དབྱར་ས་བཀོལ་སྤྱོད་བྱེད་པ་ནི་འབྲོག་པ་རྣམས་ཀྱི་ཐོབ་ཐང་ཡིན།

 

ཉེ་སྔོན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་མང་ར་རྫོང་སུམ་མདོ་གྲོང་བརྡལ་མི་དམངས་སྲིད་གཞུང་གིས་དེའི་ས་ཁོངས་ཀྱི་འབྲོག་སྡེ་ཁག་གི་འབྲོག་པས་ད་ལོར་དབྱར་སར་ཕྱུགས་ཟོག་འཚོ་མི་ཆོག་པ་དང་། ས་ཆ་དེ་གའི་དབྱར་སའི་རྩྭ་ས་ཁྱོན་སྡོམ་པའི་མུའུ་ཁྲི་༩༠ལྷག་བཀག་སྡོམ་བྱ་རྒྱུ་ཡིན་པའི་སྐོར་ལ་ཁྱབ་བསྒྲགས་བྱས་ཏེ། སྲིད་གཞུང་གི་བཀོད་སྒྲིག་འདི་ལ་བརྩི་འཇོག་མ་བྱས་པར་དབྱར་སར་ཟོག་ལུག་དེད་ན་ལུག་རེར་རྒྱ་སྒོར་༥༠དང་། ནོར་རེར་རྒྱ་སྒོར་༡༥༠ ཡི་ཆད་པ་གཅོད་རྒྱུ་ཡིན་ཞེས་གསལ་བསྒྲགས་སྤེལ་ཏེ་མང་ཚོགས་ཀྱི་བློ་ཁ་སྲིད་གཞུང་གི་ཕྱོགས་ལ་བསྒྱུར་བཞིན་གདའ། སྲིད་གཞུང་གི་བྱེད་ཐབས་དེས་ས་གནས་འབྲོག་

པ་ཚོའི་རྒྱུན་ལྡན་གྱི་ནོར་ལུག་འཚོ་སྐྱོང་གི་འབྲོག་ལས་ལ་གེགས་དང་བར་ཆད་ཆེན་པོ་བཟོས་ཤིང་། འབྲོག་པ་རྣམས་ཀྱིས་སྲིད་གཞུང་གི་བཀའ་རྒྱ་ནི་རྒྱལ་ཁབ་ཀྱི་ཁྲིམས་ཡིན་པར་རློམ་ནས་ཅི་བྱ་གཏོལ་མེད་ཀྱི་གནས་སུ་ལྷུང་། རང་རེའི་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་དམངས་ཁྲིམས། དངོས་ཟོག་བདག་དབང་གི་ཁྲིམས་ལུགས་བཅས་ལྟར་ན། སུམ་མདོ་གྲོང་བརྡལ་མི་དམངས་སྲིད་གཞུང་གི་བྱ་བ་སྒྲུབ་སྟངས་དེ་ཁྲིམས་འགལ་ཡིན་པ་གདོན་མི་ཟ།  འབྲོག་པ་རྣམས་ཀྱིས་ས་ཞིང་འགན་གཙང་ལེན་གྱི་ཁྲིམས་མཐུན་གྱི་བརྒྱུད་རིམ་བརྒྱུད་ནས་ཐུན་མོང་དཔལ་འབྱོར་ཚོགས་པའམ་(农村集体经济组织)སྡེ་བ་དང་ས་ཞིང་གན་གྱ་བཞག་སྟེ་ཐོབ་པའི་དབྱར་ས་འདུས་པའི་རྩྭ་ས་ཐམས་ཅད་གན་གྱ་ལོ་ལྔ་བཅུའི་དུས་ཡུན་ནང་དུ་རྩྭ་ས་བདག་གིར་འཛིན་པ་དང་བཀོལ་སྤྱོད་བྱེད་པ། ཁེ་ཕན་ལེན་པ་སོགས་འདུས་པའི་ཕན་སྤྱོད་དངོས་ཟོག་བདག་དབང་གི་(用益物权)་ཐོབ་ཐང་ཡོད་པས། ཐོབ་ཐང་དེ་ནི་རྩ་ཁྲིམས་ཀྱི་དོན་ཚན་༡༣་གྱི་ནང་གི་༼སྤྱི་དམངས་ཀྱི་ཁྲིམས་མཐུན་གྱི་སྒེར་གྱི་རྒྱུ་རྫས་ལ་གཞན་གྱིས་གནོད་པ་བསྐྱེལ་མི་ཆོག་༽ཅེས་གཏན་འབེབས་ཀྱི་སྒེར་གྱི་རྒྱུ་རྫས་ཐོབ་ཐང་ཡིན་ཕྱིན། རྒྱལ་ཁབ་ལ་འབྲོག་པ་རྣམས་ཀྱིས་དབྱར་ས་བཀོལ་སྤྱོད་བྱས་ཏེ་འབྲོག་ལས་ཀྱི་ལས་དོན་མཐའ་འཁྱོལ་བར་བྱེད་པ་དང་།དེ་ལས་བྱུང་བའི་དངོས་ཟོག་གི་ཁེ་ཕན་ལོངས་སྤྱོད་བྱེད་པའི་འབྲོག་པ་ཡི་འཚོ་བ་རོལ་སྟངས་དེ་ལ་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད། སྤྱི་ཕན་གྱི་དབང་གིས་རྩྭ་ས་དེ་དག་གཞུང་སྡུད་བྱེད་དགོས་བྱུང་ན། ས་གནས་སྲིད་གཞུང་གིས་ངེས་བར་དུ་ཁྲིམས་ལུགས་དང་མཐུན་པའི་རྒྱུ་མཚན་དང་བརྒྱུད་རིམ་བརྒྱུད་ཅིང་། འབྲོག་པ་རྣམས་ལ་གསན་ཚོགས་(听证会)དང་སྲིད་འཛིན་བསྐྱར་ཞིབ་(行政复议)སོགས་ཀྱི་ཐབས་ལམ་ངོ་སྤྲོད་བྱས་ཏེ་མི་མཐུན་པའི་བསམ་ཚུལ་བཤད་དུ་འཇུག་པར་མཐུན་རྐྱེན་དང་གུ་ཡངས་བཟོས་ཏེ། འབྲོག་པ་རང་ཉིད་ཀྱི་དངོས་ཟོག་བདག་དབང་བློས་མི་གཏོང་ན་ས་གནས་སྲིད་གཞུང་ལ་རྩོད་སྒྲུབ་དང་ཁྲིམས་གཏུག་སོགས་བྱེད་དུ་འཇུག་དགོས། གལ་ཏེ་མི་དམངས་སྲིད་གཞུང་གིས་བརྒྱུད་རིམ་དེ་དག་མ་བརྒྱུད་ན་སྲིད་གཞུང་རང་ཉིད་ཁྲིམས་དང་འགལ་ཟིན་པས་འབྲོག་པ་རྣམས་ཀྱིས་སྐབས་དེར་སྲིད་གཞུང་གི་གྲོས་ཆོད་ལ་ངོས་ལེན་མ་བྱས་ན་འགྲིག

འབྲོག་པ་རང་སྟེང་ལ་མཚོན་ན་ཁྲིམས་མཐུན་གྱི་གན་རྒྱ་ལས་ཐོབ་པའི་རྩྭ་སའི་ཐོབ་ཐང་ནི་རང་ལ་དབང་བའི་རྒྱུ་ནོར་དང་ཀུན་ནས་མཚུངས་བའི་འདུ་ཤེས་བཟུང་སྟེ། རང་གི་རྩྭ་སའི་བདག་དབང་ལ་ས་གནས་མི་དམངས་སྲིད་གཞུང་དང་གང་ཟག་གཞན་གྱིས་གང་འདོད་དུ་གནོད་འཚེ་བྱེད་མི་ཆོག་པའི་གནད་དེ་ཤེས་དགོས་པ་མ་ཟད། ཐོབ་ཐང་སོར་ཆུད་དང་སླར་གསོ་བྱེད་པའི་ཁྲིམས་ལུགས་ཀྱི་ཐབས་ལམ་ཡང་ཤེས་དགོས། རྒྱལ་ཁབ་རྨང་གཞིའི་ཁྲིམས་ལུགས་སུ་གྱུར་ཡོད་པའི་དམངས་ཁྲིམས་དང་དངོས་ཟོག་བདག་དབང་གི་ཁྲིམས་ཀྱི་ནང་དུ་འགན་གཙང་ལེན་གྱི་གན་གྱ་འཇོག་མཁན་གྱིས་གན་གྱ་ལེན་མཁན་གྱི་ལག་ཏུ་གན་གྱའི་དུས་ཡུན་གྱི་ནང་དུ་རྩྭ་ས་ཕྱིར་ལེན་བྱས་མི་ཆོག་ཅེས་གཏན་འཁེལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱིས་རྩྭ་ཐང་གི་ཁྲིམས་ལག་བསྟར་བྱེད་ཐབས་(青海省实施《中华人民共和国草原法》办法)ཀྱི་ཡུལ་ཁྲིམས་ཀྱི་དོན་ཚན་༡༣་གྱི་ནང་དུ་གན་རྒྱ་དུས་ཡུན་གྱི་ནང་དུ་གན་རྒྱ་འཇོག་མཁན་གྱིས་འབྲོག་པ་སྒེར་ཏེ་གན་རྒྱ་ལེན་མཁན་གྱི་ལག་ཏུ་རྩྭ་ས་ཕྱིར་ལེན་མི་ཆོག་ཅེས་བཀོད་ཡོད་པས། གྲོང་བརྡལ་སྲིད་གཞུང་དང་སྡེ་བའམ་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཚོགས་པས་ཁྲིམས་ལུགས་ཀྱི་རྒྱུ་མཚན་མེད་པར་འབྲོག་པས་དབྱར་ས་བེད་སྤྱོད་ཀྱི་བདག་དབང་དེ་གན་རྒྱའི་དུས་ཡུན་གྱི་ནང་དུ་ཕྱིར་བསྡུ་བྱས་ན་གན་རྒྱའི་ཁྲིམས་དང་དམངས་ཁྲིམས་ལ་འགལ་ཡོད།

དེ་ནས་གྲོང་བརྡལ་མི་དམངས་སྲིད་གཞུང་དང་འབྲོག་ལས་ཐུན་མོང་དཔལ་འབྱོར་ཚོགས་པའི་ཁྲིམས་ལུགས་ཀྱི་འབྲེལ་བ་སྟེང་ནས་བལྟས་ན། ཞང་()དང་གྲོང་བརྡལ་མི་དམངས་སྲིད་གཞུང་གིས་འབྲོག་པའི་དཔལ་འབྱོར་ཚོགས་པའི་རང་སྐྱོང་གི་ལས་དོན་ཐད་ལ་མགོ་ཁྲིད་དང་ཐེ་གཏོགས་བྱེད་པའི་དབང་ཐང་མེད། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྡེ་དམངས་ལྷན་ཁང་རྩ་འཛུགས་ཀྱི་ཁྲིམས་(中华人民共和国村民委员会组织法)ཀྱི་དོན་ཚན་༥་བ་ཡི་ནང་དུ། ཞང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་གིས་སྡེ་དམངས་དང་སྡེ་དམངས་ལྷན་ཁང་གི་རང་སྐྱོང་ལས་དོན་ལ་ཇུས་གཏོགས་བྱས་མི་ཆོག་ཅེས་གཏན་འཁེལ་བྱས་ཡོད། དེའི་རྒྱུ་མཚན་གྱིས་ཞང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་གིས་སྡེ་བ་དང་འབྲོག་ལས་ཐུན་མོང་དཔལ་འབྱོར་ཚོགས་པ་ལ་མགོ་ཁྲིད་བྱེད་པའི་དབང་ཐང་མེད་པ་མ་ཟད། འབྲོག་པ་རྣམས་ཀྱིས་དབྱར་ས་ནས་ཕྱུགས་ཟོག་འཚོ་ཆོག་མིན་ལ་སོགས་པའི་སྡེ་བ་ནང་ཁུལ་གྱི་རང་སྐྱོང་ལས་དོན་ལ་ཐེ་གཏོགས་དང་བཀོད་འདོམས་བྱེད་པའི་དབང་ཆ་དེ་བས་ཀྱང་མེད། གལ་ཏེ་གཞི་རིམ་མི་དམངས་སྲིད་གཞུང་གིས་ཁྲིམས་ལ་མ་བརྩིས་པར་འུ་ཚུགས་མཐར་སྐྱེལ་གྱི་སྒོ་ནས་དབྱར་ས་བཀག་ནས་འབྲོག་པ་རྣམས་ལ་དཔལ་འབྱོར་གྱི་གྱོང་གུན་སྒོར་འབུམ་གཅིག་ཡན་གྱི་གནས་ཚུལ་ཚབ་ཆེན་བཟོས་པ་ཡིན་ན། ཞང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་གི་འགན་འཛིན་སོགས་ཉེས་ཁྲིམས་ལ་འགལ་བས་ཉེས་ཆད་ཕོག་སྲིད། འབྲོག་པ་རྣམས་ཀྱིས་གནད་དོན་དེ་དག་ཤེས་ཚོར་བྱུང་ན་ས་གནས་དེའི་ཁྲིམས་ཁང་དང་སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས་སོགས་སུ་འབྲེལ་ཡོད་ལས་བྱེད་ཀྱི་ལས་འཛོལ་དང་དེའི་ཉེས་བ་ཡར་ཞུ་བྱས་ནས་ཉེས་འགན་འདེད་དུ་བཅུག་ན་ཆོག རྫོང་དང་གྲོང་བརྡལ་མི་དམངས་སྲིད་གཞུང་གིས་ཡིག་ཆ་བཟོས་ནས་འབྲོག་པ་རྣམས་ཀྱི་རྩྭ་སའི་ཐོབ་ཐང་རྩིས་མེད་དུ་བཏང་ནས་འབྲོག་པའི་འཚོ་བ་ལ་དཀའ་ངལ་བཟོས་ན། འབྲོག་པ་རྣམས་ཀྱིས་སྲིད་འཛིན་བསྐྱར་ཞིབ་བརྒྱུད་ནས་གོང་རིམ་ལས་ཁུངས་ཀྱིས་ཡིག་ཆ་དེ་དག་ནུས་མེད་དུ་བཟོ་བའི་རེ་འདུན་ཞུས་ན་ཆོག་པ་དང་། ཡང་ན་མི་དམངས་ཁྲིམས་ཁང་ནས་སྲིད་འཛིན་གཏུག་བཤེར་གྱི་ཐབས་ལམ་བརྒྱུད་ནས་རང་གི་ཐོབ་ཐང་སྲུང་དགོས།