ཉེ་སྔོན་དྲ་ཐོག་ནས་བརྙན་ཐུང་འདི་རྙེད་བྱུང་། བརྙན་ཐུང་འདིའི་བརྗོད་བྱ་དང་བསྟན་དོན་གཙོ་བོ་ནི་ནང་སོག་རང་སྐྱོང་ཁུལ་མཁར་སྔོན་པོ་གྲོང་ཁྱེར་༼呼和浩特市༽་གྱི་རྫས་འགྱུར་བཟོ་གྲྭ་ཞིག་ནས་བགྲེས་ཡོལ་བྱས་པའི་ལས་བྱེད་པ་མཚན་ལ་མང་ཧོར་ཏཱ་ལའི་ཟེར་བ་ཁོང་གིས་ཁྲིམས་ཀྱི་གཏན་འཁེལ་ལྟར་དངུལ་ཁང་ནས་སོག་ཡིག་བེད་སྤྱོད་བྱེད་དུས། དངུལ་ཁང་གིས་ཁོང་གི་
ཐོབ་ཐང་རྩིས་མེད་དུ་བཏང་ཞིང་། བགྲེས་སོང་དེས་སྲིད་འཛིན་དང་ཁྲིམས་འཛིན་ལས་ཁུངས་ལ་ཁོང་གི་གནས་ཚུལ་ཞུ་གཏུག་བྱེད་དུས་དཀའ་ངལ་རབ་དང་རིམ་པ་འཕྲད་པའི་དངོས་ཡོད་གནས་ཚུལ་མཚོན་ཡོད་པ་དེ་ཡིན། འདི་ནི་སོག་པོ་བགྲེས་ཡོལ་ཞིག་དགུན་གྲང་ངར་གྱིས་ནང་ལ་དེད། ལྟོགས་མུ་གེས་ཕྱི་ལ་དེད་ནས་འཚོ་ཐབས་ཀྱིས་གཞན་དབང་དུ་གྱུར་ཏེ། དངུལ་ཁང་གིས་གྲངས་ཉུང་མི་རིགས་ལ་བརྙས་བཅོས་དང་ཁྱད་གསོད་ཀྱིས་ཁྲིམས་འགལ་བྱ་སྤྱོད་ལ་མགོ་མ་སྒུར་རང་སྒུར་བྱས་པའི་གཏམ་རྒྱུད་ཅིག་རེད། འདི་ནི་རྒྱལ་ཁབ་ཀྱི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཐོབ་ཐང་ཁྲིམས་ལུགས་ལག་བསྟར་གྱི་གནས་བབས་ཚད་ཇི་འདྲ་ཞིག་ལ་སླེབས་ཡོད་པའི་དངོས་བྲིས་ཤིག་ཀྱང་ཡིན།
ང་ཚོའི་བོད་ཀྱི་བགྲེས་སོང་རྣམས་ཀྱིས་ཀྱང་ལྷ་ས་དང་རེབ་གོང་། ཆབ་ཆ་དང་དར་རྩེ་མདོའི་སྲང་ལམ་གྱི་དངུལ་ཁང་སོགས་སུ་བོད་ཡིག་བཀོལ་སྤྱོད་བྱས་པ་ཙམ་གྱིས་དེའི་ལས་བྱེད་པས་བརྙས་བཅོས་དང་མཐོང་ཆུང་ཚད་མེད་བྱེད་བཞིན་པའི་སྣང་བརྙན་ཞིག་ངའི་དྲན་པའི་ངོགས་སུ་དབང་མེད་དུ་འཆར། ང་ཚོར་རྒྱལ་ཁྲིམས་དང་ཡུལ་ཁྲིམས་གང་གི་ཐད་ནས་ཀྱང་བོད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་ཁྲིམས་ལུགས་ཀྱིས་གཏན་འཁེལ་སྔ་མོ་ནས་བྱས་ཡོད། དེ་བཀོལ་སྤྱོད་བྱེད་མིན་ནི་བལྟས་ཚོད་ཀྱིས་གང་ཟག་སོ་སོའི་ཐོབ་ཐང་ཡིན་མོད། ཐོབ་ཐང་དེ་དག་བཀོལ་སྤྱོད་བྱེད་མིན་གྱིས་བོད་སྐད་ཡིག་གི་མདུན་ལམ་ཐག་གཅོད་བྱེད་བཞིན་ཡོད་ལ། བོད་ཡིག་སློབ་མཁན་རྣམས་ལ་མདུན་ལམ་ཡོད་མེད་ཀྱང་དེ་ལ་ཐུག་ཡོད། ང་ཚོས་ད་ལྟ་ནས་བཟུང་རང་སྐྱོང་ས་ཁུལ་གྱི་རྒྱལ་ཁབ་ཀྱི་ལས་ཁུངས་དང་དཔལ་འབྱོར་ལས་ཁུངས་སོགས་སུ་སྒེར་ངོས་ནས་བོད་ཡིག་བེད་སྤྱོད་ཀྱི་ལས་འགུལ་སྣ་ཚོགས་སྤེལ་ཏེ། ལས་ཁུངས་དེ་དག་གི་ནང་དུ་བོད་སྐད་ཡིག་གི་ཞབས་ཞུའི་རྣམ་གྲངས་ཤིག་ཡོད་པར་བྱས་ཚེ། བོད་ཡིག་སྦྱོང་བཞིན་པའི་སློབ་མ་རྣམས་ལ་འབྱུང་འགྱུར་གྱི་དུས་སུ་རྣམ་གྲངས་མི་འདྲ་བའི་ལས་ཀའི་གོ་སྐབས་བསྐྲུན་ཐུབ་པ་མ་ཟད་བོད་སྐད་ཡིག་གི་བཀོལ་སྤྱོད་ཀྱི་ཁྱབ་རྒྱའང་ཆེ་རུ་གཏོང་ཐུབ།
དེའི་ཕྱིར་རྒྱ་ཆེ་བའི་བོད་ཀྱི་ཤེས་ཡོན་པས་མགོ་ཁྲིད་ནས་སྐབས་འཕྲལ་གྱི་མཇུག་འབྲས་ལ་མི་བལྟ་བར། བོད་རང་སྐྱོང་ས་ཁུལ་གྱི་དངུལ་ཁང་དང་ལས་ཁང་གང་རུང་དུ་སོང་སྟེ་འགེངས་ཤོག་བོད་ཡིག་གིས་བྲིས་ནས་ཁྲིམས་ལུགས་ཀྱིས་གཏན་ལ་བབས་པའི་སྐད་ཡིག་ཐོབ་ཐང་དེ་དག་མངོན་གྱུར་བྱེད་པའི་གོམ་པ་དང་པོ་སྤོས་ཏེ། སྤྱི་དམངས་ཀྱི་སྐད་ཡིག་ཐོབ་ཐང་ལ་སྲིད་གཞུང་དང་གཞུང་འབྲེལ་གྱི་ལས་ཁུངས་ཀྱིས་ཐད་ཀར་གནོད་པ་བྱས་པ་ཡིན་ན། མི་དམངས་ཁྲིམས་ཁང་དུ་སྲིད་འཛིན་དང་དམངས་དོན་སོགས་ཀྱི་གཏུག་བཤེར་བརྒྱུད་ནས་རང་ཉིད་ཀྱི་སྐད་ཡིག་གི་ཐོབ་ཐང་སྲུང་སྐྱོབ་དང་སོར་ཆུད་བྱས་ཏེ། སྐད་ཡིག་རང་སྐྱོང་གི་བདག་དབང་དང་བཙན་ས་དེ་ཟིན་པར་བྱ་དགོས།
http://www.miaopai.com/show/HTCIu9Q7-E-a7s15TDtMfrrntY6G8OdS.htm