སྨན་ཁང་ནས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་གནད་འགག ༼གཏམ་བཤད།༽

 

མདོ་འཛོན་པ་སྒྲོལ་མ་ན་རེ། ངའི་མིང་ལ་སྒྲོལ་མ་ཟེར། ང་ད་ལྟ་ཧྥ་རན་སི་རྒྱལ་ཁབ་ན་ཡོད། ངས་ལོ་ཁ་ཤས་སྔོན་མཚོ་སྔོན་བོད་སྐད་རླུང་འཕྲིན་ལས་ཁུངས་ཀྱི་བོད་སྐད་ལེ་ཚན་མདོ་འཛིན་པ་བྱས་མྱོང་། ཡིན་ནའང་། ད་ལྟ་ལས་ཀ་དེ་མ་ལས་ནས་ལོ་ཁ་ཤས་འགོར་སོང་། གྲོགས་པོ་མང་པོ་ཞིག་གིས་ང་ཤེས་པར་བསམ། ང་ཚོགས་པ་འདིའི་ནང་དུ་ཞུགས་དོན་དམིགས་ཡུལ་གཙོ་བོ་ཡང་ཉེ་སྔོན་མེ་ལོང་གི་དྲ་ཐོག་བརྙན་ཐུང་སྨན་ཁང་དུ་བོད་སྐད་ཀྱི་སྐད་སྒྱུར་དགོས་པ་དང་།དྲ་རྩོམ་བོད་སྐད་ཡིག་ལས་དོན་ལྷན་ཁང་གི་ངོ་བོ་དང་འགན་ཁུར་ལ་སོགས་པ་སྤེལ་ནས་བོད་རིགས་སྤྱི་ཚོགས་སྟེང་ཤུགས་རྐྱེན་མང་པོ་

ཐེབས། དྲ་གྲོགས་མང་པོ་ཞིག་གིས་འདིའི་ཐད་ལ་བགྲོ་གླེང་དང་བསམ་ཚུལ་སོགས་བཤད་བཞིན་པའི་སྒང་རེད། འདི་ལ་དམིགས་ནས་ཁྲིམས་གླེང་གི་འགན་འཛིན་སྒྲོལ་མ་སྐྱབས་ཀྱིས་ཚོགས་པ་འདིར་

བོས་ནས་སྐད་ཆ་ཞིག་བཤད་ན་མཉམ་ཞུགས་དང་རམ་འདེགས་ཀྱི་ནུས་པ་ཐོན་པའི་རེ་བ་བཏོན་པས་ང་འདིར་ཡོང་བ་ཡིན། དེའི་རྐྱེན་གྱིས་ང་དེ་རིང་ཚོགས་པ་འདི་ལ་ཞུགས་ནས་སྒྲོལ་མ་སྐྱབས་དང་མཉམ་དུ་འདིའི་སྐོར་ལ་ཁ་བརྡ་བྱས་ན་ང་དང་ཚང་མ་ལ་ཤེས་བྱ་ཐོབ་པར་ཕན་ཐོགས་པར་བསམ་པ་ཡིན། ངས་སྐད་ཆ་བཤད་པའི་རྗེས་སུ་སྒྲོལ་མ་སྐྱབས་ཀྱིས་སྨན་ཁང་ནས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་པའི་ཐད་ལ་ཁ་བརྡ་ཐུང་ངུ་ཞིག་བཤད་རྒྱུ་རེད། ཁ་བརྡ་ཡི་གོ་རིམ་ཁྲོད་པར་རིས་དང་བརྙན་ཐུང་མ་བསྐུར། ཁོང་གིས་སྐད་ཆ་བཤད་ཚར་བའི་རྗེས་སུ་ཆུ་ཚོད་ཕྱེད་ཀ་ཙམ་ལ་དྲ་གྲོགས་རྣམ་པའི་དྲི་བ་ལ་ལན་འདེབས་རྒྱུ་རེད།

སྒྲོལ་མ་སྐྱབས་ཀྱི་གཏམ་བཤད། (རགས་ཟིན།)

དེ་རིང་གི་བརྗོད་བྱ་གཙོ་བོ་བོད་རིགས་ནད་པ་ལ་སྨན་ཁང་གིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་གནད་འགག་གི་སྐོར་ཡིན། བརྗོད་བྱ་འདིའི་ཐད་ལ་དེ་སྔོན་གྱི་བརྙན་ཐུང་ཞིག་འདིར་བསྐུར་ཡོད་པ་དེ་ལ་རྣམ་པ་ལྷན་རྒྱས་ནས་ཐེངས་གཅིག་ལ་ལྟོས། དེ་ནས་ཁྲིམས་གླེང་གི་དྲ་རྩོམ་༼བོད་སྐད་ཡིག་ལྷན་ཁང་གི་ངོ་བོ༽་ཞེས་པ་དེ་ལ་ཡང་གཅིག་ལྟོས་དང་ཐེངས་འདི་བགྲོ་གླེང་ལ་གོ་བ་ལོན་པར་ཕན།

ནད་པ་ཞིག་སྨན་ཁང་ལ་སོང་ན་ཁོང་ལ་ཐོབ་ཐང་གང་ལ་གང་འཚམ་ཞིག་ཡོདདཔེར་ན།སྨན་བཅོས་ཚད་ལྡན་ཐོབ་པ་དང་། མི་རིགས་དབྱེ་འབྱེད་བྱས་མི་ཆོག་པ་ལ་སོགས་པའི་ཐོབ་ཐང་སོགས་ཡོད།
སྨན་ཁང་དང་སྨན་པ་ཡིས་ནད་པ་ཡི་ཐོབ་ཐང་ལ་བརྩི་བཀུར་དང་ཁག་ཐེག་བྱས་ཏེ་སྨན་བཅོས་བྱས་ན། སྨན་པ་དང་ནད་པ་ཡི་འབྲེལ་ལམ་བཟང་པོ་ཡོང་ཐུབ། དེ་མ་ཡིན་ན་སྨན་པ་དང་ནད་པ་འཁོན་རེས་འཛིང་རེས་བྱས་ཏེ་དགྲ་བོར་གྱུར་པའང་མང་།༢༠༡༣་ལོ་དང་༢༠༡༥་ལོར་རྒྱ་ནག་ནང་ལོགས་ནས་ནད་པས་སྨན་པ་བསད་པའི་དོན་རྐྱེན་ཁག་ཅིག་བསྟུད་མར་བྱུང་བ་རྐྱེན་བྱས་ཏེ། སྨན་པ་ཡི་ལས་རིགས་འདི་ཉེན་ཁ་ཅན་གྱི་ལས་རིགས་རེད་ཟེར་བའི་སྨན་པ་དང་ནད་པ་ལ་མི་ཕན་པའི་གླེང་སློང་སྣ་ཚོགས་བྱུང་། གནད་དོན་དེ་ལ་དམིགས་ནས་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ལྷན་ཁང་གིས་༢༠༡༥་ལོར་ཉེས་ཁྲིམས་ལ་བཟོ་བཅོས་བྱེད་སྐབས་སྨན་ཁང་གི་སྒྲིག་ལམ་གཏོར་བ་དང་སྨན་པ་ལ་གཅར་རྡུང་བྱེད་པ་ལ་སོགས་པའི་བྱ་སྤྱོད་ནི་ཉེས་ཁྲིམས་འགལ་བ་ཡིན་པའི་དོན་ཚན་གསར་སྣོན་བྱས་ཤིང་། བྱ་སྤྱོད་དེའི་རིགས་བྱུང་ན་སྦྱོར་བ་བོ་ལ་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་བཙོན་འཇུག་བྱས་ཆོག་པའི་ཉེས་ཆད་གཏན་དབབ་བྱས། དེ་ནས་ད་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་་ཀྱང་སྨན་བཅོས་རྩོད་ཟླ་སྔོན་འགོག་དང་ཐག་གཅོད་ཀྱི་སྲོལ་ཡིག་ཅེས་བྱ་བ་གཏན་འཁེལ་བྱས་ཏེ་སྨན་པ་དང་ནད་པའི་འབྲེལ་བ་བཟང་དུ་གཏོང་བ་ལ་སྟངས་འཛིན་བྱས།

བོད་ཡིག་ལ་དོ་སྣང་མེད་པའི་སྨན་ཁང་། 

སྨན་ཁང་དང་ནད་པ་ཡི་འབྲེལ་བ་བཟང་པོ་ཞིག་ཆགས་ནས་ནད་པ་བདེ་བླག་ངང་སྨན་བཅོས་ཐོབ་དགོས་ན། ནད་པས་སྒྲིག་ལམ་སྲུང་དགོས་པ་མི་ཚད་སྨན་ཁང་དང་སྨན་པས་ཀྱང་སྒྲིག་ལམ་བསྲུང་དགོས། ནད་པ་ཡི་སྐད་ཡིག་ཐོབ་ཐང་འདི་ལ་སྨན་ཁང་དང་སྨན་པས་གཙིགས་སུ་འཛིན་དགོས་པའི་རྒྱུ་མཚན་གཙོ་བོ་ནི་སྨན་བཅོས་བདེ་བླག་ཡོང་བ་དང་ནད་པ་ཡིས་རང་གི་ནད་དང་སྨན་བཅོས་ཀྱི་གནས་ཚུལ་ཤེས་ཚོར་གྱི་ཐོབ་ཐང་ལ་འབྲེལ་བ་ཡོད་པ་ཞིག་ཡིན། ནད་པའི་ཤེས་ཚོར་གྱི་ཐོབ་ཐང་དེ་ཁག་ཐེག་ཡོང་ཆེད་སྨན་ཁང་དང་སྨན་པ་ཡིས་ནད་པ་ལ་གནས་ཚུལ་གསལ་བཤད་བྱས་ཏེ་ཤེས་སུ་འཇུག་པའི་འགན་ཁུར་ཡོད། རྒྱ་སྐད་ཀྱིས་འདི་ལ་(告知义务)ཟེར། སྨན་ཁང་དང་སྨན་པས་འགྲེལ་བརྗོད་བྱས་པ་དེ་ཡང་ཡང་དག་པ་དང་མ་ནོར་བ། ཐེ་ཚོམ་མེད་པ་དང་་ནད་པས་གོ་ལོག་མི་ཐེབས་པ་ཞིག་ཡིན་དགོས། (医务人员履行告知义务的标准:能够让患者足以做出正当合理判断所必须掌握的信息。即以不产生歧义为标准。) སྨན་པས་ནད་པ་ལ་ནད་ངོ་དང་སྨན་བཅོས་ལག་ཐབས་སོགས་གསལ་བཤད་བྱས་ཏེ་ཤེས་སུ་འཇུག་པའི་འགན་ཁུར་འདི་སྨན་བཅོས་ཀྱི་ཁྲོད་དུ་སྨན་ཁང་དང་སྨན་པ་ཡི་ལག་བསྟར་བྱེད་དགོས་པའི་འགན་ཁུར་གལ་ཆེན་ཞིག་ཡིན། གསལ་བཤད་བྱེད་སྐབས་ནང་དོན་འདི་དག་ནང་དུ་འདུ་དགོས། ནད་པའི་ནད་ངོ་དང་ནད་པས་འདེམས་ཆོག་པའི་སྨན་བཅོས་ཀྱི་ལག་ཐབས་མ་མཐའ་གཉིས་ཡན་ཆད། སྨན་པས་ལག་ཐབས་དེ་དག་གི་དགེ་མཚན་དང་ཉེས་དམིགས་རེ་རེ་བཞིན་གསལ་བརྗོད་བྱེད་པ། སྨན་བཅོས་སྐབས་འབྱུང་སྲིད་པའི་ཉེན་ཁ་དང་དེའི་བཟློག་པའི་ཐབས་ལམ། ནད་པས་བསམ་ཚུལ་དང་ནད་པའི་གདམ་གསེས་དེ་དག་གསལ་བཤད་ཡི་གེའི་ནང་དུ་བཞག་སྟེ་ནད་ཐོ་རུ་འགོད་དགོས། དེ་ནི་སྨན་ཁང་གི་འགན་ཁུར་ཡིན།

ཐོབ་ཐང་འཚེ་འགན་གྱི་ཁྲིམས་ནི་༢༠༡༠་ལོ་ནས་བཟུང་ལག་བསྟར་བྱས་པའི་ཁྲིམས་ཤིག་ཡིན། དེ་ནི་གང་ཟག་རང་ཉིད་ཀྱི་ཐོབ་ཐང་སྣ་ཚོགས་སྲུང་སྐྱོབ་བྱེད་པར་ལམ་སྟོན་རང་བཞིན་ཅན་གྱི་ཁྲིམས་ཤིག་ཡིན། ཁྲིམས་དེའི་ས་བཅད་བདུན་པ་ནི་སྨན་བཅོས་སྐབས་སུ་ནད་པར་གནོད་འཚེ་ཐེབས་ན་སྨན་ཁང་གིས་འགན་ཁུར་དགོས་པའི་སྐོར་ཡིན། དེའི་དོན་ཚན་༥༥་ཡི་ནང་དུ། སྨན་བཅོས་མི་སྣས་སྨན་བཅོས་བྱེད་སྐབས་ནད་པ་ལ་ངེས་པར་དུ་ནད་ཀྱི་གནས་ཚུལ་དང་སྨན་བཅོས་བྱེད་ཐབས་ངོ་སྤྲོད་གསལ་བཤད་བྱེད་དགོས། གཤག་བཅོས་སོགས་བྱེད་དགོས་ན་བཅོས་ཐབས་དང་ཉེན་ཁ་སོགས་འགྲེལ་བརྗོད་བྱས་ཏེ་ནད་པའི་མོས་མཐུན་ཐོབ་དགོས། སྨན་བཅོས་མི་སྣས་དེ་ལྟར་མ་བྱས་པར་ནད་པ་ལ་གནོད་འཚེ་ཐེབས་ན། སྨན་ཁང་གིས་གྱོང་གུད་ཀྱི་གུན་གསབ་འཇལ་བའི་འགན་ཁུར་དགོས་ཞེས་གཏན་འཁེལ་བྱས། དེ་མིན་ཉེས་ཁྲིམས་ཀྱི་དོན་ཚན་༣༣༥་ཡི་ནང་དུ། སྨན་པས་འགན་ཁུར་ནན་ཏན་མ་བྱས་པར་སྨན་བཅོས་བྱས་པའི་རྐྱེན་གྱིས་ནད་པ་ཤི་བའམ་ལུས་ལ་གནོད་པ་ཚབས་ཆེན་བཟོས་ཚེ། སྨན་པ་ལ་ལོ་གསུམ་མན་གྱི་བཙོན་འཇུག་བྱས་ཆོག་ཅེས་པའི་གཏན་འཁེལ་བྱས་ཡོད།  དེས་ན་སྨན་ཁང་གིས་བོད་རིགས་ནད་པ་ལ་སྐད་སྒྱུར་དང་ལོ་ཙྭ་བ་མཁོ་སྤྲོད་བྱེད་པ་དང་། ནད་པ་ཡི་བརྟག་དཔྱད་དང་སྨན་བཅོས་ཀྱི་གནས་ཚུལ་ཐོ་ཡིག་བྲིས་ནས་ཉར་ཚགས་བྱེད་པ་ནི་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་འགན་ཁུར་ཡིན། འགན་ཁུར་འདི་དག་སྣང་མེད་དུ་བཏང་ནས་ནད་པ་ལ་དགོས་མེད་ཀྱི་དཀའ་ངལ་བཟོས་པ་ཡིན་ན། སྨན་ཁང་གིས་འགན་ཁུར་དགོས།

ད་བར་བོད་ཀྱི་ས་ཁུལ་ན་རྒྱ་བོད་སྐད་གཉིས་ཤེས་པའི་ཚད་ལྡན་གྱི་སྨན་པ་འདང་ངེས་ཅན་མེད་ཕྱིན། ང་ཚོས་ངེས་པར་དུ་སྨན་ཁང་དང་སྲིད་གཞུང་ལ་རེ་ཞུ་བྱས་ཏེ་ཁོང་ཚོས་ཚད་ལྡན་གྱི་ལོ་ཙཱ་བ་ལ་སྨན་ཁང་དུ་ལས་གནས་སྤྲོད་དགོས་པའི་རེ་བ་ཞུ་དགོས། ང་ཚོ་བོད་ཀྱི་ས་གནས་སུ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ་ལས་ཀ་མེད་པའི་བོད་རིགས་ཤེས་ཡོན་པ་མང་པོ་ཡོད། ཁོང་ཚོར་སྨན་ཁང་དང་སྲིད་གཞུང་གིས་ཚད་ལྡན་གྱི་ཟབ་སྦྱོང་སྤྲད་དེ་ལས་ཀ་བྱིན་ན་བོད་རིགས་ཡོངས་ལ་ཕན་ལ། ནད་པ་རང་ལ་ཡང་ཕན་པས། ཚང་མས་གནད་དོན་འདི་ཆུང་ཆུང་ཞིག་རེད་བསམ་ནས་བསྐྱུར་མ་འཇོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲོལ་ཡིག་གསར་པ་དེས་གཏན་འཁེལ་ལྟར། སྨན་ཁང་ན་མང་ཚོགས་ཀྱིས་བསམ་འཆར་དང་ཞུ་གཏུག་བྱེད་ས་ལས་ཁུངས་ཡོད་དགོས་པས། ང་ཚོས་ལས་ཁུངས་དེ་དག་ལ་བསམ་འཆར་བཤད་ཆོག་པ་དང་། བོད་རིགས་རང་སྐྱོང་གི་ས་ཁུལ་ཡིན་ན། ས་ཁུལ་དེ་ཡི་མི་དམངས་སྲིད་གཞུང་ན་བོད་སྐད་ཡིག་ལས་དོན་ལྷན་ཁང་ཟེར་བའི་ལས་ཁུངས་ཤིག་ཡོད། ཁོང་ཚོས་ཀྱང་སྨན་ཁང་སོགས་ཀྱིས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་ཀྱིན་ཡོད་མེད་ལ་ལྟ་རྟོག་དང་ཆད་པ་བཅད་ཆོག་པའི་ལས་ཁུངས་ཡིན་པས། མང་ཚོགས་ཀྱིས་ཁོང་ཚོར་བསམ་འཆར་བཤད་ནའང་འགྲིག བོད་སྐད་ཡིག་ལྷན་ཁང་གི་ངོ་བོ་དང་འགན་ཁུར་གྱི་སྐོར་ངས་གོང་ནས་བསྐུར་བའི་ཡིག་ཆ་དེའི་ནང་དུ་བཤད་ཡོད། ཚང་མ་དེར་སོང་ནས་བལྟས་ན་ཆོག དེ་ནས་ངའི་གཏམ་བཤད་ལ་ཡུལ་སྐད་ཀྱི་དབང་གིས་མི་གོ་མཁན་ཡོད་ན་སེམས་ཁྲལ་མ་བྱེད། ངས་གཏམ་བཤད་ཡིག་ཐོག་ཏུ་ཕབ་ནས་ཉིན་ཁ་ཤས་ཀྱི་རྗེས་སུ་འདིར་སྤེལ་གྱི་ཡིན་པས་ཁྱེད་རྣམ་པས་ཡིག་ཐོག་ནས་ཀློག་ཆོག དེ་རིང་གི་གཏམ་བཤད་འདི་ནས་མཚམས་འཇོག་གི་ཡིན།

མདོ་འཛིན་པ་སྒྲོལ་མ་ན་རེ། ད་གོང་ནས་ཁྲིམས་གླེང་འགན་འཛིན་པས་སྨན་ཁང་ནས་བོད་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་པའི་ཐད་ལ་ཁྲིམས་ལུགས་ཀྱི་སྐོར་ནས་ཁ་བརྡ་བྱས་ཡོད། ཁྱེད་ཅག་ལ་དྲི་བ་ཡོད་ན་སྦ་གསང་མེད་པར་དྲི་བར་ཞུ།