ས་ཁྲིམས་སྐོར་གྱི་དྲི་བ་དྲིས་ལན།

 

དྲི་བ་འདྲི་མཁན། སྟག་ལྷ་རྒྱལ།

ལན་འདེབས་མཁན། སྒྲོལ་མ་སྐྱབས།

དུས་ཚོད། ༢༠༡༨་ལོའི་ཟླ་༨་པའི་ཚེས་༢་ཉིན།

དྲི་བ་དང་པོ། རྒྱ་ནག་གི་ས་ཞིང་གི་ཁྲིམས་ལ་དབྱེ་བ་ག་ཚོད་ཅིག་ཡོད་པ་དང་། དེའི་ངོ་བོ་ཇི་ལྟར་ཆགས་ཡོད་སྐོར་ངོ་སྤྲོད་ཅིག་གནོངས་དང་།

ལན། རྒྱ་ནག་ལ་ས་གཞི་བཀོད་འདོམས་བྱེད་པའི་ཁྲིམས་མི་ཉུང་བ་ཞིག་ཡོད། དཔེར་ན།་རྩ་ཁྲིམས་དང་དམངས་ཁྲིམས། དངོས་ཟོག་བདག་དབང་ཐོབ་ཐང་གི་ཁྲིམས། ཞིང་སྡེ་ས་གཞི་འགན་གཙང་ལེན་གྱི་ཁྲིམས་དང་ས་གཞི་དོ་དམ་གྱི་ཁྲིམས་བཅས་ཀྱི་ཁྲིམས་ལུགས་འདི་དག་ནི་ས་ཁྲིམས་དང་འབྲེལ་བ་ཡོད་པའི་ཁྲིམས་ལུགས་ཡིན། རྩ་ཁྲིམས་ཀྱིས་རྒྱལ་ཁབ་ཀྱི་ས་ཁྲིམས་ཀྱི་རྩ་བའི་རྩ་དོན་གཏན་འཁེལ་བྱས་པ་དང་། དཔེར་ན། དེའི་དོན་ཚན་དགུ་པ་དང་བཅུ་པ་ཡི་ནང་དུ་ས་བདག་ཏུ་དབང་བའམ་སའི་བདག་དབང་འཛིན་མཁན་གཉིས་ཡོད། དེ་ནི་ཐུན་མོང་དཔལ་འབྱོར་ཚོགས་པ་དང་རྒྱལ་ཁབ་གཉིས་ཡིན་ཞེས་པའི་གཏན་དབབ་ལས་ས་ལ་དབྱེ་ནའང་རྒྱལ་ཁབ་ལ་དབང་བའི་ས་དང་ཐུན་མོང་ལ་དབང་བའི་ས་བཅས་རིགས་གཉིས་སུ་དབྱེ་ཡོད་པ་ལྟ་བུ། དེ་ལས་གཞན་པའི་སའམ་ཕུང་གསུམ་གྱི་ས་ཞིག་མེད། རྩ་ཁྲིམས་ཀྱི་དོན་ཚན་༩་པ་དང་༡༠པ་ལྟར་ན། གཏེར་དང་གཙང་པོ། ནགས་ཚལ། རི་བོ་དང་རྩ་ཐང་། ས་རྒོད་དང་ན་ལ་སོགས་པའི་རང་བྱུང་ཐོན་ཁུངས་རྣམས་རྒྱལ་ཁབ་ལ་དབང་བ་དང་། རྒྱལ་ཁབ་ལ་དབང་བ་ཞེས་པ་ནི་མི་དམངས་ཡོངས་ལ་དབང་བ་དང་དོན་གཅིག འོན་ཀྱང་དེ་ནང་གི་ནགས་ཚལ་དང་རི་དང་རྩྭ་ཐང་དང་ས་རྒོད་དང་ན་སོགས་ལ་ཁྲིམས་ལུགས་ཀྱིས་ཐུན་མོང་ལ་དབང་ཞེས་པའི་བཅས་པ་ཡོད་པ་ཕུད། དོ་ཚན་ ༡༠ ་པའི་ནང་དུ་གྲོང་ཁྱེར་གྱི་ས་གཞི་རྒྱལ་ཁབ་ལ་དབང་ཞེས་གཏན་འཁེལ་བྱས་ཡོད་པ་སོགས་ནི་རྩ་ཁྲིམས་ཀྱི་བཅས་པ་ཡིན། དེ་ནས་དམངས་ཁྲིམས་དང་དངོས་ཟོག་བདག་དབང་ཐོབ་ཐང་གི་ཁྲིམས་ཀྱིས་མང་ཚོགས་ཀྱིས་བདག་ཏུ་འཛིན་པའི་ས་དེ་དག་གི་བདག་དབང་ཇི་ལྟར་བཀོལ་སྤྱོད་བྱེད་དགོས་པ་དང་། ཐོབ་ཐང་ལ་གཞན་གྱིས་གནོད་ན་སོར་ཆུད་དང་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའི་ཐབས་ལམ་སོགས་གཏན་འཁེལ་བྱས་ཡོད། ས་གཞི་དོ་དམ་གྱི་ཁྲིམས་དང་རྩྭ་ཐང་ཁྲིམས་ལ་སོགས་པའི་སྲིད་འཛིན་རང་བཞིན་ཅན་གྱི་ཁྲིམས་ལུགས་ནི་གཞོགས་འདེགས་ལྟ་བུའི་ཁྲིམས་ཡིན་པ་དང་། དེ་དག་གིས་མང་ཚོགས་ཀྱིས་ས་བདག་དབང་ལོངས་སུ་སྤྱོད་ཆེད་སྲིད་གཞུང་གིས་མཐུན་རྐྱེན་ཇི་ལྟར་བཟོ་དགོས་པ་གཏན་དབབ་བྱས་ཡོད། དཔེར་ན། རོང་འབྲོག་པས་སོ་ནམ་བྱེད་པའི་ས་གཞིའི་བདག་དབང་མངོན་གསལ་བྱེད་ཆེད་ཐོབ་ཐང་ཡི་གེ་བཟོ་བ་དང་། ཁྲིམས་འགལ་གྱིས་ས་ཆ་ལ་གནོད་པའི་བྱ་སྤྱོད་བཅས་ལ་ཆད་པ་གཅོད་པ་ལྟ་བུའོ།། ཁྲིམས་ཡིག་དེ་དག་གི་འབྲེལ་བ་བཤད་ན་དེ་འདྲ་ཞིག་རེད།

དྲི་བ་གཉིས་པ།  ས་ཞིང་གི་བདག་དབང་དང་ས་ཞིང་བཀོལ་སྤྱོད་ཀྱི་ཐོབ་ཐང་ཟེར་བའི་ཐ་སྙད་དེ་གཉིས་ཀྱི་ཕུགས་ཀྱི་གོ་དོན།

ལན། ཁྲིམས་ཀྱི་སྟེང་གི་བདག་དབང་ཞེས་པའི་ཐ་སྙད་དེ་ལ་དངོས་པོ་གང་ཞིག་བདག་ཏུ་འཛིན་པ། ཁེ་ཕན་ལེན་པ། བཀོལ་སྤྱོད་བྱེད་པ། གཞན་ལ་སྤྲོད་ནུས་པ་བཅས་པའི་ནུས་པ་བཞི་འཛོམས་པ་ཞིག་ལ་དངོས་པོའི་བདག་དབང་ཟེར། དཔེར་ན། ཁྱེད་ལ་རླངས་འཁོར་གྱི་བདག་དབང་ཡོད་མེད་དེ་གོང་ནས་བཤད་པའི་བདག་དབང་གི་ནུས་པ་བཞི་ཡོད་མེད་དེས་ཐག་གཅོད་དགོས། དངོས་པོའི་བདག་དབང་ནི་ལྟོས་མེད་ཀྱི་བདག་དབང་ཞིག་ཡིན་པ་མ་རྩ་རིང་ལུགས་ཀྱི་སྔོན་འགྲོའི་དུས་སྐབས་སུ་ངོས་ལེན་དང་རྒྱུན་འཁྱོངས་བྱས་པའི་རྩ་དོན་ཞིག་རེད། དེའི་རྒྱུ་མཚན་གྱིས་ང་ཡི་ཁང་ཆག་ནང་དུ་ཆར་བ་བབས་ན་ཆོག རླུང་རྒྱུ་ན་ཆོག ཆར་ཤ་ནང་དུ་ཡོང་ན་ཆོག འོན་ཀྱང་། དབྱིན་གི་ལན་གྱི་རྒྱལ་པོ་ནང་དུ་འཛུལ་མི་ཆོག་(风能进,雨能进,英国的国王不能进。)ཅེས་པའི་མཐར་ལྟུང་གི་བདག་དབང་གི་ལྟ་བ་དར་ཁྱབ་ཏུ་ཕྱིན། ཕྱིས་སུ་བཟོ་ལས་དང་ཚན་རིག་སོགས་ཤུགས་ཆེར་དར་བས་འགྲོ་བ་མིའི་བར་དང་དངོས་པོའི་བར་གྱི་རྟེན་འབྱུང་གི་འབྲེལ་ལམ་དམ་ཟབ་ཏུ་ཕྱིན་པའི་རྐྱེན་གྱིས་སྤྱི་ཕན་གྱི་ལྟ་བ་དར་བས། གང་ཟག་གི་དངོས་པོའི་བདག་དབང་ལྟོས་མེད་ཀྱི་ལྟ་བ་རིམ་གྱིས་ཉམས་པར་གྱུར། དེང་སང་ས་སོགས་འདུས་པའི་དངོས་པོའི་བདག་དབང་བཤད་དུས་ལྟོས་བཅས་ཀྱི་བདག་དབང་བཤད་ཀྱི་ཡོད། ས་གཞི་བཀོལ་སྤྱོད་ཀྱི་ཐོབ་ཐང་ཞེས་པ་ནི་ས་གཞི་འགན་གཙང་ལེན་གྱི་གན་རྒྱ་ལས་བྱུང་བའི་ས་གཞི་དེ་ལ་དངོས་པོའི་བདག་དབང་གི་ཐོབ་ཐང་སྤྲད་པའི་ལམ་ལུགས་ཤིག་ཡིན། སྤྱིར་བཏང་། དམངས་ཁྲིམས་ཀྱི་ནང་དུ་དངོས་པོའི་བདག་དབང་གི་ཐོབ་ཐང་དང་དོམ་གྱི་བདག་དབང་གི་ཐོབ་ཐང་ཞེས་པའི་རྣམ་གཞག་གཉིས་སུ་དབྱེ་ཡོད། འདིའི་སྐབས་ཀྱི་ས་གཞི་བཀོལ་སྤྱོད་ཀྱི་ཐོབ་ཐང་ངམ་དབང་ཆ་ནི་གན་རྒྱ་ལས་བྱུང་བའི་དོམ་དབང་ཞིག་ཡིན་མོད། འོན་ཀྱང་། ས་གཞི་བཀོལ་སྤྱོད་ཀྱི་དབང་ཐང་དེར་དངོས་པོའི་བདག་དབང་གི་ཐོབ་ཐང་སྤྲད་ན་ས་གཞི་སོ་ནམ་བྱེད་མཁན་དང་གན་རྒྱ་སྤྲོད་མཁན་གྱི་བར་ནས་འབྲེལ་བ་རྒྱུན་རིང་དང་འཆམ་མཐུན་ཡོང་བ་ལ་དམིགས་ནས་དངོས་པོ་ལྟར་སྣང་བདག་དབང་གི་ཐོབ་ཐང་སྤྲད། དེ་ནི་སོ་ནམ་བྱེད་སའི་ས་གཞི་འདི་གན་རྒྱ་ལེན་མཁན་གྱི་ཁྱིམ་ཚང་གིས་རང་ལ་དབང་བའི་དངོས་པོ་ལྟར་བཀོལ་སྤྱོད་བྱེད་ཐུབ་པ་དང་དེའི་བདག་ཏུ་འཛིན་པའི་དུས་ཡུན་སོགས་རྒྱུན་བསྲིངས་ནས་བདག་དབང་ལྟར་སྣང་ཡོད་པར་བྱས་པའི་ལམ་ལུགས་ཤིག་ཡིན། རྒྱ་ནག་ལྟ་བུར་མཚོན་ན། ཞིང་པ་དང་འབྲོག་པས་ས་གཞིའི་བཀོལ་སྤྱོད་ཀྱི་བདག་དབང་གི་ཐོབ་ཐང་དེ་ས་གཞིའི་བདག་པོ་སྟེ་ཐུན་མོང་དཔལ་འབྱོར་ཚོགས་པ་ནས་གན་རྒྱ་བརྒྱུད་ཏེ་ལོ་༣༠་ནས་༧༠་བར་དུ་བཀོལ་སྤྱོད་བྱེད་པའི་ཐོབ་ཐང་ལོན་པ་དེ་ལ་ས་གཞི་བཀོལ་སྤྱོད་ཀྱི་ཐོབ་ཐང་ཟེར། སྤྱིར་བདག་དབང་དེ་ནི་བདག་དབང་ལྟར་སྣང་ཞིག་ཡིན་པ་ལས་བདག་དབང་གཤའ་མ་མིན་པས་ས་དེ་གཞན་ལ་བཙོང་མི་ཆོག་པའི་བཀག་རྒྱ་ཡོད། དེང་སྐབས་ཐོབ་ཐང་གསུམ་དུ་རྣམ་པར་དབྱེ་བ་ཞེས་བྱ་བའི་སྲིད་ཇུས་ཤིག་དར་ཡོང་གིན་འདུག དེས་མང་ཚོགས་ཀྱི་ས་གཞིའི་བཀོལ་སྤྱོད་ཀྱི་ཐོབ་ཐང་གི་གཞི་རྒྱ་ཆེ་ཆེར་བཏང་བ་ཞིག་ཡིན་པས། ཁྲིམས་ཡིག་ཏུ་བཞག་ན་མང་ཚོགས་ལ་ཕན་པར་འདོད།

དྲི་བ་གསུམ་པ། གན་རྒྱའི་ངོ་བོར་གནས་པའི་འབྲོག་པའི་རྩྭ་ས་དང་ཞིང་པའི་ཞིང་ས་སོགས། གལ་ཏེ། སྲིད་གཞུང་གིས་དགོས་དབང་གང་ཞིག་ལ་གཞིགས་ནས་ཕྱིར་བསྡུ་ལེན་དང་། ཡང་ནབཀོལ་སྤྱོད་གཞན་ཞིག་གི་ཆེད་དུ་གཏོང་དགོས་བྱུང་ཚེ། དེ་ལ་ས་ཞིང་གི་ཁྲིམས་ལུགས་རིགས་གཞིར་བཞག་གིས་བསྡུ་ལེན་གྱི་བརྒྱུད་རིམ་ཞིག་ཡོད་དམ།

ལན། ས་གཞིའི་ཐོབ་ཐང་ནི་གན་རྒྱ་བརྒྱུད་ནས་ལོན་པ་ཡིན་རུང་དངོས་པོའི་བདག་དབང་གི་ངོ་བོར་གནས་ཡོད་པ་ལས་གན་རྒྱའི་ངོ་བོར་གནས་མེད། དེ་ནི་གནད་དོན་གལ་ཆེན་ཞིག་ཡིན། གན་རྒྱའི་ངོ་བོར་གནས་ཚེ་གན་རྒྱ་འཇོག་མཁན་གྱིས་ས་ཆར་ཐེ་གཏོགས་དང་སླར་བགོ་བྱེད་པའི་དབང་ཆ་སྤྱད་ནས་མང་ཚོགས་ཀྱིས་ཡུན་བརྟན་གྱིས་ས་གཞི་བཀོལ་སྤྱོད་བྱེད་པའི་ཐོབ་ཐང་ལ་གནོད་པའི་ཉེན་ཁ་ཆེ། དེ་ལ་དམིགས་ནས་རོང་འབྲོག་མང་ཚོགས་ཀྱི་ས་གཞི་ཐོབ་ཐང་གི་ངོ་བོ་དངོས་པོའི་ཐོབ་ཐང་ཡིན་པ་དངོས་ཟོག་བདག་དབང་ཐོབ་ཐང་གི་ཁྲིམས་ཀྱིས་གཏན་ལ་འཁེལ། ༢༠༠༤་ལོར་རྩ་ཁྲིམས་འཕར་བཅོས་བྱེད་སྐབས་སྤྱི་བའི་དོན་དུ་ས་གཞི་གཞུང་སྡུད་བྱེད་དགོས་ཚེ་ས་ཤོར་མཁན་ལ་གུན་གསབ་འཇལ་དགོས་ཞེས་གཏན་འབེབས་བྱས། དེ་ནས་ཁྲིམས་ལུགས་གཞན་གྱིས་ཀྱང་དེའི་སྐོར་གྱི་གཏན་འབེབས་བྱས་ཡོད། དེས་ན་ས་གཞི་གང་ཞིག་སྤྱི་ཕན་གྱི་དོན་དུ་གཞུང་སྡུད་གཞུང་ལེན་བྱེད་སྐབས། ངེས་པར་ཁྲིམས་ཀྱིས་བཅས་པའི་བརྒྱུད་རིམ་ལྟར་བྱེད་དགོས་པ་ལས་རང་སྣང་གང་དྲན་གྱིས་བྱས་ན་མི་འགྲིག ས་གཞི་གཞུང་སྡུད་བྱེད་པར་སྦྱོར་དངོས་རྗེས་གསུམ་གྱི་བརྒྱུད་རིམ་འདི་དག་ཚང་དགོས།

ཐོག་མར། ས་གཞི་དེའི་སྟེང་དུ་འཛུགས་སྐྲུན་བྱེད་འདོད་ཀྱི་ལས་ཁང་གི་འཛུགས་སྐྲུན་རྣམ་གྲངས་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་ངམ་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་བཀོད་པའི་རྣམ་གྲངས་ཡིན་པ། དེ་ནས་འཛུགས་སྐྲུན་བྱེད་མཁན་གྱིས་ས་གཞི་བསྡུ་ཡུལ་གྱི་རྫོང་ངམ་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་ས་སྲིད་ལས་ཁུངས་ལ་ས་གཞི་བཀོལ་སྤྱོད་ཀྱི་སྙན་ཞུ་ཕུལ་རྗེས། ས་སྲིད་ལས་ཁུངས་ཀྱིས་བརྟག་དཔྱད་བྱས་པའི་རྗེས་སུ་ས་གཞི་གཞུང་སྡུད་ཀྱི་གྲོས་འཆར་བྲིས་ཏེ་རྫོང་དང་གྲོང་ཁྱེར་སྲིད་གཞུང་གི་ཆོག་མཆན་ཐོབ་པའི་རྗེས་སུ་རིམ་གྱིས་གོང་རིམ་སྲིད་གཞུང་ལ་སྙན་ཞུ་ཕུལ་དགོས། ས་གཞི་གཞུང་སྡུད་ཀྱི་ཆོག་མཆན་དེ་ཞིང་ཆེན་མི་དམངས་སྲིད་གཞུང་ངམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་འགོད་དགོས། འདི་ནི་ས་གཞི་གཞུང་སྡུད་ཀྱི་སྦྱོར་བ་སྔོན་འགྲོའི་ལས་ཡིན།

གཉིས་པ། རྫོང་ངམ་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ས་གཞི་གཞུང་སྡུད་ཀྱི་ཐག་གཅོད་དེ་ས་གནས་དེའི་གྲོང་ཚོ་དང་ཡུལ་ཚོའི་ཁྱབ་ཁོངས་སུ་སྤྱི་བསྒྲགས་བྱས་ཏེ། ས་གཞི་ཤོར་སྲིད་པའི་མང་ཚོགས་ཀྱིས་གསལ་བསྒྲགས་ཀྱི་ནང་དོན་ལྟར་ས་སྲིད་ལས་ཁུངས་སུ་སོང་ནས་ས་གཞིའི་གནས་ཚུལ་ཐོ་འགོད་བྱེད་དགོས། དེ་ནས་ས་སྲིད་ལས་ཁུངས་ཀྱིས་གུན་གསབ་ཀྱི་གྲངས་དང་གཞན་ནས་ས་གཞི་བཀོད་སྒྲིག་བྱེད་པའི་འཆར་སྣང་བྲིས་ཏེ། འབྲེལ་ཐོགས་མང་ཚོགས་ཀྱིས་འཆར་སྣང་ལ་མི་མཐུན་པའི་བསམ་འཆར་ཡོད་ན་གསན་ཚོགས་(听证会)སོགས་བསྐོང་དགོས་པའི་རེ་འདུན་ཞུས་ཏེ་བསམ་འཆར་བཤད་ཆོག དེ་ནི་གུན་གསབ་ཀྱི་གསལ་བསྒྲགས་སྤེལ་བའི་ཉིན་༡༠་ཡི་ནང་ཚུན་ས་སྲིད་ལས་ཁུངས་ལ་གསན་ཚོགས་བསྐོང་བའི་རེ་བ་བཤད་དགོས། སྲིད་གཞུང་གིས་གུན་གསབ་སྤྲད་པའི་རྗེས་སུ་མི་མང་གིས་ས་གཞི་སྲིད་གཞུང་ལ་སྤྲོད་དགོས་པ་ལས། གལ་ཏེ། སྲིད་གཞུང་གིས་ས་གཞི་གུན་གསབ་ཀྱི་གསལ་བསྒྲགས་སྤེལ་ནས་ཟླ་གསུམ་འགོར་བའི་རྗེས་སུ་ད་དུང་གུན་གསབ་ཀྱི་སྒོར་མོ་མ་སྤྲད་ན་མང་ཚོགས་ཀྱིས་ས་ཆ་ཕར་ལ་མ་སྤྲད་ན་ཆོག འདི་ནི་ས་སྡུད་ཀྱི་དངོས་གཞིའི་བརྒྱུད་རིམ་ཡིན།

གསུམ་པ། སྲིད་གཞུང་གིས་ས་གཞི་སྡུད་ལེན་གྱི་སྐབས་སུ་ཁྲིམས་མཐུན་གྱི་བརྒྱུད་རིམ་མ་བརྒྱུད་པའམ་དོ་བདག་གི་ཐོབ་ཐང་ལ་ཁག་ཐེག་མ་བྱས་པ། ལས་བྱེད་པས་ལྐོག་ཟ་རུལ་སུངས་བྱས་པ། གུན་གསབ་དྲང་བདེན་ཀུན་སྙོམས་མ་ཡིན་པ་ལ་སོགས་པའི་གནད་དོན་བྱུང་ན། གོང་རིམ་སྲིད་གཞུང་ལ་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་སོགས་བྱས་ཏེ་རང་གི་ཐོབ་ཐང་སྲུང་སྐྱོབ་བྱས་ན་ཆོག དེ་ལ་དུས་ཡུན་ལ་སོགས་པའི་དུས་འབྲེལ་གྱི་བཀག་མཚམས་ཡོད་པས་དོ་བདག་གིས་སྲིད་གཞུང་གི་སྤྱི་བསྒྲགས་དང་ཐག་བཅད་སོགས་ལག་ཏུ་འབྱོར་བའམ་མཐོང་བའི་རྗེས་སུ་མྱུར་ཏུ་འགུལ་སྐྱོད་བྱེད་དགོས་པ་མ་གཏོགས་ནར་འགྱངས་བྱས་ཏེ་བསྡད་ན་ཐོབ་ཐང་དང་ཁེ་ཕན་ཤོར་ཉེན་ཆེ་བས་གཟབ་དགོས།

དྲི་བ་བཞི་བ།  ཅི་ཞིག་ལ་སྤྱི་བའི་ཁེ་ཕན་ཟེར་རམ།

ལན། སྤྱི་བའི་ཁེ་ཕན་ཞེས་པའི་བརྡ་ཆད་ལ་ཁྲིམས་ལུགས་ཀྱི་སྟེང་ནས་ཡོངས་གྲགས་ཀྱི་མཚན་ཉིད་ཅིག་འཇོག་ཐུབ་པ་བྱུང་མེད། རྩ་ཁྲིམས་དང་དངོས་ཟོག་བདག་དབང་གི་ཁྲིམས་ཀྱི་ནང་དུ་བརྡ་ཆད་དེ་བཀོལ་སྤྱོད་བྱས་ཡོད་ཀྱང་དེ་ལ་མཚན་ཉིད་གཏན་དབབ་བྱས་མེད། དེ་བཞིན་དུ་ས་གཞི་དོ་དམ་གྱི་ཁྲིམས་ཀྱི་ནང་དུ་རྒྱལ་ཁབ་ཀྱི་སྲིད་དབང་འཛིན་པའི་ལས་ཁུངས་དང་དམག་དོན་ལས་ཁུངས་བཅས་ཀྱི་ཆེད་དུ་ས་གཞི་གཞུང་སྡུད་བྱས་ཆོག དེས་མི་ཚད་སྤྱི་མཐུན་ཡོ་བྱད་དང་ཐོན་ཁུངས་དང་ཆུ་བེད་ལ་སོགས་པའི་ཆེད་དུ་ས་གཞི་གཞུང་སྡུད་བྱས་ཆོག་ཅེས་པའི་མཚན་གཞི་ཙམ་བསྟན་ཡོད་པ་མ་གཏོགས་མཚན་ཉིད་རང་གསལ་པོར་གཏན་དབབ་བྱས་མེད། དེས་ན། སྲིད་གཞུང་གི་མངོན་འདོད་དང་སྤྱི་བ་ཡོངས་ལ་རིས་མེད་ཀྱིས་ཕན་པ་ཐོབ་པ་ཞིག་ལ་སྤྱི་ཕན་ཟེར་དགོས། དེང་སྐབས་ས་གནས་སྲིད་གཞུང་གིས་ཐ་སྙད་འདི་ལོག་སྤྱོད་བྱས་ཏེ་མི་མང་གི་ལག་ནས་ས་ཞིང་བཙན་འཕྲོག་བྱས་དང་བྱེད་བཞིན་པའི་གནས་ཚུལ་མང་། དེའི་རྒྱུ་མཚན་གྱིས་སྲིད་གཞུང་གིས་ས་ཞིང་ལེན་དུས་སྤྱི་ཕན་ཡིན་ཞེས་པའི་ཚིག་ལ་བློ་རྟོན་མི་བྱེད་པར་སྤྱི་བའི་ཁེ་ཕན་ཡིན་མིན་ལ་རྩོད་སྒྲུབ་བྱེད་རྒྱུ་དེ་གལ་ཆེ། དེ་ལྟར་བྱས་ན་ས་ཤོར་མང་ཚོགས་ལ་ས་ཚབ་ཀྱི་རིན་གོང་ཚད་ལྡན་ལག་ཏུ་འབྱོར་བར་ཕན་པ་མ་ཟད་ཁྲིམས་འགལ་གྱིས་ཞིང་ས་དང་རྩྭ་སར་གཏོར་བརླག་བྱེད་པའི་བྱ་སྤྱོད་འགོག་ཐུབ།

དྲི་བ་ལྔ་བ།  གཞུང་གི་འཛུགས་སྐྲུན་རིགས་དང་། ཐུན་མོང་གི་འཛུགས་སྐྲུན་རིགས། དེ་མིན་བཟོ་གྲྭ་དང་ཁེ་ལས་ཁང་སོགས་ཀྱི་འཛུགས་སྐྲུན་གྱི་ལས་གཞིའི་རིགས་ཞིང་པའི་ཞིང་ས་དང་འབྲོག་པའི་རྩྭ་ས་ལ་འཁེལ་ཚེ། དོ་བདག་ལ་ཐོབ་ཐང་རྩོད་ཐབས་ཅི་ཞིག་ཡོད་དམ།

ལན།  གནད་དོན་འདི་རིགས་བྱུང་ཚེ། སྲིད་གཞུང་གིས་ངེས་པར་དུ་བཀོལ་སྤྱོད་དང་གཞུང་སྡུད་བྱས་པའི་ཞིང་ས་དང་རྩྭ་ས་ལ་རིན་ཐང་ཚང་བའི་གུན་གསབ་འཇལ་དགོས། གུན་གསབ་དེ་དག་གི་ནང་དུ་ས་གཞིའི་རིན་གོང་དང་། གནས་སྤོར་གྱི་རོགས་དངུལ། ས་གཞི་སྟེང་གི་སྦྱར་རྫས་(附着物)ཀྱི་རིན་གོང་ཚང་མ་འདུ་དགོས། ས་གཞི་སྟེང་དུ་ཁང་ཁྱིམ་ཡོད་ན་ཁང་ཁྱིམ་བཤིག་སྤོའི་རིན་གོང་སྤྲད་དེ་དོ་བདག་གི་རྒྱུན་ལྡན་གྱི་འཚོ་བའི་ཆུ་ཚད་ལ་མི་གནོད་པ་ཞིག་ཡོང་དགོས། དོ་བདག་གིས་ཀྱང་རང་ཉིད་ཀྱི་ས་གཞི་དང་དངོས་རྫས་སོགས་ལ་རྩིས་བརྒྱབ་སྟེ་སྲིད་གཞུང་གི་གུན་གསབ་ཉུང་དྲགས་པར་བསམ་ན་སྲིད་འཛིན་གཏུག་བཤེར་རམ་བསྐྱར་གྲོས་དང་གསན་ཚོགས་སོགས་ཀྱི་ཐབས་ལམ་བརྒྱུད་ནས་རང་གི་ཐོབ་ཐང་དང་ཁེ་ཕན་བརྩད་ན་ཆོག

དྲི་བ་དྲུག་པ།  གལ་ཏེ་གཞུང་གི་རྩ་འཛུགས་ལྡན་པའི་སྤྱི་ཕན་མིན་པར། ཚོང་པ་སྒེར་དང་ས་གནས་གཞུང་གི་འཛུགས་སྐྲུན་གྱི་ཆེད་དུ་ཞིང་པའི་ཞིང་ས་དང་འབྲོག་པའི་རྩྭ་ས་བཙན་འཕྲོག་བྱེད་རྩིས་བྱས་ཚེ། ཐོབ་ཐང་གུན་གསབ་ལེན་པའི་ཐབས་ལམ་ཅི་ཞིག་ཡོད་དམ། དཔེར་ན། གང་ལ་གཏུག་དགོས་པ་རེད། ཇི་ལྟར་གཏུག་དགོས་པ་རེད། གཏུག་སྟངས་དེ་ག་འདྲ་ཞིག་ཡིན་དགོས་པ་རེད་དམ།

ལན། ས་ཞིང་བཙན་འཕྲོག་བྱེད་རྩིས་བྱུང་ཚེ། ཞིང་པ་དང་འབྲོག་པས་རང་གི་ས་ཞིང་སྲུང་བ་ལ་ཐབས་ལམ་སྣ་ཚོགས་ཡོད། ས་ཞིང་བདག་དབང་གི་ཐོབ་ཐང་ནི་དམངས་ཁྲིམས་དང་དངོས་ཟོག་བདག་དབང་ཐོབ་ཐང་གི་སྲུང་ཡུལ་ཡིན་པས། གནོད་པ་ཐེབས་མཁན་གྱིས་ཐོབ་ཐང་འཚེ་འགན་གྱི་ཁྲིམས་དང་དམངས་དོན་གཏུག་བཤེར་གྱི་ཁྲིམས་སོགས་བརྒྱུད་ནས་གཏུག་བཤེར་བྱས་ཏེ་གུན་གསབ་བླངས་ན་ཆོག་པ་མ་ཟད། གལ་ཏེ། སྲིད་གཞུང་གི་ལས་བྱེད་པས་ལྐོག་ཟ་རུལ་སུངས་ཀྱིས་ལས་དོན་སྒྲུབ་ནས་རྒྱུ་འབྲས་བསྣོག་ན། དོ་བདག་གིས་སྲིད་འཛིན་བསྐྱར་གྲོས་དང་སྲིད་འཛིན་གཏུག་བཤེར་གྱི་ཐབས་ལམ་ལ་བརྟེན་ནས་ཐོབ་ཐང་སྲུང་ན་ཆོག

དྲི་བ་བདུན་པ།  ཁྲིམས་ལ་མི་བསྟུན་སྲིད་ཇུས་ལ་བསྟུན་པ་དང་། ཁྲིམས་ཟེར་བ་ཞིག་ཡོད་བཞིན། ཡང་། སྲིད་ཇུས་ཟེར་བ་ཞིག་གཏན་འབེབས་བྱས་ནས། ལས་དོན་སྒྲུབ་པ་ནི་རྒྱ་ནག་གཞུང་གི་སྲིད་ལུགས་ཆགས་ཡོད། སྲིད་ཇུས་ཀྱི་ནང་དོན་ལྟར་བསྒྲུབ་རྒྱུ་ཡིན་པ་ལས་ཁྲིམས་ལུགས་དང་མི་བསྟུན་ན། ཁྲིམས་ཟེར་བ་ཞིག་དགོས་དབང་མེད་པ་མ་རེད་དམ། དེ་ནི་མི་རྣམས་ཀྱིས་མགོ་ཚོད་དཀའ་བའི་གནས་ཤིག་རེད། དེ་ལ་འགྲེལ་བཤད་ཅིག་གནོངས་དང་།

ལན། རྒྱ་ནག་ནི་ཁྲིམས་ལས་སྲིད་ཇུས་གཙོ་བོར་འཛིན་པ་དེ་བདེན། འོན་ཀྱང་། དེང་སྐབས་རྣམ་པ་དེ་ལ་འགྱུར་བ་འབྱུང་གིན་འདུག  དམངས་ཁྲིམས་ལྟ་བུར་མཚོན་ན། སྒེར་ཁྲིམས་ཡིན་པའི་ཆ་ནས་རྒྱ་ནག་གིས་ཁྲིམས་འདི་རྩ་ཁྲིམས་ལས་ཀྱང་དོ་སྣང་བྱེད་པའི་ཁྲིམས་ཆེས་གལ་ཆེན་པོ་ཞིག་ཡིན། དེ་མིན་དམངས་ཁྲིམས་ཀྱི་འབྱུང་ཁུངས་དང་རིང་ལུགས་དེ་ཡང་ཡུ་རོབ་སྐམ་ས་ཆེན་པོའི་ཁྲིམས་རྒྱུན་ལ་དཔེར་བླངས་པ་ཡིན་པས། ཡུ་རོབ་ཀྱི་ཧྥ་རན་སི་ལྟ་བུར་མཚོན་ན། དེའི་དམངས་ཁྲིམས་ལ་རྩ་ཁྲིམས་ལྟ་བུའི་གོ་གནས་ཡོད། དམངས་ཁྲིམས་ཨ་མ་འདྲ་བའི་མིག་ནང་དུ། གང་ཟག་རེ་རེ་མངའ་སྡེ་རེ་རེ་ཡིན། (it is here that the civil law ought to triumph, which, with the eyes of a mother, regards every individual as the whole community.)(民法慈母般的眼睛里,每个人都是一个国家。)  དམངས་ཁྲིམས་ཀྱིས་གང་ཟག་སྒེར་གྱི་ཐོབ་ཐང་གཙིགས་སུ་འཛིན་པ་ཞིག་དང་། རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་ངོ་བོ་ནི་གང་ཟག་སྒེར་གྱི་ཐོབ་ཐང་དང་རང་དབང་ལ་ཁྲིམས་བཟོ་མ་བརྒྱུད་པར་ཐེ་གཏོགས་དང་ཚོད་འཛིན་བྱེད་པ་ཞིག་ཡིན་ཕྱིན། འདི་འདྲའི་བྱེད་ཐབས་ནི་དམངས་ཁྲིམས་ཀྱི་དགོངས་པ་དང་རྩ་བ་ཉིད་ནས་རྒྱབ་འགལ་བྱས་ཡོད། དེའི་རྒྱུ་མཚན་གྱིས་དམངས་ཁྲིམས་སྤྱི་དོན་གསར་བཟོ་བྱེད་དུས་སྲིད་ཇུས་ནི་དམངས་ཁྲིམས་ཀྱི་འབྱུང་ཁུངས་ལ་འཇོག་དགོས་མིན་སྐོར་ལ་རྩོད་པ་ཤུགས་དྲག་བྱུང་། ༡༩༨༦ ལོའི་ནང་བཟོས་པའི་དམངས་ཁྲིམས་ཐུན་མོང་རྩ་ཚིག་གི་དོན་ཚན་༦་པའི་ནང་དུ། དམངས་དོན་བྱ་རྩོལ་ཁྲིམས་ལ་བསྟུན་དགོས་ཤིང་། ཁྲིམས་ལུགས་ཀྱི་བཅས་པ་མེད་ན་རྒྱལ་ཁབ་ཀྱི་སྲིད་ཇུས་ལ་བསྟུན་དགོས་ཞེས་པའི་གཏན་འཁེལ་དེས་སྐབས་དེའི་རྒྱལ་ཁབ་དང་མི་དམངས་ཀྱི་སྒེར་ཁྲིམས་གོ་རྟོགས་ཤིན་ཏུ་ཞན་པ་མཚོན་ཞིང་། ཕྱིས་སུ་རྒྱ་ནག་རྒྱལ་སྤྱི་ཚོང་ཚོགས་WTO ལ་སོགས་པར་ཞུགས་ཆེད། རྒྱལ་སྤྱིའི་གནོན་ཤུགས་སོགས་མ་ཐེག་པར་དངོས་ཟོག་བདག་དབང་དང་སྒེར་གཉེར་གྱི་རྒྱུ་རྫས་ཁྲིམས་ཀྱི་སྲུང་བྱ་ཡིན་པ་སོགས་ཁས་ལེན་བྱས་ཏེ་སྒེར་དབང་གང་འཚམས་ལག་བསྟར་ཀྱང་བྱས། མང་ཚོགས་ཀྱིས་ཀྱང་སྒེར་རྫས་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པ་ཤུགས་དྲག་ཏུ་གྱུར་ཏེ། དངོས་ཟོག་བདག་དབང་ཐོབ་ཐང་གི་ཁྲིམས་དེ་ ༢༠༠༧་ལོར་དཀའ་ཚེགས་འདྲ་མིན་བརྒྱུད་ནས་དེ་བཟོ་ཐུབ་པ་བྱུང་། དེ་ནས་ན་ནིང་གཏན་འཁེལ་བྱས་པའི་དམངས་ཁྲིམས་སྤྱི་དོན་གྱིས་ཀྱང་སྒེར་ཁྲིམས་དང་གང་ཟག་སྒེར་གྱི་ཐོབ་ཐང་གཙིགས་སུ་བཟུང་སྟེ་སྲིད་ཇུས་ལ་བརྟེན་དགོས་པའི་གཏན་འབེབས་དེ་ཁྲིམས་ཡིག་ནས་དོར་ཏེ་དམངས་ཁྲིམས་ཀྱི་བཅས་པ་མེད་ན་གོམས་སྲོལ་ལ་བརྟེན་དགོས་པའི་གཏན་འཁེལ་མཛད། དེ་ནི་གང་ཟག་སྒེར་གྱི་མོས་འདུན་རང་དབང་བླ་ན་མེད་པ་(意思自治主义)མཚོན་པའི་དམངས་ཁྲིམས་ཀྱི་ཀུན་ཁྱབ་རྩ་དོན་དང་མཐུན་པར་བཟོས་པའི་འཕར་བཅོས་ཤིག་ཡིན། དེས་གང་ཟག་སྒེར་གྱི་ཐོབ་ཐང་ལ་ཕན་པ་མ ཟད། གང་ཟག་སྒེར་གྱིས་གྲུབ་པའི་ཚོགས་པ་སྐྱིད་སྡུག་གི་ལོ་རྒྱུས་ལས་བྱུང་བའི་ཚོང་ཟོག་དང་དངོས་རྫས་བརྗེ་རེས་ཀྱི་གྱོད་དོན་ལའང་ཕན། དཔེར་ན། ང་ཚོའི་ཨ་མདོ་ས་ཁུལ་ན་གོམས་སྲོལ་འདི་དར་གྱིན་ཡོད་མེད་མི་ཤེས་མོད། དབུས་གཙང་ས་ཁུལ་ལྟ་བུར་མཚོན་ན། ནམ་ཕར་ཚུར་གྱི་ཞལ་ལྕེ་དང་ལ་ལྟག་རྒྱབ་ཀྱི་ཞལ་ལྕེ་ཞེས་པའི་ཁ་མཆུ་བསྡུམ་པའི་གོམས་སྲོལ་ཞིག་ཡོད། དཔེར་ན། མི་ཞིག་གིས་གཞན་གྱི་མཛོ་གཡར་ནས་སོ་ནམ་བྱས་ཏེ། ཕར་བདག་པོར་སྤྲད་པའི་རྗེས་སུ་མཛོ་དེ་ཤི་ན་འགན་ཁུར་སུ་ལ་ཡོད་པ་ཐག་གཅོད་པའི་དམངས་ཁྲོད་ཀྱི་གོམས་སྲོལ་ཞིག་ཡིན། དམངས་ཁྲིམས་ཀྱི་གཏན་འཁེལ་མེད་ན་དེང་སང་གོམས་སྲོལ་འདི་ལག་ལེན་བསྐྱར་དར་བྱས་ན་ཆོག  ༢༠༡༧་ལོའི་སྔོན་ལ་་ལག་ལེན་བྱས་ན་བཀས་བཀོད་རྒྱུད་འཛིན་་རོ་ལངས་བརྒྱབ་པ་རེད་ཅེས་གཞུང་གི་ལས་བྱེད་པས་གཞི་མེད་སྐུར་འདེབས་བྱེད་ཀྱིན་རེད། འོན་ཀྱང་། དེང་སྐབས་ཁོང་ཚོས་དེ་ལྟར་བཤད་ན་དམངས་ཁྲིམས་དང་མི་མཐུན། བོད་ཁུལ་ན་འདི་ལྟ་བུའི་དཔེ་མཚོན་ཤིན་ཏུ་མང་། སྙིང་གནོན་དང་རྒྱགས་ཕྱེ་སྤྲོད་སྟངས་འདི་དག་ནི་དམངས་ཁྲོད་ཀྱི་གོམས་སྲོལ་བཟང་པོ་ཡིན་པས་ཁྲིམས་ཀྱི་བཅས་པ་མེད་ས་ནས་གོམས་སྲོལ་འདི་དག་སླར་གསོ་བྱས་ན་བཟང་། མདོར་ན། ༢༠༡༧་ལོ་ནས་བཟུང་རྒྱལ་ཁབ་ཀྱི་སྲིད་ཇུས་དེ་དམངས་ཁྲིམས་ཀྱི་གྱོད་གཞི་ཐག་གཅོད་བྱེད་པའི་གཞིར་འཛིན་པའི་ལམ་ལུགས་དེ་མཇུག་རྫོགས་པ་རེད།

དྲི་བ་བརྒྱད་པ།  དེ་བཞིན་དུ་བོད་ནང་གི་རྒྱ་ཆེ་བའི་བོད་མི་དམངས་ལ་འཕྲད་བཞིན་པའི་དཀའ་ངལ་མང་པོའི་ཁྲོད་ནས་ས་ཞིང་དང་འབྲེལ་བའི་དཀའ་ངལ་གཞན་ཞིག་ནི། ཞིང་ས་དང་རྩྭ་སའི་སྟེང་ཤིང་སྡོང་འཛུགས་དགོས་པ་དང་། དེ་མིན་རང་གི་རྩྭ་སའི་སྟེང་ནས་དབྱར་རྩྭ་དགུན་འབུ་བརྐོ་མ་ཆོག་པ། དེ་བཞིན་དུ་དབྱར་སར་སོང་མི་ཆོག་པ་དང་སོང་ན་ཆད་པ་གཅོད་པ་སོགས་དཀའ་ངལ་མང་པོ་ཞིག་ཡོད་པས། དཀའ་ངལ་དེ་དག་གི་ཐད་ནས་བཤད་ན། རྒྱ་ནག་གི་ས་ཞིང་གི་ཁྲིམས། དེ་ལས་གཞན་རྩ་ཁྲིམས་སོགས་ཁྲིམས་ལུགས་གཞན་དག་ན་དེ་སྐོར་སྲུང་སྐྱོབ་བྱེད་སྟངས་ཡོད་དམ།

ལན། སྤྱིར་སྡོང་འཛུགས་ནགས་བསྐྲུན་ཀྱི་ལས་གཞི་ནི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་གཞི་མིན་པར་ནགས་ལས་ལས་ཁུངས་སོགས་ཀྱིས་རྒྱལ་ཁབ་ཀྱི་རོགས་དངུལ་དང་རྣམ་གྲངས་ལེན་པའི་ཕྱི་པགས་ཙམ་ཡིན་པ་ད་བར་ཆེད་མཁས་པ་མང་པོས་སུན་འབྱིན་བྱེད་ཀྱིན་ཡོད། བོད་ཁུལ་གྱི་ཞིང་སའི་སྟེང་དུ་ཤིང་སྡོང་འཛུགས་པའི་སྐོར་ལ་སྐད་ཆ་མང་པོ་གོ་མེད། ཞིང་ས་ནི་རྒྱ་ནག་གིས་ཁྲིམས་ཀྱིས་ཤིན་ཏུ་སྟངས་འཛིན་བྱས་ཏེ་སྲུང་གི་ཡོད་པས་དེའི་སྟེང་དུ་ནགས་བཙུགས་ན་ཉེན་ཁ་ཆེ་བ་དཔོན་རིགས་རྣམས་ཀྱིས་ཤེས་ཚོར་བྱུང་ཡོད། དེས་མ་ཟད་ཞིང་ས་དང་རྨང་གཞི་ཞིང་ས་སྲུང་བའི་ཁྲིམས་ཤིག་ཡོད་སྟབས་རྒྱ་ནག་ཡོངས་ནས་ཞིང་སའི་མུའུ་གྲངས་མར་ཟགས་པ་ཡིན་ཚེ་ས་གནས་དེའི་དཔོན་རིགས་ཀྱིས་ལས་ཀ་ཡག་པོ་བྱེད་ཀྱིན་མེད་པའི་དཔང་རྟགས་ཡིན་པས་དཔོན་རིགས་མང་ཆེ་བས་ཞིང་སའི་སྟེང་དུ་ནགས་ཚལ་བསྐྲུན་གྱི་མ་རེད། འོན་ཀྱང་། དཔོན་པོ་ལ་ལས་དེ་ལྟར་བྱེད་ཀྱིན་ཡོད་སྲིད་པ་ཞིག་རེད། དེ་ལྟར་བྱས་པ་ཡིན་ཚེ། རོང་འབྲོག་མང་ཚོགས་ཀྱིས་མི་དམངས་སྲིད་གཞུང་གི་ཞིང་ལས་ལས་ཁུངས་ལ་ཞིང་ས་སྲུང་སྐྱོབ་ཀྱི་ཁྲིམས་ལྟར་ཐེར་འདོན་བྱས་ན་གནད་དོན་ཐག་གཅོད་ཐུབ། རྒྱ་ནག་གིས་ད་བར་ཁོང་ཚོར་ཞིང་ས་མུའུ་གྲངས་དུང་ཕྱུར་བཅོ་བརྒྱད་ཡོད་ཅེས་ངོམས་སོ་བྱེད་ཀྱིན་ཡོད་པ་དེ་ལ་གནད་ཅིག་ཡོད་པ་རེད།

བོད་ཁུལ་ནས་འཕྲད་བཞིན་པའི་དཀའ་ངལ་ནི་དབྱར་ས་ནས་ནགས་འཛུགས་པ་དང་དབྱར་སར་རུ་བཀལ་མི་ཆོག་པ་འདི་གཉིས་ཡིན། དབྱར་སར་སྡོང་པོ་བཙུགས་མི་ཆོག་པའི་སྐོར་ལ་དེ་སྔོན་མཚོ་བྱང་གི་འབྲོག་པ་ཁ་ཤས་ཀྱིས་དྲི་བ་དྲིས་པའི་སྐོར་ལ་ངས་ཁྲིམས་གླེང་གི་སྐད་འཕྲིན་ཚོགས་པའི་ནང་དུ་༢༠༡༢་ལོར་ཆེས་མཐོ་ཁྲིམས་ཁང་གིས་རྩྭ་ཐང་གྱོད་གཞི་ཁྲིམས་བཤེར་བྱེད་པའི་ཁྲིམས་འཛིན་གསེད་བཀྲོལ་ཞིག་གཞིར་བཟུང་སྟེ་སྐད་ཆ་བཤད་ཡོད། ནགས་ལས་ལས་ཁུངས་ཀྱིས་རྒྱུ་ནོར་རྔམ་ཟ་བྱེད་ཆེད་ཁྲིམས་དང་མི་མཐུན་པའི་སྒོ་ནས་དབྱར་སར་སྡོང་པོ་བཙུགས་པ་ཡིན་ན། འབྲོག་པས་ངེས་པར་དུ་ཐེར་འདོན་བྱེད་དགོས། ན་ནིང་གཞེས་ནིང་ཞིག་ལ། མཚོ་སྔོན་ཁྲི་ཀ་འཕྲང་དམར་གྱི་འབྲོག་པ་ཞིག་གིས་རྩྭ་ས་མུའུ་བརྒྱ་ལྷག་བཏུལ་ནས་དེའི་སྟེང་གྲོ་ནས་བཏབས་པས་ཁྲིམས་ཁང་གིས་ཆེས་མཐོ་ཁྲིམས་ཁང་གི་གསེད་བཀྲོལ་འདི་ལ་བརྟེན་ནས་ཁོང་ལ་ཉེས་ལྡན་གྱི་ཁྲིམས་ཐག་བཅད་པ་རེད། དེས་ན། སྲིད་གཞུང་གི་ལས་བྱེད་པས་ཁྲིམས་འགལ་གྱིས་དབྱར་ས་བཤིག་ན་དེ་ལ་ཉེས་ཆད་ཀྱང་གཅོད་དགོས། དེ་མང་ཚོགས་ཀྱིས་ཤེས་དགོས།

དེ་ནས་འབྲོག་པས་དབྱར་སར་ཕྱུགས་ཟོག་དེད་མི་ཆོག་པའི་ཐད་ལ་ངས་ཀྱང་ན་ནིང་ཁྲིམས་གླེང་དྲ་ཚིགས་སུ་རྩོམ་ཞིག་སྤེལ་ནས་སྲིད་ཇུས་དེ་ལ་དགག་པ་བརྒྱབ་པ་ཡིན། རྩོམ་དེ་བོད་དོན་ཚོགས་པ་ཁ་ཤས་ཀྱིས་བསྐྱར་འགོད་ཀྱང་བྱས། ཁོར་ཡུག་སྲུང་སྐྱོབ་ལ་ཁ་གཡར་ནས་མང་ཚོགས་ཀྱི་ས་འཕྲོག་པའམ་མང་ཚོགས་ཀྱི་སོ་ནམ་ལ་ཚོད་འཛིན་དང་བཀག་འགོག་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་དང་ཐོན་སྐྱེད་ལ་དཀའ་ངལ་བཟོས་པའི་གནད་དོན་འདི་ལ་༢༠༡༥་ལོར་སྐབས་དེའི་རྒྱལ་ཡོངས་དམངས་ཆེན་གྱི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་ཀྱང་དགག་པ་བརྒྱབ་ཡོད། སྡོམ་རྩིས་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་རིགས་ས་ཁུལ་གྱི་ས་ཁྱོན་བརྒྱ་ཆའི་དགུ་བཅུ་ཡན་སྲིད་གཞུང་གིས་ཚོད་འཛིན་དང་བཀག་སྡོམ་བྱས་ཡོད་སྐད། ལམ་ལུགས་དེ་ལ་གཙོ་ཕུང་ནུས་འདོན་ས་ཁུལ་(主体功能区)ཡིན་ན་ཅིག་ཟེར། དེ་ནི་སྲིད་གཞུང་གིས་ཁོར་ཡུག་ལ་ཁག་བཞག་ནས་རོང་འབྲོག་མང་ཚོགས་ཀྱི་ས་ཆ་འཕྲོག་པའི་ལས་གཞི་ཉག་གཅིག་ཡིན། དེས་མང་ཚོགས་ཀྱི་དམངས་ཁྲིམས་ལས་མཆེད་པའི་དངོས་ཟོག་བདག་དབང་གི་ཐོབ་ཐང་ལ་མངོན་སུམ་འཛེམ་མེད་ཀྱིས་གནོད་པ་བྱས། དེ་ལ་མང་ཚོགས་ཀྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་བསམ་འཆར་བཤད་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་དེ་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྲིད་ཇུས་ལག་ལེན་བྱེད་སྟངས་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་ཁྲིམས། དངོས་ཟོག་བདག་དབང་ཐོབ་ཐང་གི་ཁྲིམས་ཀྱི་བཅས་པ་དང་མི་མཐུན་པས་བཟློག་དགོས་ཞེས་པའི་ཞུ་གཏུགས་ཕུལ་ན་བཟང་བར་སྙམ། དེས་བྱམས་པ་ཕུན་ཚོགས་ཀྱིས་བཤད་པའི་སྐད་ཆ་དེ་བདེན་པ་ཡིན་པ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་ར་སྤྲོད་ཐུབ།

དྲི་བ་དགུ་བ། རྒྱ་ནག་གི་ས་ཞིང་གི་ཁྲིམས་ལུགས་ལྟར་ན། ཞིང་སར་ཞིང་མ་བཏབས། རྩྭ་སར་ཕྱུགས་ཟོག་མ་འཚོས་པར་བཞག་ན་ཉེན་ཁ་ཡོད་དམ།

ལན། ས་ཁྲིམས་ཀྱི་དོན་ཆན་༣༧་ལ་སོགས་པའི་གཏན་འཁེལ་ལྟར་ན། ཞིང་སའི་སྟེང་དུ་སོ་ནམ་མ་བྱས་པར་བསྐྱུར་ཏེ་ལོ་གཉིས་འགོར་བ་ཡིན་ན། ས་ཞིང་བདག་ཏུ་དབང་བའི་ཐུན་མོང་དཔལ་འབྱོར་ཚོགས་པ་སྟེ། སྡེ་བའམ་ཚོ་བས་ཞིང་ས་དེ་ཕྱིར་སྡུད་བྱས་ཆོག་ཅེས་གཏན་འབེབས་བྱས་ཡོད། འོན་ཀྱང་། རྩྭ་ས་ལ་དེ་ལྟ་བུའི་གཏན་འཁེལ་གསལ་པོ་མེད་པས། རྩྭ་སའི་སྟེང་དུ་ཕྱུགས་ཟོག་མ་འཚོས་བར་བཞག་ན་ཇི་ལྟར་བྱེད་དགོས་པའི་སྐོར་ལ་ཞིབ་འཇུག་བྱེད་རན་ཡོད།