དམངས་ཁྲིམས་ལྟ་མགུར། 

 

ད་ལོའི་ཟླ་བ་བཅུ་བའི་ནང་། 
དམངས་ཁྲིམས་སྤྱི་དོན་ལག་བསྟར་བྱེད།
མ་དང་འདྲ་བའི་ཁྲིམས་འདི་ལ། 
འགྲེལ་བཤད་གསེད་བཀྲོལ་ཅུང་ཙམ་བྱ། 
 
སྦྲུམས་མའི་མངལ་དུ་གནས་པ་ཡི།
ཕྲུ་གུའི་ཐོབ་ཐང་ཁྲིམས་ཀྱིས་སྲུང་། 
དཔེར་ན་མངལ་དུ་གནས་པ་དེར། 
གང་གིས་རྒྱུ་ནོར་སྤྲད་པའི་ཚེ། 
མངལ་གནས་ཕྲུ་གུ་དེ་ཉིད་ལ། 
རྒྱུ་ནོར་འཛིན་པའི་ཐོབ་ཐང་ཡོད། 
 
བྱིས་པ་ལོ་བརྒྱད་སོན་པའི་རྗེས། 
ལོ་ཚོད་དཔག་པའི་བྱ་སྤྱོད་ལ། 
དམངས་དོན་ཐོབ་ཐང་འོས་འགན་གཉིས། 
འབྲལ་མེད་གནས་པ་ཁྲིམས་གསར་ཡིན། 
 
བྱིས་པ་དང་ནི་དབང་བོ་ནི། 
སྐྱོན་ཅན་གྱུར་བའི་སྐྱེ་བུ་ལ། 
ལྟ་སྐྱོང་མི་བྱེད་མནར་བཅད་ན། 
ལྟ་སྐྱོང་ཐོབ་ཐང་ཤོར་ཉེན་མཆིས། 
དེའི་ཕྱིར་བུ་ཕྲུག་གཅེར་བརྡུང་དང་། 
ཕ་མ་མནར་གཅོད་མ་བྱེད་ཅིག 
 
ལོ་ནི་གཞོན་ཡང་རྣམ་རིག་བཀྲ 
གསར་གཏོད་བརྩམས་ཆོས་ལ་སོགས་པར། 
ཤེས་རིག་བདག་དབང་འཛིན་ཆོག་པ། 
གཞོན་སྐྱེས་རྣམས་ལའང་ཐོབ་ཐང་བདོག 
 
གང་ཞིག་ལོ་ན་ཆུང་བའི་དུས། 
བཙན་གཡེམ་ལ་སོགས་གནོད་བྱུང་ན། 
མི་དེ་བཅོ་བརྒྱད་སོན་པའི་རྗེས། 
གནོད་བྱེད་མི་ལ་དམངས་དོན་གྱི། 
གུན་ཚབ་ལེན་པའི་ཐོབ་ཐང་གདའ། 
 
སྡེ་དམངས་ལྷན་ཁང་དགོན་པ་ལ། 
དམིགས་བསལ་ཅན་གྱི་ཚོགས་པ་ཡི། 
ཁྲིམས་གང་ཟག་གི་ཐོབ་ཐང་དེ། 
སྤྲད་པ་ཁྲིམས་འདིའི་ཁྱད་ཆོས་ཡིན། 
 
གང་གིས་གན་རྒྱ་བཤིག་པའམ། 
བསྐྱིས་པའི་དངུལ་སྒོར་དུས་ཚོད་ལྟར། 
མི་སྤྲོད་དེ་དག་ཁྲིམས་ཁང་དུ། 
གཏུག་བཤེར་བདའ་འདེད་དུས་ཡུན་དེ། 
ལོ་གསུམ་བར་དུ་ཁྲིམས་འདིས་བསྲིངས། 
མི་ནི་རྒས་པར་གྱུར་བའི་ཚེ། 
གཉེན་གྱིས་སྐྱོང་བའི་འོས་འགན་ཡོད། 
གཉེན་མེད་གཅིག་པུར་རྒས་གྱུར་ན། 
སྡེ་དམངས་ལྷན་ཁང་སྲིད་གཞུང་གི 
དམངས་སྲིད་བཅས་ཀྱིས་གསོ་སྐྱོང་བྱ། 
གཞན་ལ་གནོད་པ་བྱུང་བའི་ཚེ། 
བདག་པས་གཞན་གཅེས་ཀུན་སློང་གིས། 
སྐྱོབས་པར་བྱེད་པའི་གང་ཟག་ལ། 
གཏང་རག་ཆེ་བསྟོད་ལེགས་ཕུལ་ནས། 
སེམས་དཔར་གྱོང་གུད་ཐེབས་ཡོད་ན། 
གུན་ཚབ་སྤྲོད་པ་གཏན་འཁེལ་ཡིན། 
ཉིན་མཚན་བར་མེད་དྲ་རྒྱ་ནང་།
འཚོ་བ་རོལ་བའི་དྲ་མི་ཡི། 
ཆ་འཕྲིན་གྲངས་ཀྱི་གནས་ཚུལ་དང་། 
ལྟར་སྣང་རྒྱུ་ནོར་ཇི་སྙེད་པ། 
དམངས་ཁྲིམས་གསར་བའི་བསྲུང་བྱ་ཡིན། 
གང་གིས་སྒེར་གྱི་ཆ་འཕྲིན་དང་། 
གྲངས་ཀྱི་གནས་ཚུལ་ལ་སོགས་པ། 
ཉོ་འཚོང་བྱས་ཚེ་ཁྲིམས་དང་འགལ། 
མདོར་ན་དམངས་ཁྲིམས་སྤྱི་དོན་ཞེས། 
བྱ་བའི་ཁྲིམས་ལུགས་གསར་བ་འདི། 
མཁར་དབང་སྲུང་ལ་ཕན་པ་དང། 
སྙན་གྲགས་སྲུང་ལ་དེ་བས་ཕན། 
རྒྱུ་ནོར་ལོངས་སྤྱོད་བསྲུང་དགོས་ཚེ། 
འདི་ལས་ལྷག་པའི་ཁྲིམས་ལུགས་མེད། 
ཁྲིམས་བཤིག་སྡོང་རྒན་རལ་བ་དེ། 
རྩ་ཁྲིམས་སོག་ལེས་མི་ཆོད་ན། 
དམངས་ཁྲིམས་སྤྱི་དོན་སྟ་རེ་ཡིས། 
རྩད་ནས་ཆོད་པར་ཚོད་ལྟ་བྱོས།