ལོ་འདི་དག་གི་རིང་ལ་འབྲོག་པ་རྣམས་ཀྱིས་ཁྲིམས་གླེང་ལ་དྲིས་པའི་དྲི་བ་མང་ཆེ་ཤོས་གྲས་ཀྱི་གཅིག་ནི་རྩྭ་སའི་གནད་དོན་རེད། ཉིན་ཤས་སྔོན་ལ་དྲ་གྲོགས་ཤིག་གིས་དྲི་བ་གནད་འགག་ཅན་ཞིག་དྲིས་བྱུང་། དེ་ནི་འདི་འདྲ་རེད། འབྲོག་པ་མང་ཚོགས་ཀྱིས་རང་གི་རྩྭ་ཐང་དང་འབྲེལ་བའི་ས་རྒོད་མུའུ་བརྒྱ་ལྷག་རེ་སློག་ནས་གྲོ་ནས་སྲན་གསུམ་གྱིས་མཚོན་པའི་འབྲུ་རིགས་བཏབས་པ་ཡིན་ན། དེ་ནག་ཉེས་སུ་བརྩིས་ནས་ཉེས་ཁྲིམས་ཀྱིས་སྤྱོས་ཤིང་བཙོན་ཏུ་འཇུག་པ་དེ་འདྲའི་གནས་ཚུལ་ཡོང་གི་ཡོད་པ་དང་། སྲིད་གཞུང་དང་འབྲེལ་བ་ཡོད་པའི་གཏེར་བསྔོག་ལས་གྲྭ་དག་གིས་རྩྭ་ས་མུའུ་སྟོང་ཕྲག་རེ་བསློགས་ཏེ་གཏེར་ཁ་བརྐོ་སྔོག་བྱེད་པ་དང་། ཡང་ན། འབྲོག་པའི་འཚོ་རྟེན་ཡིན་པའི་རྩྭ་ས་ལ་ཤིང་ནགས་འདེབས་འཛུགས་བྱེད་ཀྱིན་ཡོད་པ་རེད་དེ། མཐར་རྩྭ་སྐྱེས་ཀྱི་མེད་པ་དང་ཤིང་ནགས་ཀྱང་སྐྱེས་ཀྱི་མེད་པར་བརྟེན་རྩྭ་ཐང་འཕྲོ་བརླགས་སུ་སོང་བའི་གནས་ཚུལ་ཡང་མང་པོ་ཡོང་གིན་ཡོད། ཡིན་ནའང་། དེ་རིགས་ལ་ཉེས་ཁྲིམས་ཀྱིས་བདའ་འདེད་བྱེད་ཀྱིན་མི་འདུག དེ་ཅིའི་ཕྱིར་མ་བྱས་པ་རེད་ཅེས་དྲི་བ་ཞིག་དྲིས་བྱུང་། དྲི་བ་དེ་ནི་ཧ་ཅང་གནད་འགག་ཅན་དང་གནད་དོན་གང་ཞིག་ཐད་ཀར་་ཐེར་འདོན་དང་འབྲེལ་བའི་དྲི་བ་ཞིག་ཏུ་མཐོང་།
སྤྱིར་བཏང་། ས་གཞི་དོ་དོམ་གྱི་ཁྲིམས་ལྟར་ན། རྒྱལ་ཁབ་ཀྱིས་སྲུང་སྐྱོབ་གཙིགས་ཆེར་བྱེད་པའི་ས་གཞི་ལ་རིགས་གསུམ་དུ་དབྱེ་ཡོད་ཅིང་། ས་གཞི་དེ་དག་གི་བཀོལ་སྤྱོད་ངོ་བོ་གཞན་ཞིག་ཏུ་བསྒྱུར་དགོས་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས། རིགས་དང་པོ་ནི་རྨང་གཞི་རང་བཞིན་ཅན་གྱི་ཞིང་ས་ཡིན་པ་དང་། ཞིང་ས་འདི་རིགས་གཞུང་སྡུད་བྱས་ཏེ་ངོ་བོ་གཞཉ་དུ་བསྒྱུར་ནས་བཀོལ་སྤྱོད་བྱེད་དགོས་ཚེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ངེས་པར་དུ་ཡོད་དགོས། རིགས་གཉིས་པ་ནི་ཞིང་ས་རང་ག་བ་ཡིན། ཞིང་ས་འདི་རིགས་མུའུ་ ༥༢༥ ་ཡན་གཞུང་སྡུད་བྱས་ཏེ་ངོ་བོ་བསྒྱུར་སྤྱོད་བྱེད་དགོས་ཚེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཡོད་དགོས། རིགས་གསུམ་པ་ནི་ས་གཞི་གཞན་ཁག་ཡིན། དེ་དག་ནི་ནགས་ས་དང་། གཤིན་ས། རྩྭ་ས་བཅས་ཡིན། ས་གཞི་འདི་དག་ཡིན་ན་མུའུ་ ༡༠༥༠ ་ཡན་གཞུང་སྡུད་བྱས་ཏེ་ངོ་བོ་བསྒྱུར་སྤྱོད་བྱེད་དགོས་བྱུང་བ་ཡིན་ན། ད་གཟོད་རྒྱལ་སྲིད་སྤྱི་ཁྱབ་ཁང་ལ་ཆོག་མཆན་ཞུ་དགོས། ཞེས་གཏན་འབེབས་བྱས་ཡོད། དེ་ལྟར་ན། རྩྭ་ས་ལ་ཞིང་སའི་གོ་གནས་མ་སྤྲད་པའི་རྒྱུ་མཚན་གྱིས་རྩྭ་སའི་རིགས་དེ་ངོ་བོ་གཞན་དུ་བསྒྱུར་རྒྱུའི་ཆོག་མཆན་ཞུ་སླ་བ་མ་ཟད། ས་རིན་ཡང་དམའ་བས་གཞན་གྱིས་གཏོར་བརླག་བྱེད་སླ་བ་ཞིག་ཆགས་ཡོད།
ཡིན་ནའང་། སྤྱི་ལོ་ ༢༠༡༢ ་ལོར་ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་རྩྭ་ཐང་གི་ཉེས་དོན་གྱོད་གཞི་ཁྲིམས་བཤེར་གྱི་ཐད་ལ་གསལ་བཤད་བྱས་པའི་གསེད་བཀྲོལ་ནང་དུ། རྩྭ་ས་དང་ཞིང་སའི་གོ་གནས་མཉམ་པར་བཞག་ཡོད་པས། གསེད་བཀྲོལ་འདི་ལ་བརྟེན་ནས་མཚོ་སྔོན་ཞིང་ཆེན་ཁྲི་ཀ་རྫོང་འཕྲང་དམར་གྱི་འབྲོག་པ་པདྨ་ཚེ་རིང་ལ་ཉེས་ཆད་བཅད་པ་རེད། ཁྲིམས་འཛིན་གསེད་བཀྲོལ་འདི་ལ་བརྟེན་ནས་ང་ཚོས་ཀྱང་ཞིང་ཆེན་སྲིད་གཞུང་གིས་རྩྭ་ས་གཏོར་བརླག་བྱེད་པར་ཆོག་མཆན་བར་མེད་དུ་བཀོད་དང་འགོད་བཞིན་པའི་དབང་ཐང་དེ་ཚོད་འཛིན་བྱེད་དགོས་ཤིང་། རྩྭ་ས་དང་ཞིང་ས་ཡི་གོ་གནས་མཉམ་པ་ཡོང་བར་འབད་པ་བྱ་དགོས། དེ་ལྟར་བྱས་ན་ད་གཟོད་ཞིང་ཆེན་སྲིད་གཞུང་དེར་རྩྭ་ས་གལ་ཆེན་མུའུ་གཅིག་ཙམ་ཡང་གཞུང་སྡུད་བྱས་ཏེ་ངོ་བོ་གཞན་དུ་བཀོལ་སྤྱོད་བྱེད་པར་ཆོག་མཆན་འགོད་པའི་དབང་ཆ་མེད་པར་བཟོ་ཐུབ་ཅིང་། རྩྭ་ས་རང་ག་བ་མུའུ་ ༥༢༥ ་ཡན་གཞུང་སྡུད་བྱེད་ཆོག་པར་མཆོག་མཆན་འགོད་པའི་དབང་ཆ་དེ་ཡང་མེད་པ་བཟོ་ཐུབ། དེས་མི་ཚད་རྒྱལ་ཁབ་ཀྱིས་རྩྭ་ས་གཞུང་སྡུད་བྱས་ཚེ་རྩྭ་སའི་བདག་པོ་དེར་སྤྲོད་དགོས་པའི་གུན་གསབ་ཀྱང་སྔར་ལས་ལྡབ་འགྱུར་གྱིས་འཕར་འགྲོ་བ་ཡིན་པས་འབྲོག་པ་རྣམས་ལ་ལྷག་པར་དུ་ཕན།
དེའི་རྒྱུ་མཚན་གྱིས་རྒྱ་ཆེའི་འབྲོག་པ་མང་ཚོགས་རྣམས་དང་བོད་ཀྱི་ཤེས་ཡོན་པ་རྣམས་མཉམ་རུབ་ཀྱིས་རྩྭ་ས་དང་ཞིང་ས་ངོ་བོ་མཉམ་པར་བཟོ་བའི་ལས་གཞི་འདིའི་མགོ་འཛིན་དགོས། ལས་གཞི་འདི་ལ་རྒྱབ་སྐྱོར་ཡོད་མཁན་རྣམས་ཀྱིས་ཁྲིམས་གླེང་གི་གསར་གནས་ལ་དོ་སྣང་གནང་རོགས། ཁྲིམས་གླེང་གིས་ཀྱང་ལས་གཞི་འདི་འཆར་གཞི་ལྡན་པའི་སྒོ་ནས་ཤར་གཏོང་བྱ་རྒྱུ་ཡིན།