བླ་རི་སྲུང་སྐྱོབ་དང་འཁོར་ཡུག་སྤྱི་ཕན་གཏུག་བཤེར།

 

ཨ་མཆོག་མང་ཚོགས་ཀྱིས་ཁོང་ཚོའི་བླ་རི་ནས་གཏེར་ཁ་བསྔོག་འདོན་བྱེད་མཁན་ལ་ངོ་རྒོལ་བྱས་པའི་དོན་དག་བྱུང་ནས་ད་ལྟ་ཕལ་ཆེར་ལོ་གཅིག་འགོར་གྲབས་འདུག ཡིན་ནའང་གནད་དོན་དེ་ས་གནས་སྲིད་གཞུང་གིས་མང་ཚོགས་ཀྱི་བློ་ངོར་འབབ་པའི་ཐག་གཅོད་ཅིག་ད་བར་དུ་བཅད་མེད་པས། གོང་སྔོན་བླ་རི་ནས་གཏེར་སྔོག་སྟེ་འཁོར་ཡུག་དང་སྐྱེས་ཁམས་ལ་གནོད་ཅིང་།དད་ལྡན་མང་ཚོགས་ཀྱི་སེམས་ལ་གནོད་པའི་ལས་གཞི་དེ་མཚམས་གཅོད་བྱེད་ཐུབ་གིན་མེད།

 ཉེ་བའི་ལོ་གཅིག་གཉིས་ཀྱི་རིང་ལ་གསར་དུ་བཟོ་བཅོས་བྱས་པའི་རྒྱལ་ཁབ་ཀྱི་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་དང་།(环境保护法) འཁོར་ཡུག་ཕོག་ཐུག་གདེང་འཇོག་ཚོད་དཔག་གི་ཁྲིམས།(环境影响评价法) དམངས་དོན་གཏུག་བཤེར་(民事诉讼法)བཅས་ཀྱི་ཁྲིམས་ལྟར་ན། གཏེར་བསྔོག་ནས་རང་བྱུང་འཁོར་ཡུག་དང་བླ་རིའི་ཉེ་འདབས་ཀྱི་ཡུལ་མིའི་བདེ་ཐང་ལ་གནོད་པའི་དོན་རྐྱེན་ཞིག་བྱུང་ཚེ། སྤྱི་ཚོགས་ཚོགས་པ་གང་རུང་སྟེ། འཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་ཁེ་གཉེར་མིན་པའི་ཚོགས་པ་༼NGO༽(非营利性组织)ཁག་གིས་གནོད་པ་ཐེབས་སའི་མང་ཚོགས་དང་གང་ཟག་གི་ཚབ་བྱས་ཏེ་ཁྲིམས་ཁང་ནས་དམངས་དོན་སྤྱི་ཕན་གཏུག་བཤེར་བརྒྱུད་ཏེ། གཏེར་ཁ་བསྔོག་མཁན་གྱིས་འཁོར་ཡུག་གཏོར་བརླག་བྱས་པའི་འགན་འཁུར་དེད་ནས་། འཁོར་ཡུག་སོར་ཆུད་བྱེད་དུ་འཇུག་པའི་ཐབས་ལམ་གསར་བ་ཞིག་ཀྱང་གཏན་འཁེལ་བྱས་ཡོད། དམངས་དོན་སྤྱི་ཕན་གཏུག་བཤེར་ནི་༢༠༡༢་ལོར་དམངས་དོན་གཏུག་བཤེར་གྱི་ཁྲིམས་ལ་བཟོ་བཅོས་བྱེད་དུས་གསར་དུ་བསྣན་པའི་ཐབས་ལམ་ཞིག་ཡིན། ཁྲིམས་དེའི་དོན་ཚན་༥༥་ཡི་ནང་དུ། འཁོར་ཡུག་འབག་བཙོག་བཟོས་བ་དང་། འཛད་སྤྱོད་པ་མང་བོ་ཞིག་གི་ཁྲིམས་མཐུན་གྱི་ཁེ་ཕན་ལ་གནོད་འཚེ་ཐེབས་ཚེ། ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་དབང་འཛིན་ལས་ཁུངས་དང་། འབྲེལ་ཡོད་ཚོགས་པས་ཁྲིམས་ཁང་དུ་གནོད་པ་བཟོ་མཁན་ལ་སྤྱི་ཕན་དམངས་དོན་གཏུག་བཤེར་བྱས་ཆོག་ཅེས་པའི་གཏན་འཁེལ་དང་། ༢༠༡༤་ལོར་འཁོར་ཡུག་སྲུང་སྐྱོབ་ཀྱི་ཁྲིམས་ལ་བཟོ་བཅོས་བྱེད་དུས། འཁོར་ཡུག་འབག་བཙོག་ཁོ་ན་ཙམ་མ་ཡིན་པར། སྐྱེ་ཁམས་ལ་གཏོར་བརླག་དང་གནོད་པ་བྱས་ན། འབྲེལ་ཡོད་ཚོགས་པ་ཡིས་མི་དམངས་ཁྲིམས་ཁང་ནས་འཁོར་ཡུག་གཏོར་བརླག་དང་འབག་བཙོག་བྱེད་མཁན་ལ་སྤྱི་ཕན་དམངས་དོན་གཏུག་བཤེར་བྱས་ན་ཆོག་ཅེས་གཏན་ལ་ཕབ་ཡོད་པ་མ་ཟད། གཏུག་བཤེར་བྱེད་པའི་འབྲེལ་ཡོད་ཚོགས་པའི་ཆ་རྐྱེན་ནི་གྲོང་ཁྱེར་༼ཁུལ་༽རིམ་པའི་དམངས་སྲིད་ལས་ཁུངས་ནས་ཐོ་བཀོད་ཅིང་། འཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཆེད་དུ་གཉེར་ཏེ། ལོ་ལྔ་ཡི་ཚུན་ལ་ཁྲིམས་འགལ་གྱི་བྱ་སྤྱོད་གང་ཡང་བྱས་མེད་པའི་ཚོགས་པ་ཞིག་ཡིན་དགོས་ཞེས་གཏན་འཁེལ་བྱས་ཡོད། མིག་སྔར་རྒྱལ་ཁབ་ཡོངས་ལ་འདི་འདྲའི་ཚད་ལྡན་གྱི་ཚོགས་པ་༧༠༠་ལྷག་ཡོད་སྐད།

དེས་ན་ཨ་མཆོག་དང་བླ་བྲང་སོགས་ཀྱི་འཁོར་ཡུག་སྲུང་སྐྱོབ་ཚོགས་པ་དང་ཁེ་གཉེར་མིན་པའི་ཚོགས་པ་ཁག་གིས་ཨ་མཆོག་ཚོ་བའི་ཚབ་བྱས་ཏེ། ཁྲིམས་ཁང་ནས་འཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་སྤྱི་ཕན་གཏུག་བཤེར་བྱས་ཏེ། གཏེར་བསྔོག་མཁན་གྱིས་གོང་སྔོན་བླ་རི་མུ་མཐུད་ནས་གཏོར་བཤིག་བྱེད་པ་དེ་མཚམས་འཇོག་བྱེད་པའི་ཐབས་ལམ་འདི་བསྟེན་ན་ཆོག  ཨ་མཆོག་ཚོ་བ་དང་ཆོས་འབྲེལ་དམ་ཟབ་ཡོད་པའི་ཨ་མཆོག་གི་དགོན་པ་དང་བླ་བྲང་བཀྲ་ཤིས་འཁྱིལ་བཅས་ཀྱིས་ཀྱང་ཨ་མཆོག་ཚོ་བ་བརྒྱད་ཀྱི་ཚབ་བྱས་ནས། ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་འཁོར་ཡུག་སྤྱི་ཕན་གཏུག་བཤེར་བྱས་ཆོག་མིན་ལ་ཚོད་ལྟ་བྱས་ནས། ཨ་མཆོག་གི་མང་ཚོགས་ཀྱིས་འཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་ཆོས་ཕྱོགས་ཀྱི་རྒྱབ་སྐྱོར་བྱས་ན་འགྲིག སྤྱིར་ན་དགོན་པ་ལ་འཁོར་ཡུག་སྤྱི་ཕན་གཏུག་བཤེར་བྱེད་པའི་ཐོབ་ཐང་ཡོད་མེད་ཁྲིམས་ལུགས་ཀྱི་སྟེང་ནས་ཁ་གསལ་བོར་གཏན་འཁེལ་བྱས་མེད་ཀྱང་། འཁོར་ཡུག་སྲུང་སྐྱོབ་བྱེད་པ་ནི་བོད་ཀྱི་དགོན་པའི་སྲོལ་རྒྱུན་གྱི་སྤྱི་ཚོགས་བྱེད་ནུས་ཤིག་ཡིན་པ་གདོན་མི་ཟ་བར་གྲུབ་ཡོད་པས། བླ་བྲང་དགོན་པ་དང་ཨ་མཆོག་དགོན་པས་ཨ་མཆོག་གི་མང་ཚོགས་དང་འཁོར་ཡུག་ཁེ་ཕན་གྱི་ངོ་ཚབ་བྱས་ཏེ། ཁྲིམས་ཁང་དུ་སྤྱི་ཕན་གཏུག་བཤེར་བྱས་ན་ཁྲིམས་ཀྱི་ལུང་དང་རིགས་པ་དང་མི་འགལ་བར་འདོད། ས་གནས་ཁྲིམས་ཁང་གིས་དགོན་པ་ལ་འདི་འདྲའི་གྱོད་དོན་ལ་ངོ་ཚབ་བྱེད་པའི་ཐོབ་ཐང་མེད་ཅེས་པའི་ཁྲིམས་ཐག་གཅོད་སྲིད་ཀྱང་། གལ་ཏེ་ས་གནས་ཁྲིམས་ཁང་གིས་ཁྲིམས་ཐག་དེ་ལྟར་བཅད་ན། འབྲེལ་ཡོད་དགོན་པས་གྱོད་དོན་འདི་ཆེས་མཐོ་མི་དམངས་ཁྲིམས་ཁང་བར་དུ་བསྐྱལ་ནས་དེས་ཁྲིམས་ཐག་གཅོད་དུ་འཇུག་པ་ལ་འབད་པ་ལྷུར་ལེན་བྱས་ན། ད་གཟོད་བོད་ཀྱི་དགོན་པ་ལ་འཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱི་ཕན་གཏུག་བཤེར་བྱེད་ཆོག་མིན་དང་ཐོབ་ཐང་ཡོད་མེད་ཀྱི་ཁྲིམས་ཐག་མཐར་ཐུག་དེ་ཆོད་གིན་རེད། ༢༠༡༥་ལོར་ཀྲུང་གོ་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ཚོགས་པ་ཞེས་པའི་འཁོར་ཡུག་སྲུང་སྐྱོབ་ཚོགས་པ་ཞིག་གིས་ནང་སོག་ཐང་གར་བྱེ་ཐང་གི་འཁོར་ཡུག་འབག་བཙོག་བཟོས་པའི་གནད་དོན་ལ་ཁྲིམས་ཁང་ནས་གཏུག་བཤེར་བྱས། ཐོག་མར་ཉིན་ཞྭ་ཞིང་ཆེན་ཀྲུང་ཝེ་འབྲིང་རིམ་ཁྲིམས་ཁང་དང་ཉིན་ཞྭ་ཞིང་ཆེན་གྱི་མཐོ་རིམ་ཁྲིམས་ཁང་གཉིས་ཀྱིས་ལྗང་མདོག་ཐེབས་རྩ་ཚོགས་པ་ལ་འཁོར་ཡུག་སྤྱི་ཕན་གཏུག་བཤེར་བྱེད་པའི་ཐོབ་ཐང་མེད་ཅེས་ཁྲིམས་ཐག་བཅད་མོད། ལྗང་མདོག་ཐེབས་རྩ་ཚོགས་པས་མུ་མཐུད་ནས་ཁྲིམས་གཏུག་བྱས་མཐར། ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཉིན་ཞྭ་ཞིང་ཆེན་མི་དམངས་ཁྲིམས་ཁང་གི་ཁྲིམས་ཐག་བཅད་པ་དེ་ནོར་འཁྲུལ་ཡིན་པ་ངོས་བཟུང་ནས། ཁྲིམས་ལྟར་ཡོ་བསྲང་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཐེབས་རྩ་ཚོགས་པར་འཁོར་ཡུག་སྤྱི་ཕན་གཏུག་བཤེར་ཞུ་བའི་ཐོབ་ཐང་ཡོད་པ་ཁྲིམས་ཀྱི་སྒོ་ནས་ངོས་ལེན་བྱས་ཡོད། གྱོད་དཔེ་དེ་བཞིན། བླ་བྲང་དང་ཨ་མཆོག་དགོན་པས་འབྲེལ་ཡོད་ཁྲིམས་ཁང་ལ་སྤྱི་ཕན་འཁོར་ཡུག་སྲུང་སྐྱོབ་ཀྱི་གཏུག་བཤེར་བྱས་ན། ད་ལྟའི་འཁོར་ཡུག་གནད་དོན་སེལ་བ་ལ་ཕན་ཐོགས་པ་མ་ཟད། འབྱུང་འགྱུར་གྱི་འཁོར་སྲུང་ལས་དོན་ཐད་དང་བོད་ཀྱི་དགོན་པའི་ཁྲིམས་ཀྱི་གོ་གནས་བཅས་ཀྱི་ཐད་ལའང་དགེ་མཚན་བརྗོད་ལས་འདས་པ་ཞིག་བསྐྲུན་ཐུབ།

དེས་མི་ཚད་༢༠༡༥་ལོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དབང་བསྐུར་ལྟར། ཀན་སུའུ་ཞིང་ཆེན་ནི་མི་དམངས་ཞིབ་དཔྱོད་ཁང་གིས་འཁོར་ཡུག་གནོད་འཚེ་བྱེད་མཁན་ལ་ཁྲིམས་ཁང་ནས་སྤྱི་ཕན་གཏུག་བཤེར་བྱས་ན་ཆོག་པའི་ཚོད་ལྟའི་ཞིང་ཆེན་གྱི་ཡ་གྱལ་ཞིག་ཡིན་པ་གསལ་བསྒྲགས་བྱས། ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཀྱང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ལྷན་ཁང་གི་དབང་བསྐུར་ལྟར་ཞིབ་དཔྱོད་ལས་ཁུངས་ཀྱིས་སྤྱི་ཕན་འཁོར་ཡུག་སྲུང་སྐྱོབ་བྱེད་པའི་ཐབས་ལམ་ཕྲ་ཞིང་ཞིབ་པ་གཏན་འཁེལ་བྱས་ཡོད། ཨ་མཆོག་མང་ཚོགས་ཀྱིས་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ལས་ཁུངས་ལ་སྙན་ཞུ་ཕུལ་ནས། ཁུལ་ཞིབ་དཔྱོད་ལས་ཁུངས་ཀྱིས་གཏེར་སྔོག་མཁན་ཁྲིམས་ཁང་ནས་དམངས་དོན་སྤྱི་ཕན་གཏུག་བཤེར་གྱི་ཞུ་སྦྱོར་བྱེད་དུ་འཇུག་པ་ལ་སྐུལ་སློང་བྱས་ན་ཆོག ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་ཀྱང་རྒྱལ་ཁབ་ཀྱི་ཚབ་བྱས་ཏེ། གུང་སྔོན་བླ་རི་ནས་གསེར་བསྔོག་མཁན་གྱི་ཁེ་ལས་ཐད་ཀར་ཁྲིམས་ཁང་ལ་གཏུག་ནས། སྣོད་བཅུད་དང་སྐྱེས་ཁམས་འཁོར་ཡུག་ལ་གནོད་པ་བཟོ་མཁན་གྱི་ཁྲིམས་ལུགས་འགན་འཁུར་དེད་ན་ཆོག དེ་ནས་འཁོར་ཡུག་དང་སྐྱེ་ཁམས་གཏོར་བརླག་བྱས་པའི་ཉེས་ཁྲིམས་འགན་འཁུར་གྱི་སྐོར་ཐེངས་རྗེས་མའི་རྩོམ་ཡིག་ནང་དུ་གསལ་བཤད་བྱེད་གིན་ཡིན།

རྩོམ་འདིའི་སྒྲ་ཐག་འདིར་འདུག

[audio m4a=”http://trimleng.cn/wp-content/uploads/2017/04/AUD-20170524-WA0000.m4a”][/audio]