ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་པ་ལས་འཕྲོས་པ། 

 

ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་ཡི་ཚན་པ་༢་པ་ནི་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་པའི་བྱས་ཉེས་ཀྱི་མཚན་ཉིད་དང་དེ་ལ་དཔག་པའི་ཉེས་ཆད་གཏན་འབེབས་བྱས་ཡོད་པའི་ཉེས་ཁྲིམས་ཀྱི་དོན་ཚན་ཞིག་ཡིན། དེའི་མཚན་ཉིད་ནི་སྦྱོར་བ་བོ་གང་ཞིག་གིས་རྒྱལ་ཁབ་ཁ་ཕྲལ་བར་བྱ་ཆེད་དང་རྒྱལ་ཁབ་གཅིག་གྱུར་གཏོར་བརླག་བྱ་ཆེད། ས་གནས་སྲིད་དབང་སྒེར་གཅོད་བྱས་ཏེ་དབུས་གཞུང་ངམ་ཀྲུང་དབྱང་གི་བཀའ་ཁྲིམས་དང་འགོ་ཁྲིད་ལ་ངོ་ལོག་བྱེད་པའམ། ས་གནས་རང་བཙན་དང་མི་རིགས་དགྲར་ལངས་ཀྱི་འགལ་ཟླ་བཟོས་ནས་མི་རིགས་སྣ་མང་ཀྱི་རྒྱལ་ཁབ་ཞིག་ཁ་ཕྲལ་བར་སྐུལ་སློང་དང་སྐུལ་འདེད་བྱེད་པའི་ནག་ཉེས་ཀྱི་བྱ་སྤྱོད་བསགས་པ་ཞིག་ལ་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་པའི་བྱས་ཉེས་ཟེར། ནག་ཉེས་འདི་རིགས་ནི་རྩོལ་ཉེས་ཡིན་པས་སྐུལ་སློང་གི་བྱ་རྩོལ་ལམ་སྦྱོར་བའམ་སྤེལ་མ་ཐག་མཐར་ཐུག་གི་འབྲས་བུ་མངོན་གྱུར་མ་བྱུང་རུང་ནག་ཉེས་གྲུབ་ཟིན་པ་ཞིག་ལ་ཟེར་

གི་ཡོད། དེའི་རྒྱུ་མཚན་གྱིས་མི་གཞན་ལ་སྐུལ་སློང་བྱས་ནས་རྒྱལ་ཁབ་ཁ་འཐོར་བའམ་མི་རིགས་འགལ་ཟླའི་མཇུག་འབྲས་དེ་མངོན་གྱུར་བྱུང་ཡོད་མེད་ལ་རྟེན་ནས་ཉེས་ཆད་གཅོད་དགོས་པ་ཞིག་མིན་པར་རྩོལ་བ་རང་དེ་ལ་ཉེས་ཆད་བཅད་ན་ཆོག རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱེད་པའི་ནག་ཉེས་འདི་ནི་རྒྱལ་ཁབ་བདེ་འཇགས་ལ་འབྲེལ་བ་ཡོད་པའི་ཉེས་བྱས་ཤིག་ཡིན་པས་དེའི་ཆད་པའང་ཤིན་ཏུ་ལྗིད། སྐུལ་སློང་གི་ལས་ལ་འགོ་ཁྲིད་དང་རྩ་འཛུགས་བྱེད་མཁན་ནམ་བྱས་ཉེས་ཚབས་ཆེན་བཟོས་མཁན་ལ་ལོ་༥་ཡན་དང་ལོ་༡༥་མན་གྱི་བཙོན་འཇུག་གི་ཉེས་ཆད་བཅད་ཆོག་པ་དང་། བྱས་ཉེས་ཕལ་བ་བ་ལ་ལོ་༥་མན་གྱི་བཙོན་འཇུག་གི་ཁྲིམས་ཐག་བཅད་ཆོག་ཅེས་དོན་ཚན་༡༠༣་ནང་དུ་འཁོད་ཡོད། ལར་བྱས་ཉེས་འདིའི་གནོད་བྱའམ་གཞི་རྟེན་ནི་རྒྱལ་ཁབ་བདེ་འཇགས་དང་མི་རིགས་མཐུན་སྒྲིལ་ཡིན་པ་དང་། སྦྱོར་བ་ནི་རྒྱལ་ཁབ་ཁ་ཕྲལ་བར་བྱེད་ཆེད་ས་གནས་རང་བཙན་དང་ས་གནས་སྲིད་དབང་སྒེར་འཛིན་བྱས་ཏེ་དབུས་གཞུང་ལ་ངོ་རྒོལ་བྱེད་པར་སྐུལ་སློང་ངམ་ངན་བསྐུལ་གྱི་བྱ་སྤྱོད་སྤེལ་བ། བསམ་པ་ནི་རྒྱལ་ཁབ་ཁ་བྲལ་བའམ་མི་རིགས་འགལ་ཟླ་བྱུང་བའམ་སྲིད་དབང་ཁ་འཐོར་བར་བསམ་བཞིན་ཏུ་རེ་ལྟོས་འཆའ་བའི་ཀུན་སློང་གིས་ཟིན་པ། མངོན་འདོད་ཙམ་མ་ཡིན་པར་རེ་ལྟོས་འཆའ་བའི་དངོས་པོའམ་བྱ་བ་མངོན་གྲུབ་བྱུང་ཆེད་དེ་ལ་མཐུན་སྦྱོར་བྱེད་པའི་གོང་འཁོད་ཀྱི་ལས་ཅི་རིགས་སྤེལ་ཟིན་ན་བྱས་ཉེས་དེའི་མཐར་ཐུག་གྲུབ་པ་ཡིན། དེ་ལྟ་བས་བྱས་ཉེས་འདི་གྲུབ་དགོས་ན་གཞི་བསམ་སྦྱོར་མཐའི་ཡན་ལག་འདི་བཞི་ངེས་པར་དུ་ཚང་དགོས། གལ་ཏེ་ཡན་ལན་གང་རུང་མ་ཚང་ན་བྱས་ཉེས་མི་འགྲུབ་པའི་རྒྱུ་མཚན་གྱིས་ན་སྨད་དམ་ལྟུང་བྱེད་ཅི་རིགས་སུ་བཞག་ནས་སྲིད་འཛིན་ཆད་པ་གཅོད་པའམ་ཉེན་བརྡ་གཏོང་བའམ་གུ་ཡངས་པར་འཇོག་པ་ལས་ཉེས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཉེས་ཆད་གཅོད་མི་ཆོག གལ་ཏེ་འུ་ཚུགས་མཐར་སྐྱེལ་གྱིས་ཉེས་ཆད་བཅད་ན་ཉེས་ཁྲིམས་ཀྱི་དོན་ཚན་༡༣་གྱིས་གཏན་འཁེལ་བྱས་པའི་ཉེས་ཆད་ཁྲིམས་ཀྱིས་གཏན་འབེབས་ཀྱི་རྩ་དོན་ལ་འགལ་ཡོད།

ད་བར་རྒྱལ་ཁབ་ཀྱི་མི་རིགས་ས་ཁུལ་ལ་ལ་ནས་རྩ་ཁྲིམས་ཀྱི་དོན་ཚན་༤༡་གི་བཀའ་ལུང་ལ་རྟེན་ནས་རང་རང་ས་ཁུལ་གྱི་མི་དམངས་སྲིད་གཞུང་སོགས་ཀྱིས་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས་ལག་བསྟར་མ་བྱས་པའམ་འཐུས་ཚང་བར་ལག་བསྟར་མ་བྱས་པའི་ལེ་ལན་གྱིས་མི་རིགས་ས་ཁུལ་དེའི་དཔལ་འབྱོར་དང་རིག་གནས་ལ་བགེགས་དང་བར་ཆད་བྱེད་བཞིན་འདུག་ཅེས་སྤྱི་དམངས་ཀྱིས་སྐྱོན་བརྗོད་དང་བསམ་ཚུལ་བཏོན་པའམ། རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱིས་མངོན་གསལ་དུ་གཏན་འཁེལ་བྱས་པའི་ཐོབ་ཐང་དེ་དག་མངོན་གྱུར་བྱ་དགོས་ཞེས་བསམ་འཆར་དང་རེ་འདུན་ཡིག་ངག་བརྙན་གསུམ་གང་རུང་གི་སྒོ་ནས་སྤེལ་བའི་བྱ་སྤྱོད་དེ་དག་ནི་རྩ་ཁྲིམས་ཐོབ་ཐང་ལོངས་སྤྱོད་བྱས་ཏེ་བསམ་འཆར་བཤད་པའི་བྱ་སྤྱོད་ཡིན་པ་ལས་ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་པས་གཏན་འབེབས་བྱས་པའི་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ཉེས་བྱས་ཀྱི་བྱ་སྤྱོད་མིན། དེའི་རྒྱུ་མཚན་གྱིས་གང་ཞིག་ནག་ཉེས་ཡིན་པ་དང་གང་ཞིག་ཐོབ་ཐང་ལོངས་སྤྱོད་ཡིན་པའི་མུའམ་སོ་མཚམས་དེ་ང་ཚོས་ངེས་པར་དུ་ཤེས་ནས་བསྲུང་དགོས་པ་མ་ཟད། ཁྲིམས་ཁང་དང་ས་གནས་སྲིད་གཞུང་གིས་ཀྱང་གནད་དེ་ཤེས་པའི་སྒོ་ནས་བསྲུང་དགོས། བཀྲ་ཤིས་དབང་ཕྱུག་གིས་དེང་སྐབས་བོད་སྐད་ཡིག་གི་གནས་བབས་དང་དེ་ལས་མཆེད་པའི་གནད་དོན་ཁག་སྤྱི་དམངས་ཞིག་ཡིན་པའི་ཆ་ནས་ཆེས་མཐོ་མི་དམངས་ཁྲིམས་ཁང་སོགས་ལ་ཞུ་གཏུག་བྱས་པ་དེ་ང་ཚོའི་སྣང་ངོར་དེ་ནི་ཁྲིམས་མཐུན་གྱི་བྱ་སྤྱོད་ཅིག་ཡིན་པར་གྲུབ་ཡོད་མོད། ཁོང་གི་བྱ་སྤྱོད་དེ་ལ་གསར་ལམ་ལ་ལས་བེད་སྤྱོད་བཏང་ནས་སྲིད་གཞུང་ལ་ཁ་བཏང་བའི་ངན་འབྲས་བྱུང་ཡོད་ཀྱང་། ངན་འབྲས་དེ་ནི་བཀྲ་ཤིས་དབང་ཕྱུག་གིས་སྦྱོར་བ་མིན་ལ་བཀྲ་ཤིས་དབང་ཕྱུག་གི་མངོན་འདོད་དེ་བས་ཀྱང་མིན། དེའི་རྒྱུ་མཚན་གྱིས་སྲིད་གཞུང་གི་ཆེ་མཐོང་ལ་གནོད་མཁན་དེ་གསར་ལམ་དང་ས་གནས་སྲིད་གཞུང་ཡིན་པ་ལས་བཀྲ་ཤིས་དབང་ཕྱུག་མིན། སང་ཉིན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་བཀྲ་ཤིས་དབང་ཕྱུག་གི་གྱོད་དོན་ལ་ཁྲིམས་བཤེར་བྱེད་གིན་རེད། གཙོ་འཛིན་ཞི་ཅིན་ཕུན་གྱིས་མང་ཚོགས་ལ་ཁྲིམས་འཛིན་གྱོད་དོན་རེ་རེའི་ཁྲོད་ནས་འདྲ་མཉམ་དྲང་བདེན་གྱི་ཚོར་བ་རོལ་བར་འབད་འབུངས་བྱེད་དགོས་(“努力让人民群众在每一个司法案件中都感受到公平正义” 习近平语)ཞེས་པའི་བསྐུལ་སློང་ལྟར། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཁྲིམས་ཁང་གིས་ཀྱང་ཡུལ་ཤུལ་ཁུལ་ཁྲིམས་འཛིན་ལས་ཁུངས་ཀྱིས་ལོ་གཉིས་རིང་ལ་ཁྲིམས་ཐག་མ་བཅད་པར་བཀག་ཉར་བྱས་ཡོད་པའི་བཀྲ་ཤིས་དབང་ཕྱུག་ལ་ཁྲིམས་འཛིན་དྲང་བདེན་གྱི་བདེ་དྲོད་དེ་སྦྱིན་དགོས། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་སྦྱོང་སྤེལ་སྤྱོད་གསུམ་གྱི་གནས་བབས་དང་ལས་དོན་ལ་སྐྱོན་དང་འཐུས་ཤོར་མི་ཉུང་བ་ཞིག་ཡོད་པས། སྤྱི་དམངས་སུ་གང་གིས་སྐྱོན་བརྗོད་རུང་བ་དང་བསམ་འཆར་བཤད་རུང་བ་ཞིག་གི་ཚད་ལ་ཐོན་ཡོད། སྐྱོན་བརྗོད་དང་བསམ་འཆར་ལས་ཡུལ་ཤུལ་ཁུལ་གྱི་དབང་འཛིན་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་དང་མི་དམངས་ཀྱི་རེ་འདུན་ལྟར་ལས་དོན་དྲང་བདེན་སྒོས་བསྒྲུབ་གིན་རེད། ང་ཚོས་ཡིད་ཆེས་དང་ཡི་མུག་གི་སོ་མཚམས་ནས་ལྟོས་ནས་བསྡད་ཡོད། ཉན་ནས་བསྡད་ཡོད། ཁྲིམས་འཛིན་དྲང་བདེན་ཉིད་རྒྱལ་གྱུར་ཅིག