ཡན་རྦིན་གྱི་སྐད་ཡིག་དང་སློབ་གསོའི་རང་སྐྱོང་། (གློག་བརྙན།)

 

 

[video width=”856” height=”480” mp4=”http://trimleng.cn/wp-content/uploads/2017/07/Yanbian-Tibetan-with-VO-FINAL.mp4”][/video]

མཚམས་སྦྱོར།

ཡན་རྦིན་ཁྲོ་ཞན་མི་རིགས་རང་སྐྱོང་ཁུལ་གྱིས(延边朝鲜族自治州)མི་རིགས་དེའི་སྐད་ཡིག་དང་སློབ་གསོའི་ཐོབ་ཐང་ཇི་ལྟར་བརྩོན་ལེན་བྱས་དང་བྱེད་བཞིན་པ་བརྗོད་པའི་གློག་བརྙན་ཐུང་ཐུང་ཞིག་རྙེད་སོན་བྱུང་ཞིང་། གློག་བརྙན་འདི་ལས་ང་ཚོ་བོད་རང་སྐྱོང་ལྗོངས་དང་

རང་སྐྱོང་ཁུལ་ཀྱི་སྐད་ཡིག་རང་སྐྱོང་གི་ཐོབ་ཐང་བརྩོན་ལེན་དང་མངོན་གྱུར་བྱེད་པའི་ཐད་ལ་དོན་ཕན་འབྱུང་སྲིད་པ་དང་ང་ཚོར་ཤེས་དགོས་པའི་ཤེས་བྱ་དང་ཉམས་མྱོང་མང་བར་མཐོང་བས། ཁྲིམས་གླེང་གིས་གློག་བརྙན་ཐུང་ཐུང་དེ་བོད་སྐད་ཡིག་ལ་བསྒྱུར་བ་ཡིན། གློག་བརྙན་གྱི་འགྱུར་ཆ་ཚང་འདི་རུ་སྦྱར་ཡོད་པས་ཚང་མས་དོ་སྣང་དང་བརྒྱུད་བསྐུར་གནང་རོགས།  

 

ཡན་རྦིན་གྱི་སྐད་ཡིག་གི་གཏམ་རྒྱུད།

ཡན་རྦིན་(Yanbian) ནི་ཀོ་རི་ཡའི་(ཁྲོ་ཞན)མི་གྲངས་འབུམ་བརྒྱད་ལྷག་ཡོད་པའི་རྒྱ་ནག་གི་རང་སྐྱོང་ཁུལ་ཞིག་ཡིན།

ཕྱི་ལོ་༡༩༥༢ལོར། ཡན་རྦིན་ལ་གྲངས་ཉུང་མི་རིགས་རང་སྐྱོང་ཁུལ་གྱི་གོ་གནས་དེ་སྤྲད་ཅིང་དེས་ཡན་རྦིན་ནི་ཁུལ་གཞན་ལས་ལོགས་སུ་ཕྱེས། ཇི་ལྟར་ཞེ་ན།

རྒྱ་ནག་གི་རྩ་ཁྲིམས་ཀྱིས་ཀོ་རི་ཡའི་(ཁྲོ་ཞན)མི་རིགས་ལྟ་བུའི་གྲངས་ཉུང་མི་རིགས་ལ་དམིགས་བསལ་རང་སྐྱོང་གི་ཐོབ་ཐང་སྤྲོད་ཀྱི་ཡོད། འོན་ཀྱང་། རྩ་ཁྲིམས་ནི་ཡིག་ཆ་ཞིག་རེད། ཇི་ལྟར་ཡན་རྦིན་གྱིས་རྩ་ཁྲིམས་དེ་ལག་ལེན་ལ་འཁྱོལ་ཐུབ་པ་རེད་དམ།   

དེ་ཡང་། ཕྱི་ལོ་༡༩༨༨ལོར།སྲིད་གཞུང་གི་ངོས་ནས་ཀོ་རུ་ཡའི་(ཁྲོ་ཞན)སྐད་དེ་ཡན་རྦིན་གྱི་སྐད་ཡིག་གཙོ་བོར་འཇོག་པའི་སྲོལ་ཡིག་བཟོས་པ་རེད།

སྲོལ་ཡིག་དེ་ལག་བསྟར་ཡོང་བའི་སླད་དུ་ཆེད་དོན་ལྷན་ཚོགས་བཙུགས་ཤིང་།

ཁྲིམས་དང་ཚོང་ལས། ཤེས་ཡོན།སྒྱུ་རྩལ་སོགས་ལས་

རིགས་ཚང་མའི་ཁོངས་སུ་ཀོ་རི་ཡའི་(ཁྲོ་ཞན)སྐད་ཡིག་བེད་སྤྱོད་གཏོང་བའི་མཐུན་རྐྱེན་ཡང་བསྐྲུན་པ་རེད།

དེར་བརྟེན། སྲིད་གཞུང་གི་ཡིག་ཆ་ཁག་ཀོ་རི་ཡའི་(ཁྲོ་ཞན)སྐད་དུ་བཏོན་ཆོག་པ་མ་ཟད་སློབ་གྲྭའི་ཀློག་དེབ་ཀྱང་ཀོ་རི་ཡའི་(ཁྲོ་ཞན)སྐད་དུ་དཔར་གྱི་ཡོད་པ་རེད།

རྒྱལ་ནང་གི་རང་སྐྱོང་ཁུལ་གཞན་དག་ལ་ཡང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག་ཡོད་མོད། ཡན་རྦིན་རང་སྐྱོང་ཁུལ་འདི་དམིགས་བསལ་ཆགས་དོན་ནི། ཁོང་ཚོས་སྲོལ་ཡིག་དེ་ལག་བསྟར་མ་བྱས་ན་ཆད་པ་གཅོད་རྒྱུ་ཡོད་པ་བཟོས་བ་རེད།  

ཡན་རྦིན་དུ། སློབ་གསོའི་ལམ་ལུགས་དེ་ཀོ་རི་ཡའི་(ཁྲོ་ཞན)སྐད་ལ་གཏན་འཁེལ་བ་ཙམ་མ་ཡིན་པར་

ཁྲིམས་རྩོད་པ་དང་ཁྲིམས་དཔོན་སོགས་ཀྱང་ཤེས་ཡོན་སློབ་གསོ་དེ་བརྒྱུད་ནས་བསྐྱེད་བསྲིངས་བྱེད་ཀྱི་ཡོད།

དེར་བརྟེན། ཁོང་ཚོས་ཁྲིམས་རྭ་ཡང་སོ་སོའི་སྐད་ཡིག་གི་ཐོག་ལ་འཚོགས་ཐུབ་ཀྱི་ཡོད།

ཕྱི་ལོ་༢༠༠༥ལོར། ཡན་རྦིན་གྱིས་སྲོལ་ཡིག་དེ་སྔར་ལས་ཇེ་བརྟན་དང་རྒྱ་ཇེ་ཆེར་འགྲོ་བའི་སླད་དུ་ཆད་པ་གསར་བ་ཞིག་བཟོས། དཔེར་ན། ཚོང་ཁང་གི་བདག་པོས་སྒོ་བྱང་གི་ཐོག་ཏུ་ངེས་པར་དུ་ཀོ་རི་ཡའི་(ཁྲོ་ཞན)ཡི་གེ་དང་པོར་འབྲི་དགོས།

དེ་ལྟར་མ་བྱས་ཚེ་ཁྲིམས་ཀྱི་ཆད་པ་ཕོག  

ཆད་པ་མ་བཏང་ན། སྲོལ་ཡིག་ནི་རེ་སྐུལ་ཙམ་རེད།

རེ་སྐུལ་དང་དུ་མ་བླངས་ན་ཆད་པ་གཅོད་རྒྱུ་ཡོད་པ་བཟོས་ཙང་། ཡན་རྦིན་གྱིས་སྲོལ་ཡིག་འདིར་་སྟོབས་ཤུགས་བསྩལ་བ་མ་ཟད་ཀོ་རི་ཡའི་(ཁྲོ་ཞན)སྐད་ཡིག་གི་ཁོངས་སུ་མ་ལག་འཐུས་ཚང་ཞིག་བསྐྲུན་པ་རེད།