རྩམ་ཁུག་ཤོར་མི་ཉན།

 

གནའ་བོའི་གྷེ་སེར་(希腊)བཙན་རྒྱལ་གྱི་སྐབས་སུ། རྒྱལ་ཁམས་ལ་དབང་བསྒྱུར་བའི་མི་རིགས་གྷེ་རིགས་ཀྱིས་རང་གི་ཁ་ཟས་རིགས་ཕྱིའི་རྒྱལ་ཁབ་བམ་མི་རིགས་གཞན་གྱི་ཡུལ་ནས་དབོར་འདྲེན་བྱས་ཏེ་ནང་གི་ཞིང་ཕྱུགས་ཀྱི་སོ་ནམ་ལ་དོ་སྣང་ཆེར་མ་བྱས་པའི་རྐྱེན་གྱིས་རིམ་པས་འཇིག་པ་རེད། མི་རིགས་ཤིག་ལ་མཚོན་ན། ལྷག་པར་ཏུ་མི་རིགས་ཉམས་ཆུང་ཞིག་ལ་མཚོན་ན། རང་གི་ཁ་ཟས་མི་རིགས་གཞན་ལ་བརྟེན་དགོས་བྱུང་ཚེ། དེ་ནི་ཤིན་ཏུ་ཉེན་ཁ་ཆེ་བའི་གནས་ཞིག་ཏུ་ལྷུང་བ་རེད། གལ་ཏེ། ཁ་ཟས་དབོར་འདྲེན་བྱེད་སའི་མི་རིགས་དང་ཡུལ་ལུང་དེ་དང་གཡུལ་འཐབ་སོགས་ཀྱི་

འགལ་བ་ཤོར་ཚེ། ནང་འདྲེན་བྱེད་མཁན་གྱི་མི་རིགས་དེར་མྱུར་ཏུ་ཁ་ཟས་མེད་པར་མུ་གེ་སོགས་བྱུང་ནས་འཇིག་འགྲོ་བ་དང་། ཡང་ན་་མི་རིགས་གཞན་གྱི་བྲན་ཏུ་འགྱུར་བ་དེ་འདྲ་པ་འཛམ་གླིང་གི་བྱུང་རབས་ནང་མང་པོ་བྱུང་ མྱོང་ཡོད། དེང་སྐབས་ཆབ་སྲིད་ཀྱི་དཀྱིལ་འཁོར་ནང་དུ། ༼གྲོ་དང་རྡོ་སྣུམ་གྱི་སྲིད་དབང་༽ཞེས་པའི་བརྡ་ཆད་ཅིག་ཡོད། དེས་རྒྱལ་ཁབ་ཅིག་ལ་རང་རྐྱ་ཐུབ་པའི་ཟས་རིགས་འཛོམས་དགོས་པ་ནི་གནད་འགག་ཆེན་པོ་ཞིག་ཡིན་པ་བསྟན་ཡོད།

མི་རིགས་ཤིག་ལ་བསམ་པའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཞིག་དགོས་པ་མ་ཟད། དེ་ལས་ཀྱང་གལ་ཆེ་བའི་ཁ་ཟས་ཐོན་ཁུངས་གཙོ་བོར་བྱས་པའི་དངོས་པོའི་ཐོན་སྐྱེདཕུན་སུམ་ཚོགས་པ་དང་རང་རྐྱ་ཐུབ་པ་ཞིག་ཀྱང་ཡོད་དགོས། དེ་མེད་ན་དུས་འགྱུར་སོགས་བྱུང་ཚེ་མི་རིགས་དེ་ལས་སླ་བོར་མེད་པའམ་བྲན་ཏུ་འགྱུར་འགྲོ་ཡིརེད། དེའི་རྒྱུ་མཚན་གྱིས་ང་ཚོའི་གྲོ་ནས་སྲན་གསུམ་དང་ཤ་མར་ཐུད་གསུམ་གྱི་རྩམ་ཁུག་དང་དེའི་ཐོན་ཁུངས་མི་རིགས་གཞན་གྱི་ལག་པར་ཤོར་དུ་འཇུག་མི་རུང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༢༨་དང་༦༥་ཡི་ནང་དུ། མི་རིགས་རང་སྐྱོང་ས་ཁུལ་གྱི་གཞུང་དང་མི་མང་གིས་རང་མི་རིགས་ཀྱི་ཁེ་ཕན་དང་ཐོབ་ཐང་གི་ཆེད་དུ་ས་གནས་དཔལ་འབྱོར་དར་སྤེལ་གྱི་བཀོད་སྒྲིག་བྱས་ཆོག་པ་མ་ཟད། རྒྱལ་ཁབ་ཀྱིས་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ནས་ཐོན་ཁུངས་བེད་སྤྱོད་བྱེད་སྐབས་གྲངས་ཉུང་མི་རིགས་ཀྱི་འཚོ་གནས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་དང་རམ་འདེགས་བྱེད་དགོས་ཞེས་གཏན་འཁེལ་བྱས་ཡོད། ང་ཚོས་ཁྲིམས་ལུགས་འདི་དག་རྒྱབ་རྩར་བྱས་ཏེ། ཞིང་ཕྱུགས་འཕེལ་རྒྱས་ཀྱི་དཔལ་འབྱོར་བཙན་ས་དེ་ཆོས་ལུགས་སོགས་ལ་ཁག་བཞག་སྟེ་གཞན་གྱི་ལག་པར་ཤོར་དུ་མི་འཇུག་པར་དམ་པོར་འཛིན་རྒྱུ་གལ་ཆེ། ང་ཚོའི་རྩམ་ཁུག་འདི་གཞན་གྱིས་ལྷག་མ་མེད་པར་བཟུང་ན། ང་ཚོའང་ལྷག་མ་མེད་པར་གཞན་གྱི་བྲན་ཏུ་འགྱུར་ངེས་ཡིན།