—- དབུས་གཙང་གི་སློབ་ཆེན་སློབ་མའི་ཚོགས་པ་ཞིག་ལ་བཤད་པའི་སྐད་ཆ།
ཐོག་མར་ངས་འདི་ནས་ཁྱེད་རྣམ་པ་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཏུ་ཚོགས་གཙོ་ཡིས་མགྲོན་འབོད་བྱས་པ་ལ་སྙིང་ཐག་པས་བཀའ་དྲིན་ཆེ་ཞུས་པ་ཡིན། ངས་དབུས་སྐད་ཡག་པོ་ཞིག་བཤད་མི་ཤེས། དེའི་རྒྱུ་མཚན་གྱིས་ངས་སྐད་ཆ་བཤད་པ་ཧ་མ་གོ་མཁན་ཡང་མང་བོ་ཡོད་སྲིད་ཀྱི་རེད། ཡིན་ནའང་སེམས་ཁྲལ་མ་གནང་རོགས། ངས་བཤད་པའི་སྐད་ཆ་ཡིག་ཐོག་ཏུ་ཕབ་ནས་སང་ཉིན་གནིངས་ཉིན་དྲ་ཐོག་ཏུ་བཞག་གི་ཡིན། ཁྱེད་ཚོས་ཡིག་ཐོག་ནས་གོ་བ་ལེན་ཐུབ། ང་ནམ་རྒྱུན་ཁྲིམས་ལུགས་བཤད་སར་མགྲོན་འབོད་གནང་མཁན་བོད་པའི་རོང་འབྲོག་མང་ཚོགས་ཡིན་ལ་ངའི་དམིགས་ཡུལ་གཙོ་བོ་དེ་ཡང་རོང་འབྲོག་མང་ཚོགས་ལ་ཕན་འདོགས་པའི་ཆེད་དུ་ཁྲིམས་ལུགས་ག་ཚོད་ཐུབ་ཐུབ་ཀྱིས་བཤད་གིན་ཡོད། ད་ལན་ཁྱེད་སློབ་གྲྭ་ཆེན་མོའི་སློབ་མའི་ཚོགས་པ་ཞིག་གིས་ང་མགྲོན་འབོད་བྱས་པ་དེ་ལ་ང་སེམས་གཏིང་ནས་དགའ་བོ་བྱུང་། གང་ཡིན་ཞེ་ན། ཁྱེད་ཅག་ནི་བོད་མི་རིགས་ཀྱི་མ་འོངས་པ་ཡིན། ཁྱེད་ཅག་ནི་ང་ཚོའི་ལག་ནས་མི་རིགས་འདིའི་བདེ་སྡུག་གི་ཁུར་བོ་ཕྲག་ཏུ་ལེན་མཁན་དུ་གྱུར་ཡོད་པའི་རྒྱུ་མཚན་གྱིས་ཡིན། ཨ་ཧྥེ་རི་ཀའི་མི་རིགས་ལ་གཏམ་དཔེ་ཞིག་ཡོད། དེ་ནི་ཁྱེད་རང་མགྱོགས་པོར་འགྲོ་འདོད་ན་ཁེར་རྐྱང་ངང་སོང་། ཁྱེད་རང་རྒྱང་རིང་བར་འགྲོ་བསམ་ན་གྲོགས་དང་བཅས་པར་སོང་།“If you want to go fast, go alone. If you want to go far, go together” ཟེར། ང་ཚོའི་མི་རིགས་འདི་དར་རྒྱས་དང་དཔལ་ཡོན་ཅན་ཞིག་ཏུ་འགྱུར་བའི་བགྲོད་ལམ་ནི་ཤིན་ཏུ་རྒྱང་ཐག་རིང་བོ་ཞིག་ཡིན་པའི་ཆ་ནས་ང་ཁྱེད་ཅག་དང་མཉམ་དུ་འགྲོ་བར་འདོད། ང་ཚོས་ངེས་པར་དུ་མཉམ་དུ་འགྲོ་དགོས།
དེ་རིང་གི་བརྗོད་བྱ་ནི་བོད་རིགས་སློབ་ཆེན་སློབ་མ་ཞིག་ཡིན་ན་ཁྲིམས་ཤེས་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་པ་དེ་ཡིན། ༡༩༩༤་ལོར་ངས་ཀྱང་འདི་འདྲའི་དྲི་བ་ཞིག་སེམས་ལ་བཅིངས་ནས་པེ་ཅིན་ན་ཡོད་པའི་ཀྲུང་གོའི་སྲིད་ཁྲིམས་སློབ་གྲྭ་ཆེན་མོར་ཁྲིམས་ལུགས་སློབ་སྦྱོང་བྱེད་གི་སོང་། དེ་ནས་ངས་ལོ་གསུམ་ལ་ཁྲིམས་ལུགས་སྦྱངས། སློབ་གྲྭ་དེ་ནང་དུའང་དབུས་གཙང་གི་ནང་ལོགས་སློབ་གྲྭ་འགྲིམས་པའི་བོད་རིགས་སློབ་མ་བཅུ་ལྷག་ཡོད། ང་ཚོའི་བར་ན་གཞན་དང་མི་འདྲ་བའི་དགའ་ཚོར་དང་མཛའ་བརྩེ་ཡི་འབྲེལ་བ་ཆགས། ཁོང་ཚོ་དང་ལྷན་ཏུ་སློབ་སྦྱོང་དང་རོལ་རྩེད་བྱས་པའི་དུས་ཚོད་ནི་བརྗེད་དཀའ་བ་ཞིག་ཡིན། སྲིད་ཁྲིམས་སློབ་ཆེན་ནས་མཐར་ཕྱིན་པའི་རྗེས་སུ་ངས་ད་དུང་ཁྲིམས་ལུགས་སློབ་སྦྱོང་བྱེད་དགོས་བསམ་ནས་པེ་ཅིན་སློབ་ཆེན་གྱི་ཁྲིམས་ལུགས་སྡེ་ཁག་གི་ཞིབ་འཇུག་སློབ་མའི་སྡེ་ཁག་ནས་ཡང་བསྐྱར་ལོ་གཅིག་ལ་ཁྲིམས་ལུགས་སློབ་གཉེར་བྱས། ངས་སྐབས་དེར་བོད་རིགས་སློབ་ཆེན་སློབ་མ་ཞིག་ཡིན་ན་ཁྲིམས་ཤེས་དགོས་པའི་རྒྱུ་མཚན་ཅི་ཡིན་ཞེས་སེམས་ལ་བཅིངས་ཡོད་པའི་དྲི་བ་དེ་ལ་ལན་ད་དུང་རྙེད་ཚོར་མ་བྱུང་། ༡༩༩༨་ལོ་མཇུག་ནས་བཟུང་ང་མཚོ་སྔོན་ལ་ལོག་ནས་བོད་མིའི་འབྲོག་སྡེ་གཙོས་པའི་གྲོང་སྡེ་ཆུང་ཆུང་ཞིག་ནས་ཁྲིམས་ལུགས་བློ་འདྲིའི་ལས་དོན་ལོ་ཁ་ཤས་ལ་གཉེར་བའི་རྗེས་སུ། ངས་ད་གཟོད་གཞི་ནས་བོད་རིགས་སློབ་ཆེན་སློབ་མ་ཞིག་ཡིན་ན་ཁྲིམས་ལུགས་ཤེས་དགོས་པའི་རྒྱུ་མཚན་ལ་སེམས་གཏིང་ནས་ངེས་ཤེས་རྙེད་པའི་འགོ་བརྩམས། ང་ཐོག་མར་སློབ་ཆེན་འགྲིམས་དུས་ངའི་ཆེད་ལས་ནི་བོད་ཀྱི་རྩོམ་རིག་དང་ནང་ཆོས་རྒྱལ་རབས་སོགས་ཡིན། དེ་ནས་མཐར་ཕྱིན་པའི་སྐབས་སུ་ངས་བོད་ཀྱི་གནའ་རབས་ཁྲིམས་ཡིག་ཕྱོགས་སྒྲིག་ཅེས་པའི་དེབ་ཅིག་མཐོང་བས། དེའི་ནང་གི་ཞལ་ལྕེ་དང་ཁྲིམས་ཡིག་ལ་སོགས་པའི་ངོ་མཚར་བའི་རིག་གནས་དང་ལོ་རྒྱུས་ལ་དགའ་མོས་ཞེ་དྲག་བྱུང་། བོད་ཡིག་སློབ་ཆེན་མཐར་ཕྱིན་པའི་རྗེས་སུ་ཁྲིམས་ལུགས་ཤིག་སྦྱངས་ན་ཡག་ས་རེད་བསམ། ངས་ཁྲིམས་ལུགས་སྦྱངས་འདོད་པ་དེའང་ང་རང་གི་གཉེན་ཉེ་དུ་ཞིག་ཁྱིམ་མཚེས་སྡེ་བ་དང་ས་རྩོད་ཆུ་རྩོད་བྱས་ཏེ་ཁོང་གིས་སྡེ་བ་གཞན་གྱི་མི་ཞིག་རྨས། ངའི་ཉེ་དུ་དེ་སྔགས་པ་ཞིག་ཡིན་ལ་སྔགས་རལ་ཡང་ཡོད། ཉེན་རྟོག་པས་ཁོང་བཀག་ཉར་ཟླ་གཅིག་གཉིས་ལ་བྱས་ཤིང་ལྟ་རྟོག་ཁང་ནས་ཉེན་རྟོག་པས་ཁོང་གིས་སྔགས་རལ་དེ་བཙན་གྱིས་བྲེགས་པས། ཁོང་ཐུགས་ཤིན་ཏུ་ཕམ་ནས་ངའི་སར་ཡོང་སྟེ་ང་ལ་ཞུ་གཏུག་ཡི་གེ་ཞིག་བྲིས་སུ་བཅུག སྐབས་དེར་ངའི་སེམས་ལ་ཁྲིམས་ཤེས་རྒྱུ་ན་ངས་ཁོང་ལ་ཞུ་གཏུག་ཡི་གེ་ཡག་ཐག་ཆོད་ཅིག་འབྲི་ཐུབ་ཞེས་པའི་ཚོར་སྣང་ཤུགས་དྲག་ཅིག་སྐྱེས། དེའི་སྐབས་སུ་ང་རང་བོད་ཡིག་སློབ་ཆེན་དུ་ཡོད། དོན་རྐྱེན་འདི་དག་ནི་ངས་ཁྲིམས་ཤེས་འདོད་པའི་སྒུལ་ཤུགས་སུ་གྱུར། བོད་ཡིག་སློབ་ཆེན་མཐར་ཕྱིན་པའི་རྗེས་སུ་ངས་ས་གནས་ཆུང་ཆུང་ཞིག་གི་ཁྲིམས་རྩོད་པའི་ལས་ཁུངས་ལ་སྐད་སྒྱུར་གྱི་ལས་ཀ་ལས། དེ་ནས་ཡིག་རྩལ་བཏངནས་ཁྲིམས་ལུགས་སློབ་ཆེན་ལ་འགྲོ་བའི་གོ་སྐབས་བྱུང་། ང་ཕ་ཡུལ་ལ་ཕྱིར་ལོག་ནས་ཁྲིམས་ལུགས་ལས་ཀ་ལས་དུས། ནམ་རྒྱུན་ངའི་སར་ཡོང་ནས་བློ་འདྲི་བྱེད་མཁན་མང་ཆེ་བ་ཞིང་བ་དང་འབྲོག་པ་རང་ཡིན། ཁོང་ཚོས་རྒྱ་ཡིག་མི་ཤེས་པས་རྐྱེན་གྱིས་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ལ་ཤེས་ཚོར་བྱུང་ཐུབ་གིན་མེད་པ་དེ་གནད་དོན་ཆེན་པོ་ཞིག་ཏུ་མཐོང་། ཡིན་ནའང་ཁོང་ཚོའི་ཁེ་ཕན་དང་ཐོབ་ཐང་ལ་ས་གནས་སྲིད་གཞུང་འདུས་པའི་མི་དང་ཚོགས་པ་གཞན་གྱིས་མིག་མཐོང་ལག་ཟིན་གྱི་གནོད་འཚེ་བྱས་ན་ཁོང་ཚོ་ཁ་བཙུམས་ནས་ཁ་རོག་གེར་མ་བསྡད་པར་ཁྲིམས་ལུགས་ལ་སྐྱབས་བཅོལ་བྱས་ཏེ་དྲང་བདེན་ཡོང་བ་ལ་རེ་བ་མི་བྱེད་ཐབས་མེད་བྱུང་། དེའི་རྒྱུ་མཚན་གྱིས་ད་ལྟའི་ཆར་བོད་ཀྱི་རོང་འབྲོག་མང་ཚོགས་ཀྱིས་ཁྲིམས་གང་འཚམས་ཤིག་ཤེས་ཡོད་པ་དེ་རྒྱལ་ཁབ་ཀྱི་བཀའ་དྲིན་མ་རེད། སྲིད་གཞུང་གི་བཀའ་དྲིན་མ་རེད། དེ་ནི་མི་གཞན་གྱིས་ཁོང་ཚོའི་ཐོབ་ཐང་ལ་གནོད་འཚེ་བྱས་དང་བྱེད་བཞིན་གྱི་སུན་གཙེར་ལ་ཐབས་ཟད་ནས་ངོ་རྒོལ་བྱེད་པའི་ཆོད་སེམས་ལས་བྱུང་བ་རེད། ལྷ་ས་བར་ཁ་དཔེ་ཞིག་ཡོད། རྐྱང་ཐང་ནག་ཁར་ཐོན་ན།། རྟ་ལས་བོང་བུ་མགྱོགས་པ།། བོང་བུ་མགྱོགས་ནས་མ་རེད།། སྒལ་ཚིགས་ན་ནས་མགྱོགས་རེད་ཟེར། ང་ཚོར་འདི་འདྲའི་མང་ཚོགས་མང་བོ་ཞིག་སྡུག་བསྔལ་གྱི་གནས་སུ་གནས་ཡོད། བོད་ལ་ཁྲིམས་རྩོད་པ་ཤིན་ཏུ་ཉུང་། ལྷག་པར་དུ་རོང་འབྲོག་ས་ཕྱོགས་ན་རྫོང་དང་རྫོང་ལ་ཁྲིམས་རྩོད་པ་གཅིག་ཀྱང་མེད་པའི་གནས་ཚུལ་ཡོད། ནག་ཆུ་ས་ཁུལ་ལ་མཚོན་ན་ཁྲིམས་རྩོད་པ་རེ་ཟུང་མ་གཏོགས་མེད། ང་ཚོའི་རོང་འབྲོག་མང་ཚོགས་ཀྱི་དཀའ་ངལ་སེལ་བའི་ཆེད་ཁྱེད་ཅག་གིས་ཁྲིམས་ལུགས་ཤེས་དགོས། དེ་ནི་རྒྱུ་མཚན་དང་པོ་ཡིན། ང་ཚོའི་མི་རིགས་འདིའི་ནང་དུ་ཁྱེད་ཅག་གི་ཕ་མ་སྤུན་མཆེད་སོགས་འདུས་ཡོད་པ་དེ་ཤེས་དགོས།
དེ་ནས། ཁྱེད་ཅག་ཚང་མ་སློབ་ཆེན་སློབ་མ་ཡིན་པས། ཁྱེད་ཅག་གིས་རྒྱ་ཡིག་ཡག་པོ་ཞིག་ཤེས་ཀྱི་ཡོད། རྒྱ་ཡིག་ལ་བརྟེན་ནས་ཁྱེད་ཅག་གིས་ཀྱང་ཁྲིམས་ཡིག་གང་འཚམས་ཤིག་ཤེས་ཡོད་པ་རེད། དཔེར་ན་མི་གཞན་ལ་ལས་ཀ་ལས་ན་ངལ་རྩོལ་གན་གྱ་འཇོག་དགོས་པ་དང་། ཅ་ལག་རྫུན་མ་དང་རྒྱུ་སྤུས་ཚད་ལྡན་མིན་པ་ཉོས་ན་ཕྱིར་སློག་ཆོག་པ། ཉེན་རྟོག་དང་ཁྲིམས་འཛིན་པས་བཀག་ཉར་ཉེས་འཛུགས་བྱས་ན་དག་སེལ་གྱི་ཐོབ་ཐང་ཡོད་པ་ལ་སོགས་པ་འདི་ཚང་མ་ཤེས་ཀྱི་ཡོད། ད་བར་རྒྱ་ཡིག་གི་ལམ་ནས་ཁྲིམས་ལུགས་འགྲེལ་བརྗོད་ཀྱི་ཐབས་ལམ་སྣ་ཚོགས་ཡོད་པས། ཁྱེད་ཀྱིས་གླུ་དབྱངས་ཉན་པའམ་གློག་བརྙན་ཞིག་ལ་བལྟས་ནའང་ཁྲིམས་ལུགས་ཤེས་བྱ་ཤེས་སྲིད། ཁྱེད་ཅག་གིས་ཞང་ཀང་གི་རྩ་བའི་ཁྲིམས་ཤེས་རྒྱུ་རེད། ཞང་ཀང་གི་མི་དམངས་ལ་ཐོབ་ཐང་གང་གང་ཡོད་པ་ཕལ་ཆེར་ཚང་མས་ཤེས་རྒྱུ་རེད། དེས་མི་ཚད་ཁྱེད་ཅག་གིས་ཨ་རིའི་རྩ་ཁྲིམས་དང་ཟིམ་ཕུ་སིན་གྱི་གྱོད་གཞི་(辛普森案) དང་མུ་རན་ཏྲའི་ཉེན་བརྡ་(米兰达警告) ལ་སོགས་པ་ཤེས་ཀྱི་ཡོད། ཡིན་ནའང་ཁྱེད་ཅག་གིས་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག་གང་གང་ཡིན་པ་ཤེས་སམ། རང་སྐྱོང་ཁུལ་གང་གང་ལ་བོད་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་མེད་པ་དང་། བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་སྲོལ་ཡིག་ག་རེ་བྱས་ནས་མ་བཟོས་པ་རེད་ལ་སོགས་པའི་རྒྱུ་མཚན་ཤེས་ཀྱི་ཨེ་ཡོད། མང་ཆེ་བས་ཤེས་ཡོད་ས་མ་རེད། ཁྱེད་ཚོ་ཕར་ཞོགས་བོད་ལྗོངས་སྲིད་གཞུང་གི་དཔོན་རིགས་ཆེ་དྲག་ཁག་དང་ཁྲིམས་བཟོ་ཨུ་ཡོན་རྣམ་པས་ཀྱང་ཤེས་ཡོད་ཚོད་མ་རེད། ཉེ་སྔོན་བོད་ཡིག་མ་ཤེས་ན་ཁྲིམས་འགལ་རེད་ཟེར་བའི་དྲ་རྩོམ་ཞིག་ཨེ་མཐོང་། ཁྲིམས་ཡིག་དེ་བདེན་པ་རེད་ཨེ་འདོད། ཁྲིམས་ཡིག་དེ་ནི་ནུས་མེད་དུ་བཟོས་ཟིན་པའི་ཁྲིམས་ཡིག་རྙིང་པ་ཞིག་ཡིན་པ་ཨེ་ཤེས། མང་ཆེ་བས་ཤེས་ཡོད་ས་མ་རེད། ང་ཚོར་རང་སྐྱོང་གི་ཆུ་ཚད་སྤུས་དག་པ་ཞིག་ཡོད་དགོས་ན་གནས་ཚུལ་དང་ཁྲིམས་ཡིག་འདི་དག་ངེས་པར་དུ་ཤེས་དགོས། རང་རང་ས་ཁུལ་གྱི་རང་སྐྱོང་སྲོལ་ཡིག་དང་དེ་དག་ལག་ལེན་ལ་ཇི་ལྟར་འདེབས་དགོས་པ་དང་ཇི་ལྟར་འཐུས་ཚང་བར་བྱེད་དགོས་པ་ངེས་པར་དུ་ཤེས་དགོས། དེ་དག་ནི་ཡང་ཁྲིམས་ལུགས་ཀྱི་གྲུབ་ཆ་ཡིན། རང་རང་ལ་ཐོབ་ཐང་གང་གང་ཡོད་པ་དང་རང་གི་མི་རིགས་ལ་ཐོབ་ཐང་གང་གང་ཡོད་པ་དེ་ཤེས་ན་ད་གཟོད་རང་གི་ཐོབ་ཐང་བསྲུང་ཐུབ། བོད་སྐད་ཡིག་བཀོལ་སྤྱོད་ཀྱི་ཐོབ་ཐང་སྲ་ཐག་ཐག་ཅིག་ཆགས་ན་ཁྱེད་ཅག་དང་ཁྱེད་ཅག་གི་མི་རབས་རྗེས་མ་ལ་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་རོལ་ཐུབ་པའི་གོ་སྐབས་ཡོད། དེ་ལྟ་མ་ཡིན་པར་རྒྱ་ཡིག་ཁོ་ནས་ང་ཚོས་རྒྱ་རིགས་ཀྱི་གླགས་ཁེལ་གི་མ་རེད། རྒྱ་ནག་གི་བཤད་རྒྱུན་ལ་གཙང་བོ་ནང་དུ་ཆུ་ཡོད་ན། ཆུ་ཕྲན་ནང་དུ་ཆུ་ཡིས་བཀང་ (大河有水小河满 ) ཟེར་བ་དེ་ལ་རྒྱུ་མཚན་ཡོད། བོད་མི་རིགས་ཡོངས་ཀྱི་ཐོབ་ཐང་དང་ཁྱེད་ཅག་གི་མདུན་ལམ་གྱི་ཆེད་དུ་ཁྱེད་ཚོས་ཁྲིམས་ལུགས་ཤེས་དགོས། དེ་རྒྱུ་མཚན་གཉིས་པ་རེད།
རང་གི་སྐད་ཡིག་ཡག་ཐག་ཆོད་ཅིག་ཤེས་པའི་དུས་མཉམ་དུ་རྒྱ་ཡིག་ཀྱང་ཡག་པོ་ཞིག་སྦྱངས་དགོས། རྒྱལ་ཁབ་ཀྱི་ཁྲིམས་ཐམས་ཅད་རྒྱ་ཡིག་ནང་དུ་ཡོད་པ་དང་དེ་དཔྱིས་ཕྱིན་པ་ཞིག་མ་ཤེས་ན་ཁྲིམས་ཡིག་གི་ནང་དོན་མི་ཤེས། དཔེར་ན་དམངས་ཁྲིམས་ནང་གི་(债权) ཟེར་ན་བུ་ལོན་ཁོ་ན་མ་རེད་ལ་བུ་ལོན་ཁོ་ནས་མཚོན་ཐུབ་པའི་ཐ་སྙད་ཅིག་ཀྱང་མ་རེད། ཐ་སྙད་དེ་བོད་ཡིག་ལ་བསྒྱུར་དགོས་ན་བོད་ཡིག་ཡག་ཐག་ཆོད་པ་དང་རྒྱ་ཡིག་ཡག་ཐག་ཆོད་པ་ཞིག་མ་ཤེས་ན་འགྱུར་ཡག་པོ་ཞིག་ཡོང་ས་ཡོད་པ་མ་རེད། འཇར་པན་ལ་ཐ་སྙད་མང་པོ་མེད་པའི་རྐྱེན་གྱིས་ཁོང་ཚོས་རྒྱ་ཡིག་དང་དབྱིན་ཇིའི་ཐ་སྙད་མང་པོ་ཞིག་སོར་བཞག་བྱེད་གི་ཡོད། ཁོང་ཚོ་དང་མི་འདྲ་བར་ང་ཚོར་མིང་ཚིག་གི་བང་མཛོད་དུ་གྱུར་ཡོད་པའི་རིག་གཞུང་ཡོད། འདུལ་བ་ཁོ་ན་ཡི་ནང་དུ་ཁྲིམས་ལུགས་ཀྱི་ཐ་སྙད་རྫོགས་མེད་པ་ཞིག་ཡོད། དེ་དག་དོན་དང་མཐུན་པར་བཀོལ་སྤྱོད་བྱེད་འདོད་ན་བོད་ཡིག་དང་རྒྱ་ཡིག་གི་ཆུ་ཚད་ཡག་ཐག་ཆོད་ཅིག་མེད་ན་རྒྱུས་ལོན་བྱེད་མི་ཐུབ། ཁྲིམས་ལུགས་ཤེས་ན་བོད་ཡིག་གི་ནང་དུ། བོད་ཀྱི་རིག་གནས་ཀྱི་ནང་དུ་། བོད་མིའི་སེམས་རྒྱུད་ཀྱི་ནང་དུ་ཁྲིམས་ཀྱི་འདུ་ཤེས་གནའ་སྔ་མོ་ནས་ཆགས་ཡོད་བསྡད་པ་མ་ཟད། ཆུ་ཚད་མཐོན་པོའི་སྒོ་ནས་ཆགས་ཡོད་བསྡད་པ་དེ་ཤེས་ཐུབ་ལ་དེས་ཀྱང་ང་ཚོའི་མི་རིགས་ནི་མི་གཞན་གྱིས་འཁེ་འཆེས་པའི་མི་རིགས་ཀླ་ཀློ་ཞིག་མིན་པ་ཤེས་ཐུབ། བཙན་པོའི་དུས་སྐབས་ནས་བཟུང་ང་ཚོས་སྲོག་གཅོད་ཀྱི་ཉེས་ཆད་སྤངས་བ་རེད། དེ་ནི་ལོ་ངོ་སྟོང་གཅིག་ལྷག་འགོར་བའི་རྗེས་སུ་ཡུ་རོབ་པའི་སེམས་ལ་ད་གཟོད་འཁོར་ཐུབ་པ་ཞིག་དང་། རྒྱ་རིགས་ཀྱི་སྣང་ངོར་ད་བར་དུའང་འཁོར་མ་ཐུབ་པའི་གནས་ཚུལ་ཞིག་ཡིན། མིའི་ཡན་ལག་གཅོད་པའི་ཉེས་ཆད་མེད་པར་བཟོ་ཐུབ་ན། མིའི་སྲོག་གཅོད་པའི་ཉེས་ཆད་ག་རེ་བྱས་ནས་བསྣུབས་མ་ཐུབ་པ་རེད། མི་རིགས་སྔོན་ཐོན་དང་རིག་གནས་སྔོན་ཐོན་ཅན་ཞིག་མིན་ན། འདི་འདྲའི་ལྟ་བ་དར་ཐུབ་གིན་མ་རེད་ལ་ལག་ལེན་ལ་འདེབས་སྲིད་པ་ཡང་མ་རེད། ཧྥེ་ལུ་ཕུན་(菲律宾)གྱིས་༡༩༨༤་ལོར་སྲོག་གཅོད་ཀྱི་ཉེས་ཆད་མཚམས་བཅད་པ་རེད་ལ་ཡ་གླིང་གི་སྲོག་ཆད་སྤངས་པའི་རྒྱལ་ཁབ་ཐོག་མ་ཡིན། ཡིན་ནའང་ལོ་འགའི་རྗེས་སུ་དཀའ་ངལ་སྣ་ཚོགས་འཕྲད་དེ་སྲོག་གཅོད་ཀྱི་ཉེས་ཆད་སླར་གསོ་བྱས་པ་རེད། མི་ཕྱེད་སྲིན་པོར་སོང་ཡང་གཞོགས་ཕྱེད་ཁྲིམས་ལ་བསྟེན་དགོས་ཟེར། ཁྲིམས་ཤེས་ན་ང་ཚོའི་ཡིད་ལ་མི་རིགས་ཀྱི་ངོ་བོ་དང་རིན་ཐང་ལ་ཡིད་ཆེས་དང་དགའ་ཞེན་སྐྱེས་པ་མི་ཚད། ང་ཚོར་རང་གི་རིག་གཞུང་རྒྱུན་འཛིན་གྱི་གདིང་སྤོབས་སྐྱེས་གི་རེད། ད་བར་ཉེས་ཁྲིམས་ཀྱི་ཁྲིམས་གཞུང་གི་ནང་དུ་སྦྱོར་སྤྱོ་(行为无价值)དང་འབྲས་སྤྱོ་(结果无价值)ཡི་ལྟ་གྲུབ་གཉིས་ཡོད། ཕྱི་རྒྱལ་དང་རྒྱ་རིགས་ཁྲིམས་མཁས་པ་རྣམས་ཀྱིས་ལྟ་གྲུབ་འདི་གཉིས་ཤིན་ཏུ་ཧ་ལས་པ་ཞིག་ཡིན་མདོག་སྟོན། ཡིན་ནའང་སྟོན་པ་བཅོམ་ལྡན་འདས་ཀྱིས་ལོ་གཉིས་སྟོང་དྲུག་བརྒྱའི་སྔོན་ཏུ་བཅས་པའི་འདུལ་ཁྲིམས་དང་བསྡུར་ན། ཉེས་ཁྲིམས་ཀྱི་བཅས་པ་དང་ལྟ་བ་འདི་དག་ཧ་ལས་དགོས་པ་ཞིག་མ་རེད། དཔེར་ན་བརྐུ་ཕམ་གྱི་ཐོབ་བློ་ནི་ཡན་ལག་ཡིན་དགོས་པ་སོགས་ལ་དེང་རབས་ཉེས་ཁྲིམས་ཀྱིས་ཤེས་ཚོར་བྱུང་མེད། དེ་ནི་ཉེས་ཅན་ལ་ཉེས་ཆད་ཚད་ལྡན་མི་ཡོང་བའི་རྒྱུ་ཞིག་ཏུའང་འགྱུར་བཞིན་ཡོད། མི་ཞིག་གིས་སྒོར་མོ་ཁྲི་གསུམ་བརྐུས་ནས་བཀོལ་སྤྱོད་བྱས་ཚར་བའི་རྗེས་སུ་དེ་ལ་ཉེས་ཆད་གཅོད་སྟངས་དང་། མི་གཞན་ཞིག་གིས་སྒོར་མོ་ཁྲི་གསུམ་བརྐུས་པའི་རྗེས་སུ་བཀོལ་སྤྱོད་བྱེད་ལོང་མ་བྱུང་བར་འཕྲལ་དུ་ཤེས་ཚོར་བྱུང་ན་དེ་ལ་ཉེས་ཆད་གཅོད་སྟངས་སྔ་མ་དང་གཅིག་མཚུངས་སུ་བཟུང་སྟེ། དེང་རབས་ཉེས་ཁྲིམས་ཀྱིས་ཉེས་བྱས་དེ་དག་ནི་གཞི་བསམ་སྦྱོར་བ་མཐར་ཐུག་གི་ཡན་ལག་ཚང་བའི་ཕམ་ཉེས་ཀྱི་སྦྱོར་བ་དངོས་གཞི་གཅིག་ལ་བརྩིས་ནས་ཆད་པ་གཅོད་གིན་ཡོད། འོན་ཀྱང་འདུལ་བ་ནང་དུ་ཐོབ་བློ་ནི་བརྐུ་ཕམ་གྱི་ཡན་ལག་ལ་བརྩི་བས་མ་ཚང་ནས་དངོས་གཞི་མ་རྫོགས་པར་འདོད་གི་ཡོད། དྲང་བདེན་གྱི་སྤྱི་ཚོགས་ཤིག་ཡིན་ན། ཉེས་བྱས་མི་བྱེད་མཁན་ལ་དྲང་བདེན་བྱེད་དགོས་པ་མ་ཟད་ཉེས་བྱས་བྱེད་མཁན་ལའང་དྲང་བདེན་བྱེད་དགོས། གནས་ལུགས་འདི་དག་ཁྲིམས་ཤེས་ན་ད་གཟོད་རྟོགས་ཐུབ། ང་ཚོའི་སྐད་དང་ཡི་གེ་འདུས་པའི་རིག་གཞུང་ཁྱད་དུ་འཕགས་པ་དེ་ཤེས་པར་བྱ་བའི་ཕྱིར་དང་། རྒྱུན་འཛིན་དང་དར་སྤེལ་བྱེད་པའི་ཆེད་དུ་ཁྱེད་ཚོས་ཁྲིམས་ལུགས་ཤེས་དགོས། འདི་རྒྱུ་མཚན་གསུམ་པ་རེད།
སྤྱིར་ང་འདི་ན་བཤད་རྒྱུ་མང་བོ་ཞིག་ཡོད། ངས་བཤད་འདོད་པའི་སྐད་ཆ་དེ་དག་ཁྱེད་ཅག་གིས་སློབ་དེབ་ལས་མཐོང་མི་ཐུབ་ལ་དགེ་རྒན་ལགས་ཀྱིས་ཀྱང་བཤད་གི་མ་རེད། ཡིན་ནའང་དུས་ཚོད་དང་གནས་བབས་ཀྱི་དབང་གིས་ངས་དེ་རིང་མི་བཤད། ངས་བཤད་འདོད་པའི་སྐད་ཆ་དེ་འབྱུང་འགྱུར་གྱི་དུས་སུ་ངས་མ་བཤད་ཀྱང་ཁྱེད་ཅག་གིས་ཤེས་ཐུབ། ཁྱེད་ཅག་ལ་རེ་བ་ཆེན་པོ་ཡོད། ཁྱེད་ཅག་ལ་འགན་ཁུར་ཆེན་པོ་ཡང་ཡོད། ཁྱེད་ཅག་གིས་སློབ་སྦྱོང་ཡག་པོ་བྱེད་ཞོར་མི་ཚེ་ཡི་བདེ་སྐྱིད་ཀྱང་རོལ་དགོས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ནི་འགན་ཁུར་ཞིག་སྒྲུབ་པའི་ཆེད་ཁོ་ན་མ་ཡིན། མཛེས་སྡུག་མཐོང་བར་བྱ། བདེ་བ་ལོངས་སུ་སྤྱོད། ཤེས་བྱ་ཁོང་དུ་ཆུད། རང་དབང་དང་བདེ་སྐྱིད་ནི་མི་ཚེའི་སྙིང་བོ་ཡིན། མཐར་ཁྱེད་ཅག་གི་བསམ་དོན་ཡིད་བཞིན་དུ་འགྲུབ་པར་སྨོན།