ཉེ་ཆར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནག་གཤེད་སྟོབས་ཤུགས་(黑恶势力)གཙང་སེལ་གྱི་ཁྱབ་བསྒྲགས་ཞིག་སྤེལ་བའི་རྗེས་སུ། བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཁྲིམས་ལུགས་ཀྱི་རྒྱབ་རྩ་ཡོད་མེད་ལ་མ་ལྟོས་པར་དེ་འབྲེལ་གྱི་བརྡ་ཁྱབ་ཅིག་འཕྲལ་དུ་སྤེལ་ནས་བོད་ཀྱི་ཁོར་ཡུག་དང་སྐད་ཡིག་སྲུང་སྐྱོབ་སོགས་ཀྱི་དམངས་ཁྲོད་ལས་འགུལ་བ་དང་ཚོགས་པ་སོགས་ལའང་ནག་གཤེད་ལོག་སྤྱོད་ཀྱི་ཕྱོགས་སུ་བཞག་སྟེ་དེ་དག་ཐེར་འདོན་བྱེད་དགོས་ཞེས་འབོད་སྐུལ་བྱས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ནག་གཤེད་འབྲེལ་ཐོགས་་ཡིག་ཆ་ལྟར་ན། ནག་གཤེད་སྟོབས་ཤུགས་དེ་དམངས་ཁྲོད་དཀྱུས་མ་ན་མེད་པ་མ་ཟད། དེ་སྦས་ཡུལ་སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་སོགས་ན་ཡོད་ཅེས་གཏན་འཁེལ་གསལ་བོ་བྱས་ཡོད་པ་ཤེས་ཐུབ། གང་ཟག་དང་ཚོགས་པ་སྐྱིད་སྡུག་དཀྱུས་མ་ཞིག་གིས་ནག་ཉེས་དང་ཁྲིམས་འགལ་གྱི་བྱ་བ་ལས་ན་དེ་
ལ་ཉེས་ཁྲིམས་དང་སྲིད་འཛིན་ཁྲིམས་ལུགས་བཅས་ཀྱིས་འཕྲལ་དུ་ཆད་པ་གཅོད་ཐུབ་པས་ཀྲུང་དབྱང་གིས་ཆེད་དུ་ཉེས་བྱས་འདི་རིགས་ལ་ཆད་པ་གཅོད་པའི་སྲིད་ཇུས་ཤིག་བསྐྱར་དུ་ལོགས་སུ་འཛུགས་དགོས་དོན་མེད། ས་གནས་སྲིད་གཞུང་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་འགེབས་སྲུང་བྱས་པའི་ནག་གཤེད་ཉེས་ཚོགས་ཀྱི་ཉེས་བྱས་དང་་སྤྱོད་ངན་ལ་ཉེས་ཁྲིམས་དང་དམངས་ཁྲིམས་སོགས་ཀྱིས་རྒྱུན་ལྡན་གྱི་བརྒྱུད་རིམ་ལ་བརྟེན་ནས་སུན་འབྱིན་པར་གླགས་མ་འཁེལ་ཞིང་། དེས་རྒྱལ་ཁབ་ཀྱི་ཆེ་མཐོང་དང་མི་དམངས་ཀྱི་ཁེ་ཕན་ལ་གནོད་པ་ཚད་ལས་འདས་པ་བཟོས་དང་བཟོ་བཞིན་པའི་རྒྱུ་མཚན་གྱིས་ཀྲུང་དབྱང་གིས་ད་གཟོད་ནག་གཤེད་གཙང་སེལ་གྱི་ལས་འགུལ་འདི་འདྲ་ཞིག་མི་སྤེལ་ཐབས་མེད་བྱུང་བ་རེད། ཐ་སྙད་གཙང་སེལ་ཞེས་པ་དེ་ལ་སྲིད་གཞུང་དང་ནག་ཚོགས་ངན་འབྲེལ་གྱི་གནས་སྟངས་དེ་གཙང་སེལ་བྱེད་དགོས་པའི་བསྟན་དོན་མཆིས།
ཡོངས་ཀྱི་ཤེས་གསལ་ལྟར་རྒྱལ་ཡོངས་ཀྱི་ནག་གཤེད་སྟོབས་ཤུགས་ཀྱི་གཏེ་བོ་ཆེ་ཤོས་ནི་ཁྲིམས་འཛིན་རྗེ་བོར་(政法王)ཁས་འཆའ་བའི་བློ་མཐུན་ཀྲུག་ཡོང་ཁང་(周永康)དང་དེའི་གཙོ་འཁོར་ཡིན་པས། ཁོང་ཅག་ནི་སྲིད་དབང་འཛིན་པའི་དཔོན་འཁོར་དང་སྤྱི་ཚོགས་ཀྱི་ནག་གཤེད་ཚོགས་པ་མཉམ་དུ་སྦྲེལ་ནས་རྒྱལ་ཁབ་ཀྱི་སྲིད་དབང་ལ་གླགས་བལྟས་པའི་གཤེད་ཚོགས་ངོ་མ་ཡིན། ཁོང་ཅག་གཙང་སེལ་མ་བྱས་ཚེ་ད་གཟོད་རྒྱལ་ཁབ་ཀྱི་མགོ་ལྟིང་བསློག་པའི་མཇུག་འབྲས་འབྱུང་བར་གདོན་མི་ཟ་བས་ཀྲུང་དབྱང་གིས་ཁོང་ཚོ་་གཙང་སེལ་བྱས། ཀྲུག་ཡུང་ཁང་ནི་སྐབས་དེར་རྒྱལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་དང་ཁྲིམས་འཛིན་ལས་ཁུངས་ཡོངས་ཀྱི་བླ་ན་མེད་པ་གོང་ན་མེད་པའི་མགོ་ཁྲིད་རེད། དེ་དང་ནང་བཞིན་བོད་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་ཀྱི་བླ་མེད་པ་གོང་ན་མེད་པའི་མགོ་ཁྲིད་ལུག་ཏ་ཁུས་(乐大可)ཞེས་བྱ་བ་དེས་ཀྱང་ནག་གཤེད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་རྒྱ་སྒོར་བྱེ་བ་གཉིས་ལྷག་ལྐོག་ཟ་བྱས། སྒོམ་ཆེན་ཕྱག་རྒྱ་ཤིག་གིས་བཤིག རྒྱལ་ཁབ་ཁྲིམས་ལུགས་དབང་གིས་བཤིག་པའི་གཏེ་བོ་འདི་དག་ནི་རྒྱལ་ཁབ་ཀྱི་སྲིད་ཁྲིམས་ལས་ཁུངས་ནས་མི་ཚེ་སྐྱ་མོར་ཞབས་ཞུ་བསྒྲུབས་ཞོར་ནག་གཤེད་སྟོབས་ཤུགས་ཀྱི་སྐྱབས་མགོན་བྱས་ཏེ་ཏང་དང་རྒྱལ་ཁབ་དང་མི་དམངས་ལ་བརྗོད་ལས་འདས་པའི་གོད་ཆག་དང་གྱོང་གུན་བཟོས་པ་མ་གཏོགས། རྩ་ཁྲིམས་ཀྱི་ཐོབ་ཐང་མངོན་གྱུར་དང་སྣོད་བཅུད་ཀྱི་ལྡུམ་ར་སྲུང་སྐྱོབ་བྱེད་ཆེད་གང་ཟག་དཀྱུས་མ་འགའ་ཞིག་གིས་ཕ་ས་ཕ་སྐད་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་བ་ཙམ་གྱིས་རྒྱལ་ཁབ་ཀྱི་གཏེ་བོ་འདི་དག་དང་བསྡུར་ཐབས་ག་ལ་ཡོད། དེའི་ཕྱིར་བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་རང་གི་ལས་ཁུངས་དང་མངའ་འོག་གི་འབྲེལ་ཐོགས་ལས་ཁུངས་ལ་ནག་ཚོགས་གཤེད་ཚོགས་ཀྱི་དྲི་མ་ཡོད་མེད་བརྟག་དཔྱད་བྱས་ཏེ། ངན་པ་ལིག་ཏ་ཁུག་གི་རྗེས་འབྲངས་པ་དང་དྲི་ངན་གཙང་སེལ་བྱས་ཏེ་བོད་ལྗོངས་སྤྱི་ཚོགས་ཀྱི་གཏེ་བོ་ནག་ཆེན་ཁྲིམས་སྦྱོར་བྱེད་པ་ལས། གྲོང་གསེབ་ན་བསམ་པ་ཀུན་སློང་ལ་སྐྱོན་མེད་པར་སྐད་ཡིག་དང་རིག་གནས་དང་སྣོད་བཅུད་སྲུང་སྐྱོབ་བྱེད་པར་འབད་པ་ལྷུར་ལེན་བྱེད་པའི་བོད་རིགས་དཀྱུས་མ་རྣམས་ལ་བསུན་བཙིར་དང་བསྙད་བརྐོ་བའི་ལས་ཀའི་མགོ་མ་བརྩམ་ན་ལེགས། བོད་ལྗོངས་མི་དམངས་སྲིད་གཞུང་དང་ཁྲིམས་འཛིན་ལས་ཁུངས་ཀྱིས་ཏང་དང་རྒྱལ་ཁབ་ཀྱིས་ནག་སེལ་སྲིད་ཇུས་མ་ནོར་ཞིང་ཚུལ་འཆོས་མེད་པའི་སྒོ་ནས་ལག་བསྟར་བྱས་ན་ད་གཟོད་བོད་ལྗོངས་མི་དམངས་དང་ཏང་དང་རྒྱལ་ཁབ་བར་གྱི་འབྲེལ་ལམ་ཇེ་ཡག་ཇེ་བཟང་དུ་འགྱུར་བ་མ་གཏོགས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ལོག་འབྲེལ་ལོག་སྤྱོད་བྱས་ཏེ་ནག་གཤེད་ཀྱི་རྒྱབ་རྩ་ནས་ལངས་ཏེ་རྒྱལ་ཁབ་དང་བོད་ལྗོངས་མི་དམངས་བར་ནས་ཕུང་དཀྲུགས་དབྱེན་གསུམ་གྱི་སྦྱོར་བ་དག་དག་ལས་ནས་བསྡད་ན་དེས་བོད་ལྗོངས་མི་དམངས་ལ་གནོད་པ་མ་ཟད་ཏང་དང་རྒྱལ་ཁབ་ལ་ལྷག་ཏུ་གནོད། ང་ཚོས་ཀྲུང་དབྱང་གིས་སྤྱི་ཚོགས་སྟེང་གི་ནག་གཤེད་ཚོགས་པ་དང་དེ་དག་གི་་སྲིད་ཁྲིམས་ཀྱི་སྲུང་མ་ཡོད་དོ་ཅོག་རྩད་ནས་དྲུང་འབྱིན་འབུར་འཇོམས་བྱེད་པའི་སྲིད་ཇུས་ལ་མོས་མཐུན་དང་རྒྱབ་སྐྱོར་ཡོད། ཡིན་ནའང་ང་ཚོས་བོད་ལྗོངས་སྤྱི་བདེ་ལས་ཁུངས་ཀྱིས་ཀྲུང་དབྱང་གི་སྲིད་ཇུས་ལོག་འགྲེལ་ལོག་སྤྱོད་བྱས་ཏེ་ཁྲིམས་ལུགས་ཀྱི་གཞི་རྩ་མེད་པར་ཁོར་ཡུག་དང་ཕ་སྐད་སྲུང་སྐྱོབ་བྱེད་མཁན་ལ་མ་ཉེས་ཁག་གཡོགས་བྱེད་པའི་བྱབས་ཆུང་གི་ལས་ཚུལ་ལ་མོས་མཐུན་བྱེད་གིན་མིན།