩོམ་རིག་གི་བྱ་གཞག་དར་སྤེལ་བྱེད་བཞིན་པའི་ལས་དེ་ལ་མཐོང་ཆུང་དང་བར་ཆད་མི་བྱེད་པར་གཅེས་སྐྱོང་དང་བརྩི་བཀུར་བྱ་རྒྱུ་དེ་གལ་ཆེ།
མཆན། བརྩམས་དབང་དང་དཔར་དབང་ནི་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་རྒྱལ་ཁབ་ཀྱི་༼བརྩམས་དབང་གི་ཁྲིམས་༽ཀྱི་ནང་དུ་འཁོད། ཡིན་ནའང་སྐམ་ས་ཆེན་མོའི་ཁྲིམས་རྒྱུན་དང་ཐུན་མོང་ཁྲིམས་རྒྱུན་གཉིས་ཀྱིས་དཔར་དབང་ནང་གི་རྩོམ་མཁན་གྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་སྟངས་མི་འདྲ་བའི་དབང་གིས། བརྩམས་དབང་དང་དཔར་དབང་གི་དབར་ན་ཁྱད་པར་ཡོད། རྒྱ་ནག་རྒྱལ་ཁབ་འདི་སྐམ་ས་ཆེན་མོའི་ཁྲིམས་རྒྱུན་གྱི་རིང་ལུགས་འཛིན་མཁན་ལ་ཞིག་ལ་ཁེས་འཆའ་བས། བརྩམས་དབང་ཞེས་བའི་ཐ་སྙད་འདི་བེད་སྤྱོད་བྱེད་ལ། དཔེར་ན་༼བརྩམས་དབང་གི་ཁྲིམས་༽ལྟ་བུ། དེ་ནས་དཔར་དབང་ལའང་དགག་བྱར་མི་འཛིན་པར་བཀོལ་སྤྱོད་བྱེད། དཔེར་ན་ཀྲུང་གོ་རྒྱལ་ཁབ་ཀྱི་དཔར་དབང་ལས་ཁུངས་ལྟ་བུའོ། གང་ལྟར་དཔར་དབང་གི་འགྲོ་སྟངས་ཤེས་ན་འདི་གཉིས་ཟུང་འབྲེལ་ངང་བཀོལ་སྤྱོད་བྱེད་ཆོག་པའི་གནད་དེའང་ཤེས་ཐུབ།