༣༽ ཐོབ་ཐང་ལ་གནོད་འཚེ་འགན་ལེན་གྱི་ཁྲིམས། (侵权责任法)
ཐོབ་ཐང་ལ་གནོད་འཚེ་འགན་ལེན་གྱི་ཁྲིམས་ནི། གཞན་གྱིས་རང་ཉིད་ཀྱི་ཐོབ་ཐང་དང་ཁེ་ཕན་ལ་གནོད་འཚེ་བྱས་ན། གནོད་འཚེ་བྱེད་མཁན་དེ་དག་གིས་ཁུར་དགོས་པའི་འགན་ཁུར་ཅི་ཡོད་སྐོར་གཏན་འཁེལ་བྱས་ཡོད་པའི་ཁྲིམས་ཤིག་ཡིན། ཁྲིམས་དེའི་དོན་ཚན་ ༦༥ པ་ཡི་ནང་དུ། ཁོར་ཡུག་འབག་བཙོག་བཟོས་ཏེ་གཞན་ལ་གནོད་ཅིང་འཚེ་བ་བྱས་ན། འབོག་བཙོག་བྱེད་མཁན་གྱིས་འཚེ་བ་བྱས་པ་དེར་འགན་འཁུར་དགོས་ཞེས་འཁོད་ཡོད།
ཁོར་ཡུག་འབག་བཙོག་གི་འགན་ཁུར་རམ་གུན་གསབ་རྩ་དོན་ནི། འབག་བཙོག་བྱེད་མཁན་གྱི་སྣང་ངོར་དང་། ཀུན་སློང་། འདུ་ཤེས་འཛིན་སྟངས་བཅས་ལ་ནོར་འཁྲུལ་ཡོད་པ། ཡང་ན་ཤེས་བཞིན་དང་ཤེས་བཞིན་མ་ཡིན་པ་ལ་སོགས་པའི་སེམས་བྱུང་ཡོད་མེད་ལ་བལྟ་མི་དགོས་པར། གཞན་ལ་གནོད་འཚེ་བཟོས་པའི་མཐར་ཐུག་གི་འབྲས་སུ་མངོན་གསལ་ཅན་ཆགས་ཟིན་ཡོད་པ་ཡིན་ན། འབག་བཙོག་བཟོ་མཁན་དེས་གནོད་འཚེ་ཐེབས་ཡུལ་དེར་གུན་གསབ་སྤྲོད་འཇལ་དགོས་པ་དང་། མུ་མཐུད་ནས་གནོད་འཚེ་བྱེད་པའི་རིགས་མཚམས་འཇོག་པ་སོགས་ཀྱི་འགན་ཁུར་དགོས།
དམངས་ཁྲིམས་ཀྱིས་འདིའི་རིགས་ལ་ཤེས་ནོར་མ་ཐེབས་པའི་འཚེ་འགན་ཟེར། དེས་ན། འབྱུང་བའི་འཇིགས་པ་ལ་སོགས་པས་རྐྱེན་བྱས་ཏེ་ཁོར་ཡུག་ལ་འབག་བཙོག་ཐེབས་ཤིང་། གཞན་ལ་གནོད་ཅིང་འཚེ་བ་བྱུང་བ་ཡིན་ན། འབྲེལ་ཆགས་དོ་བདག་གིས་འཚེ་བ་དེར་འགན་ཁུར་མི་དགོས་པའི་དམིགས་བསལ་ཡང་ཡོད། ཁོར་ཡུག་འབག་བཙོག་གི་གྱོད་གཞི་བྱུང་རྗེས། ཁོར་ཡུག་འབག་བཙོག་བཟོ་མཁན་དེས་ཁྲིམས་ལུགས་ཀྱིས་གཏན་ལ་ཕབ་པའི་འགན་ཁུར་མི་དགོས་པའི་རྣམ་པ་དང་། གནོད་འཚེ་དང་འབག་བཙོག་བཟོ་མཁན་དེའི་བྱེད་རྩོལ་གྱི་དབར་ན་རྒྱུ་དང་འབྲས་བུའི་འབྲེལ་བ་མེད་པའི་ར་སྤྲོད་ཀྱི་འགན་ཁུར་དགོས། དེ་ནས་འབག་བཙོག་བཟོ་མཁན་སྣེ་མང་བྱུང་བ་ཡིན་ན། དེ་དག་ལ་གནོད་འཚེ་བྱས་པའི་ཚད་ལ་གཞིགས་པའི་འགན་ཁུར་དུ་འཇུག་དགོས།
༤༽ ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་གཏན་འབེབས་བྱས་པའི་ཁོར་ཡུག་བདག་དབང་ལ་གནོད་འཚེ་འགན་ལེན་གྱི་གྱོད་དོན་ཁྲིམས་བཤེར་བྱེད་པའི་སྐབས་སུ་ཁྲིམས་ལུགས་བཀོལ་སྤྱོད་དང་འབྲེལ་བའི་གནད་དོན་འགའི་གསེད་བཀྲོལ། (最高人民法院关于审理环境侵权责任纠纷案件适用法律若干问题的解释)
གསེད་བཀྲོལ་འདི་ནི། ༢༠༡༥ ་ལོའི་ཟླ་ ༦ ་པ་ནས་ལག་བསྟར་བྱས་པའི་ཁྲིམས་ཡིག་ཅིག་ཡིན། གསེད་བཀྲོལ་དེའི་ནང་དུ། ཁོར་ཡུག་འབག་བཙོག་གི་དབང་གིས་གནོད་པ་དང་འཚེ་བ་སོགས་བྱུང་ན། འབག་བཙོག་བཟོ་མཁན་ལ་ཤེས་བཞིན་གྱི་ནོར་འཁྲུལ་ཡོད་མེད་ལ་མ་ལྟོས་པར། འཚེ་བ་བྱས་པར་འགན་ཁུར་དགོས།” ཞེས་གསལ་ཐོག་ཆོད་པའི་སྒོ་ནས་གཏན་འཁེལ་བྱས་ཡོད།
དོན་ཚན་༡༩་ཡོད་པའི་གསེད་བཀྲོལ་དེ་ནི། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ་དམིགས་བསལ་གྱིས་གཏན་འཁེལ་བྱས་པའི་གསེད་བཀྲོལ་ཐེངས་གཉིས་པ་དེ་ཡིན། སྤྱི་ཕན་གཏུག་བཤེར་དང་སྒེར་གྱི་ཁོར་ཡུག་ལ་འཚེ་བ་བྱས་པར་འགན་ཁུར་དང་གཏུག་བཤེར་བཅས་ཀྱི་གྱོད་གཞིའི་ཁྲོད་དུ་གསེད་བཀྲོལ་འདི་ལུང་འདྲེན་དང་རྒྱབ་རྟེན་ལ་འཁྱེར་ཆོག་པ་དང་། ཁོར་ཡུག་ཙམ་མ་ཡིན་པར་སྐྱེས་ཁམས་ལ་གནོད་པ་བཟོས་པའི་འཚེ་བ་གང་ཞིག་ལ་འགན་ཁུར་དགོས་ཚེ། ཁོར་ཡུག་ལ་གནོད་འཚེ་བྱས་འབྲས་ཀྱི་འགན་ཁུར་བ་དང་ཡང་རིགས་བསྒྲེ་བྱས་ཆོག ཕུང་པོ་གསུམ་པའི་རྐྱེན་བྱས་ཏེ་གནོད་པ་དང་འཚེ་བ་བྱུང་ན། ཕུང་པོ་གསུམ་པ་དེས་ཀྱང་འཚེ་བ་བྱས་པའི་འབྲས་བུ་ལ་དཔག་པའི་འགན་ཁུར་དགོས། དཔང་རྟགས་འདོན་པའི་སྐབས་སུ། གནོད་འཚེ་ཐེབས་མཁན་གྱིས་འབག་བཙོག་དང་རང་གི་གྱོང་གུད་ཀྱི་དབར་ན་འབྲེལ་བ་འདྲ་ཆོས་ཡོད་པའི་དཔང་རྟགས་ཙམ་འདོན་དགོས་པ་མ་གཏོགས། གྱོང་གུད་དང་འབག་བཙོག་གི་བར་ན་རྒྱུ་རྐྱེན་རྟེན་འབྲེལ་ཚང་བར་ལྡན་པའི་དཔང་རྟགས་འདོན་དགོས་པའི་འགན་ཁུར་མེད། དེས་གནོད་འཚེ་ཐེབས་མཁན་ལ་དཔང་རྟགས་ར་སྤྲོད་ཐད་ཀྱི་འགན་ཁུར་ཇེ་ཡང་དུ་བཏང་ཡོད། དེ་ནས་ཁོར་ཡུག་ཚོད་དཔག་ཉམས་སད་ལས་ཁུངས་སོགས་ཀྱིས་རྫུན་དང་གཡོ་སྒྱུའི་བྱེད་རྩོལ་སོགས་བྱས་པའི་གནས་ཚུལ་བྱུང་བ་ཡིན་ན། ལས་ཁུངས་དེ་དག་གིས་ཀྱང་ཁྲིམས་ལྟར་གནོད་འཚེ་ཐེབས་མཁན་ལ་གུན་གསབ་འཇལ་བའི་འགན་ཁུར་དགོས་པ་དང་། འཚེ་བ་བྱས་པར་འགན་ཁུར་དགོས་པ་སོགས་ཁྱབ་མཉམ་དུ་འགན་ཁུར་དགོས་པ་ཡང་ཆེས་མཐོ་ཁྲིམས་ཁང་གི་གསེད་བཀྲོལ་འདིས་གཏན་འབེབས་གསལ་པོ་བྱས་ཡོད།
༥༽ ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་གྱི་གསེད་བཀྲོལ། (最高人民法院关于审理环境民事公益诉讼案件适用法律若干问题的解释)
༢༠༡༥ ་ལོའི་ཟླ་དང་པོའི་ནང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཁོར་ཡུག་དམངས་དོན་གྱོད་གཞི་ཁྲིམས་བཤེར་བྱེད་སྐབས་ཀྱི་གནད་དོན་ཁག་ལ་གཞིགས་ནས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་སྐོར་གྱི་གསེད་བཀྲོལ་ཞིག་སྤེལ་ཡོད། གསེད་བཀྲོལ་དེ་ལ་ཡོངས་གྲགས་སུ་ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་གསེད་བཀྲོལ་ཡང་ཟེར། གསེད་བཀྲོལ་འདིའི་ནང་དུ། ཁུལ་རིམ་པའི་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ནང་དུ་ཐོ་འགོད་བྱས་ཡོད་པའི་སྤྱི་ཚོགས་ཚོགས་པ་དང་། དམངས་སྒྲུབ་ཁེ་གཉེར་མིན་པའི་ཚོགས་པ་དང་ཐེབས་རྩ་ཚོགས་པ་སོགས་ཀྱིས་ཁྲིམས་ཁང་ལ་ཁོར་ཡུག་དང་སྐྱེས་ཁམས་ལ་གཏོར་བརླག་དང་འབག་བཙོག་བཟོས་པའི་དབང་གིས་སྤྱིའི་ཁེ་ཕན་ལ་གནོད་འཚེ་བྱས་པའི་ཁེ་གཉེར་དང་བཟོ་གྲྭ་སོགས་ལ་དམངས་དོན་གཏུག་བཤེར་ཞུ་ཆོག་པའི་ཐོབ་ཐང་སྤྲད་ཡོད་ཅིང་། ལྷག་པར་ཏུ་ཞུ་གཏུག་བྱེད་ཆོག་མཁན་གོང་གི་ཚོགས་པ་གསུམ་ཁོ་ན་མིན་སྟབས། དེས་ང་ཚོ་བོད་མི་རྣམས་ཀྱིས་སོ་སོའི་ས་གནས་ཀྱི་དགོན་པ་ལའང་ཁོར་ཡུག་སྤྱི་ཕན་གཏུག་བཤེར་ཞུ་ཆོག་པའི་གནས་བབ་ཅིག་སྤྲད་ཡོད་པ་ཤེས་དགོས། དེར་བརྟེན། ང་ཚོས་བོད་ཀྱི་དགོན་པ་ཁག་གིས་ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་ཐོབ་ཐང་དང་འོས་འགན་དང་དུ་བླངས་ཏེ། བོད་ཁུལ་གྱི་ཁོར་ཡུག་ལ་གཏོར་བརླག་བྱེད་བཞིན་པའི་གནད་དོན་རིགས་ཀྱི་ཁ་གཏད་གཅོག་ཏུ་འཇུག་ཆེད་ཁྲིམས་འཛིན་གསེད་བཀྲོལ་འདི་དག་ངེས་པར་དུ་ཤེས་པ་བྱེད་དགོས།
རྒྱལ་ཡོངས་ན་འདི་འདྲའི་ཚད་ལྡན་གྱི་ཚོགས་པ་༨༠༠་ལྷག་ཡོད་པས། ཁོར་ཡུག་འབག་བཙོག་ལས་གྱོང་གུད་ཐེབས་པའི་མི་དང་ཚོགས་པ་རྣམས་ཀྱིས་ཁོང་ཚོར་རེ་འདུན་བཏོན་ནས་རོགས་དན་བཅོལ་ནའང་འགྲིག ཁོར་ཡུག་སྤྱི་ཕན་གཏུག་བཤེར་གྱི་ཁྲིམས་བཤེར་དང་པོའི་ཁྲིམས་ཁང་དེ་ས་གནས་ཀྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་ཡིན་དགོས་པ་དེས་ཀྱང་ཁོར་ཡུག་འབག་བཙོག་གི་གྱོད་གཞིའི་རིགས་ས་གནས་ཀྱི་གཞི་རིམ་སྲིད་གཞུང་གིས་འགེབས་སྲུང་བྱེད་པའི་རྒྱ་ལས་ཐར་ཐུབ་པ་ཞིག་བཟོས་ཡོད།
༦༽ སྲིད་གཞུང་གི་སྲིད་དོན་ཆ་འཕྲིན་གསལ་བསྒྲགས་ཀྱི་སྲོལ་ཡིག (中华人民共和国政府信息公开条例)
སྲོལ་ཡིག་འདི་ནི། ༢༠༠༨་ལོ་ནས་ལག་བསྟར་བྱས་ཡོད། སྲོལ་ཡིག་དེའི་དམིགས་ཡུལ་ནི། སྲིད་གཞུང་གི་སྲིད་དོན་ཕྱི་གསལ་ནང་གསལ་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོབ་བྱེད་པ་དེ་ཡིན། སྲིད་གཞུང་གི་འཛིན་སྐྱོང་གནས་ཚུལ་དང་ཆ་འཕྲིན། ཐག་གཅོད་དང་སྲིད་འཛིན་འགྲོ་སོང་སོགས་མི་དམངས་ལ་ཤེས་རྟོགས་ཡོང་བ་བཟོས་ན། སྲིད་གཞུང་གི་འཛིན་སྐྱོང་ཡང་དག་པ་ཞིག་ཡོང་བ་ལ་ཕན་པར་མ་ཟད། མི་དམངས་ཀྱིས་སྲིད་གཞུང་གི་ལས་དོན་ལ་རྒྱུས་ལོན་བྱས་ཏེ་རང་ཉིད་ཀྱི་ཐོབ་ཐང་སྲུང་སྐྱོབ་བྱེད་པར་ཡང་ཕན་པ་ཡོད། དཔེར་ན། སྲིད་གཞུང་གི་ཁོར་ཡུག་སྲུང་སྐྱོབ་ལས་ཁུངས་སོགས་ཀྱིས་བཟོ་གྲྭ་དང་གཏེར་ཁ་བསྔོག་འདོན་བཟོ་གྲྭ་སོགས་ཀྱིས་ཁོར་ཡུག་ལ་འབག་བཙོག་ག་ཚོད་བཟོ་ཡི་ཡོད་པ་དང་། ཁོར་ཡུག་དང་སྐྱེས་ཁམས་ལ་གནོད་པ་གང་འདྲ་ཞིག་ཐེབས་རྒྱུ་ཡིན་པ་དང་། གནོད་པ་ཐེབས་བཞིན་པའི་གནས་ཚུལ་དང་ཆ་འཕྲིན་བརྟག་དཔྱད་དང་རྗེས་སུ་སྙེག་པའི་འགན་ཁུར་ཡོད་པ་དང་། དེ་དག་གི་དཔྱད་འབྲས་ཡིག་ཚགས་སུ་ཉར་ནས། ཕྱིས་ན་མི་མང་གིས་ཤེས་རྟོགས་ཆེད་མཁོ་སྤྲོད་ཀྱི་རེ་འདུན་ཞུས་ན་དེ་རིགས་མཁོ་སྤྲོད་བྱེད་པའི་འོས་འགན་ཀྱང་ཡོད།
མང་ཚོགས་ནས་ཀྱང་བཟོ་གྲྭ་སོགས་ཀྱིས་ཁོར་ཡུག་འབག་བཙོག་བཟོས་པ་དེས་རང་དང་སྡེ་བ་སོགས་ཀྱི་ལུས་སྲོག་ལོངས་སྤྱོད་ལ་གནོད་འཚེ་ཐེབས་བཞིན་པ་དང་ཐེབས་རྒྱུ་ཡིན་པའི་དོགས་གནས་བྱུང་བ་ཡིན་ན། དེ་དག་གི་རིགས་སྲིད་གཞུང་ལ་གཏུགས་པ་ཡིན་ན། བཟོ་གྲྭ་དེ་དག་གིས་གནོད་འཚེ་རང་བཞིན་ཅན་གྱི་དངོས་རྫས་དང་གད་སྙིགས་སོགས་གཙང་པོ་དང་ས་འོག་སོགས་སུ་འདོར་བའམ་འཆབ་པའི་གནས་ཚུལ་དེ་དག་སྲིད་གཞུང་ནས་རྒྱུས་ལོན་བྱས་ཏེ། ཕྱིས་སུ་བཟོ་གྲྭ་སོགས་ལ་ཁ་གཏད་ཀྱི་ཁ་མཆུ་འཛུགས་དུས་བདེན་དཔང་དུ་འཛིན་ཐུབ་པའི་ཕན་ཐོགས་ཡོད། མང་ཚོགས་ཀྱི་ངོས་ནས་སྲིད་གཞུང་གི་ཁོར་ཡུག་ལས་ཁུངས་ཀྱིས་དཔྱད་འབྲས་སོགས་གསལ་བསྒྲགས་བྱེད་དགོས་པའི་རེ་འདུན་འདོན་དགོས།
རྒྱལ་ཁབ་ཀྱི་གསང་བ་དང་བདེ་འཇགས་ལ་འབྲེལ་བ་ཡོད་པའི་གསང་བ། ཚོང་ལས་ཀྱི་གསང་བ་དང་། གང་ཟག་སྒེར་གྱི་གསང་བ་མ་གཏོགས། སྲིད་གཞུང་གིས་སྲིད་དོན་དང་འབྲེལ་ཆགས་ཀྱི་གནས་ཚུལ་དང་ཆ་འཕྲིན་སོགས་མི་དམངས་ལ་གསལ་བསྒྲགས་བྱེད་དགོས། གལ་ཏེ། སྲིད་གཞུང་གིས་གང་ཟག་དང་མི་མང་གི་རེ་འདུན་ལྟར་གསལ་བསྒྲགས་རུང་བའི་གནས་ཚུལ་གསལ་བསྒྲགས་མི་བྱེད་པའམ་བཟློག་ན། འབྲེལ་ཡོད་གང་ཟག་དེ་དང་འབྲེལ་ཡོད་ཚོགས་པ་དེ་དག་ལ་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་སོགས་ཀྱི་ཐབས་ལམ་བརྒྱུད་ནས་ཁྲིམས་མཐུན་གྱི་ཐོབ་ཐང་སོར་ཆུད་ཡོང་བ་བྱས་ན་ཆོག
(མུ་འགོད་བྱེད་གིན་ཡིན།)