གཡར་ཡིག་དང་ཆད་ཡིག་ནི་ནམ་རྒྱུན་འཚོ་བའི་ཁྲོད་དུ་སྒེར་བ་ཕན་ཚུན་བར་ལ་སྒོར་མོ་གཡར་སྐྱི་བྱེད་སྐབས་བཀོལ་སྤྱོད་བྱེད་པའི་བདེན་དཔང་ཡི་གེ་གལ་ཆེན་ཞིག་ཡིན། གཡར་ཡིག་ནི་གང་ཟག་ག་གེ་མོ་ཞིག་གིས་གང་ཟག་གཞན་ལ་དུས་ནམ་ཚོད་ཞིག་ལ་སྒོར་མོ་ག་ཚོད་གཡར་བ་ཁས་བླངས་པ་མཚོན་ཞིང་། ཡི་གེ་དེ་བུ་ལོན་གཡོར་མཁན་ནམ་དོམ་བདག་གིས་བྲིས་ན་ཆོག་ལ་བུ་ལོན་ལེན་མཁན་ནམ་དོམ་པས་བྲིས་ནའང་ཆོག ཆད་ཡིག་ནི་དོམ་པས་དོམ་བདག་ལ་སྒོར་ག་ཚོད་ཆད་ཡོད་པ་མཚོན་བྱེད་ཀྱི་དཔང་རྟགས་ཤིག་ཡིན། ལྟོས་ཚོད་ཀྱིས་ཡི་གེ་འདི་གཉིས་བར་ན་ཁྱད་པར་ཆེན་པོ་ཞིག་མེད་མོད། འོན་ཀྱང་། ཁྲིམས་ལུགས་ཀྱི་སྟེང་ནས་བཤད་ན་ཡི་གེ་འདི་གཉིས་ལ་ཁྱད་པར་ཆེན་པོ་ཡོད། གཡར་ཡིག་དང་ཆད་ཡིག་ལ་ཁྲིམས་ལུགས་ཀྱི་ནུས་པ་དང་། གཏུག་བཤེར་གྱི་དུས་འབྲེལ། དོ་བདག་གིས་བདེན་དཔང་སྟོན་པ་བཅས་ཀྱི་ཐད་ན་ཁྱད་པར་གལ་ཆེན་གདའ།
དེང་སྐབས་མི་མང་པོ་ཞིག་གིས་གཞན་གྱི་རྒྱུ་ནོར་གཡོ་ལེན་བྱེད་ཆེད་གཡར་ཡིག་འབྲི་དགོས་ས་ལ་ཆད་ཡིག་བྲིས་ཏེ་དོམ་བདག་ལ་བསླུ་བྲིད་བྱས་ནས་དོམ་བདག་གི་ཐོབ་ཐང་ལ་གནོད་པའམ། ཡང་། དོམ་བདག་གིས་ཁྲིམས་ལུགས་མ་ཤེས་པར་གཡར་ཡིག་འབྲི་དགོས་ས་ལ་ཆད་ཡིག་བྲིས་ཏེ་དོམ་འདེད་པའི་དུས་ལས་འདས་ནས་སྒོར་མོ་ལེན་མི་ཐུབ་པའི་གནས་ཚུལ་སོགས་འབྱུང་གིན་ཡོད། དེའི་ཕྱིར། གཡར་ཡིག་དང་ཆད་ཡིག་གི་ཁྱད་པར་འབྱེད་ཤེས་དགོས། དེ་ཤེས་པ་ཡིན་ན་རང་གི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་བྱེད་ཐུབ། གཡར་ཡིག་དང་ཆད་ཡིག་གི་ཁྱད་པར་ནི་གཤམ་དུ་གསལ་བ་ལྟར་ཡིན།
ཁྱད་པར་དང་པོ་ནི། བདེན་དཔང་བྱེད་པའི་ནུས་པ་མི་འདྲ། གཡར་ཡིག་གིས་ཕན་ཚུན་བར་ལ་གཡར་སྐྱིའི་འབྲེལ་བ་ཡོད་པའི་དོན་དངོས་མཚོན་པས་དོམ་པ་དང་དོམ་བདག་གི་བར་ན་སྒོར་མོ་གཡར་སྐྱིའི་གན་རྒྱ་ཡོད་པ་དེ་བདེན་དཔང་བྱེད་ཐུབ། གལ་ཏེ། དོམ་པས་དུས་ལྟར་བུ་ལོན་མ་སྤྲད་ན། དོམ་བདག་གིས་གཡར་ཡིག་ལ་བརྟེན་ནས་ཁྲིམས་དཔོན་གྱི་མདུན་ནས་ཞུ་སྦྱོར་བྱས་ཆོག གཡར་ཡིག་ཁོ་ནས་དོམ་པ་དང་དོམ་བདག་གི་བར་ནི་དོམ་དབང་གི་འབྲེལ་བ་(债权关系)ཡོད་པ་མཚོན་ནུས་ཤིང་། བདེན་དཔང་གཞན་གྱིས་ཟུར་རྒྱན་བྱེད་མི་དགོས། དེའི་ཕྱིར། གཡར་ཡིག་ལ་བདེན་དཔང་གི་ནུས་པ་ཆེན་པོ་ཡོད། ཆད་ཡིག་གིས་ཕན་ཚུན་བར་ན་སྒོར་མོ་སྤྲོད་རྒྱུ་ཆད་པའི་གནས་ཚུལ་དེ་ལ་བདེན་དཔང་གི་གོ་ཆོད་པ་ཙམ་ལས་སྒོར་མོ་གཡར་སྐྱིའི་གན་རྒྱའི་བདེན་དཔང་བྱེད་མི་ཐུབ། ཁྲིམས་ར་ནས་ཆད་ཡིག་ལ་བརྟེན་ནས་དོམ་མམ་བུ་ལོན་ཁས་འཆའ་སྐབས། བདེན་དཔང་གཞན་གྱི་རམ་འདེགས་ངེས་པར་དུ་ཡོད་དགོས་པ་ལས་ཆད་ཡིག་ཁོ་ནར་རང་རྐྱ་ཐུབ་པའི་བདེན་དཔང་གི་ནུས་པ་བྲལ།
ཁྱད་པར་གཉིས་པ། གཏུག་བཤེར་དུས་འབྲེལ་(诉讼时效)ཐད་ནས་ཡང་ཁྱད་པར་མཆིས། གལ་ཏེ། གཡར་ཡིག་གི་ནང་དུ་དོམ་མམ་བུ་ལོན་ཕྱིར་སྤྲོད་ཀྱི་དུས་ཚིགས་ལ་ཁ་ཆད་ཡོད་ན། གཏུག་བཤེར་དུས་འབྲེལ་ནི་ཁ་ཆད་ཀྱི་དུས་ཚིགས་དེའི་ཕྱི་ཉིན་ནས་བཟུང་སྟེ་བརྩི་དགོས། དེའི་དུས་ཡུན་ལོ་གསུམ་ཡིན། དུས་ཡུན་དེ་ལས་འདའ་ནས་ཁྲིམས་ཁང་ལ་ཞུ་སྦྱོར་བྱས་ཚེ། གལ་ཏེ་དོམ་པས་དུས་ཡུན་འདའ་བའི་དགག་གཞག་དྲངས་ན། དོམ་བདག་ལ་ཁ་མཆུ་ལས་རྒྱལ་བའི་སྲིད་པ་ཟད་པར་འགྱུར་རོ།། གལ་ཏེ། གཡར་ཡིག་གི་ནང་དུ་བུ་ལོན་ཕྱིར་སྤྲོད་ཀྱི་དུས་ཚིགས་ལ་ཁ་ཆད་མེད་ན། དོམ་བདག་གིས་ག་དུས་ཡིན་ཡང་བུ་ལོན་འདེད་ཆོག་ལ་གཏུག་བཤེར་དུས་བཅད་ལོ་གསུམ་གྱི་བཅས་མཚམས་དེ་སྲུང་མི་དགོས། འོན་ཀྱང་། བུ་ལོན་བྱུང་བའི་དུས་སམ་གཡར་ཡིག་བྲིས་པའི་ཉིན་མོ་ནས་རྩིས་པའི་ལོ་ཉི་ཤུའི་ཚུན་བུ་ལོན་དེ་མ་དེད་ན། དེའི་རྗེས་སུ་དོམ་བདག་གིས་ཁྲིམས་ཁང་ནས་ཞུ་སྦྱོར་བྱས་ཚེ་དོམ་བདག་ལ་རྒྱལ་ཁ་འཐོབ་པའི་སྲིད་པ་ཟད་པར་འགྱུར་རོ།།
གལ་ཏེ། ཆད་ཡིག་གི་ནང་དུ་བུ་ལོན་སྤྲོད་པའི་དུས་ཚིགས་བཀོད་ཡོད་ན། དེའི་གཏུག་བཤེར་དུས་འབྲེལ་གྱི་དུས་མཚམས་གཡར་ཡིག་དང་མཚུངས། འོན་ཀྱང་། ཆད་ཡིག་གི་ནང་དུ་བུ་ལོན་ཕྱིར་སྤྲོད་ཀྱི་དུས་ཚིགས་གཏན་འཁེལ་བྱས་མེད་ཚེ། ཁྲིམས་ལུགས་ཀྱིས་སྲུང་སྐྱོབ་བྱེད་པའི་དུས་ཡུན་གཡར་ཡིག་ལས་ཐུང་བ་དང་། དོམ་བདག་གིས་གཏུག་བཤེར་དུས་འབྲེལ་ལོ་གསུམ་ནང་ཚུན་དོམ་པར་བུ་ལོན་མ་དེད་ན་ཁྲིམས་ར་ནས་དོམ་པས་དུས་འབྲེལ་གྱི་དགག་གཞག་དྲངས་ཚེ་དོམ་བདག་ལ་རྒྱལ་ཁ་ཐོབ་པའི་སྲིད་པ་ཟད་པར་འགྱུར་རོ། །
ཁྱད་པར་གསུམ་པ། གཏུག་བཤེར་གྱི་གྱོད་ཁོངས་སྡེར་གཏོགས་(管辖)ཀྱི་སྐབས་སུ། གཡར་ཡིག་ཡིན་ན་དོམ་བདག་གིས་རང་ཉིད་ཡོད་སའི་ཁྲིམས་ཁང་ནས་གཏུག་བཤེར་ཞུ་སྦྱོར་བྱས་ཆོག་ལ། དོམ་པ་ཡོད་སའི་ཁྲིམས་ཁང་ནས་གཏུག་བཤེར་བྱས་ནའང་ཆོག ཆད་ཡིག་ཡིན་ན་དོམ་བདག་གིས་ངེས་པར་དུ་དོམ་པ་ཡོད་སའི་ཁྲིམས་ཁང་ལ་མ་གཏོགས་གཞན་ནས་གཏུག་བཤེར་བྱས་མི་ཆོག
མདོར་ན། གཡར་ཡིག་དང་ཆད་ཡིག་ལ་ཡི་གེ་གཅིག་གི་ཁྱད་པར་མ་གཏོགས་མེད་ཀྱང་ནང་དོན་ལ་ཁྱད་པར་ཤིན་ཏུ་ཆེ་བས། གྲོགས་པོ་རྣམ་པས་ཆད་ཡིག་གམ་གཡར་ཡིག་འབྲི་དུས་ངེས་པར་དུ་གཟབ་དགོས།