གཉེན་སྒྲིག་ཁྲིམས་ནང་གི་བུད་མེད་ཀྱི་ཐོབ་ཐང་།

 

གཏམ་བཤད་བཤད་མཁན་ཁྲིམས་རྩོད་མ་ཅ་ཡོན་ཧུག

ཚོགས་གཙོ་ཡི་རེ་ཞུ་ལྟར། ངས་དེ་རིང་འདི་ནས་ཚང་མ་དང་མཉམ་དུ་བུད་མེད་ཀྱི་ཁེ་དབང་དང་ཐོབ་ཐང་ སྐོར་གྱི་ཁྲིམས་ལུགས་ཤེས་བྱ་མདོར་བསྡུས་ཙམ་ངོ་སྤྲོད་བྱེད་རྒྱུ་ཡིན། ང་རང་གིས་འདིའི་ཐད་ཀྱི་གྱོད་དོན་མང་པོ་ཞིག་ལག་ལེན་བྱས་པའི་ཉམས་མྱོང་མེད་སྟབས། འདིའི་ཐད་ལ་བགྲོ་གླེང་ཆེ་ལོང་ཙམ་ བྱེད་ཀྱི་ཡིན། ང་ནི་མཚོ་སྔོན་ཧྭོ་ཅན་ཁྲིམས་རྩོད་ལས་ཤག་གི་ཁྲིམས་རྩོད་པ་ཡིན། ངའི་མིང་ལ་ཅ་ཡོན་ཧྭུག་ཟེར། ང་ཚོའི་རྒྱལ་ཁབ་ཀྱི་གཉེན་སྒྲིག་ཁྲིམས་ཀྱི་རྩ་བའི་རྩ་དོན་གསུམ་ཡོད་པ་དེ་ནི་གཉེན་སྒྲིག་རང་དབང་དང་།

བཟའ་ཟླ་འདྲ་མཉམ། ཁྱོ་གཅིག་ཤུག་གཅིག་གི་ལམ་ལུགས་བཅས་གསུམ་ཡིན། གཉེན་སྒྲིག་རང་དབང་གི་ནང་དུ་གཉེན་སྒྲིག་རང་དབང་དང་བཟའ་ཐོར་རང་དབང་འདུས། གཉེན་སྒྲིག་བྱེད་དགོས་ན་རང་དབང་རང་འཐད་ཡིན་དགོས་པ་ལས་བཙན་དབང་བཀོལ་མི་ཆོག གལ་ཏེ། ་ཕོ་མོ་གང་རུང་གཉེན་སྒྲིག་བྱེད་པར་མོས་འཐད་མེད་ན། དེའི་ཁྱིམ་མིས་བཙན་གྱིས་གཉེན་སྒྲིག་བྱེད་དུ་འཇུག་མི་ཆོག

བཟའ་ཐོར་རང་དབང་ནི། གལ་ཏེ། བཟའ་ཟླ་གཉིས་འཁོན་ནས་མཉམ་དུ་འཚོ་བ་རོལ་ཐབས་བྲལ་ན། བཟའ་ཟླ་གང་རུང་གིས་བཟའ་འཐོར་ཞུ་བའི་ཐོབ་ཐང་ཡོད། དེ་ལ་མི་གཞན་གྱིས་ཐེ་གཏོགས་བྱས་མི་ཆོག ནམ་རྒྱུན་འཚོ་བའི་སྣང་ཚུལ་ལ། བཟའ་ཟླ་གཉི་ག་ནམ་རྒྱུན་འཁོན་ནས་རྒྱུན་ལྡན་གྱི་འཚོ་བ་རོལ་ཐབས་བྲལ་བའི་གནས་སུ་ལྷུང་ཀྱང་། དེའི་ཁྱིམ་མི་གཞན་གྱིས་བྱིས་པའི་ངོ་ལ་བལྟས་ནས་བཟའ་འཐོར་འགོག་པ་མང་། དེའི་རྒྱུ་མཚན་གྱིས་བཟའ་ཟླ་ཡི་བར་ལ་དཀའ་ཁག་དང་སྡུག་བསྔལ་བཟོས་ཏེ་བཟའ་འཐོར་བྱེད་མ་ཐུབ་པར་ལུས་པ་མང་། དོན་དངོས་སྟེང་ནས་བཤད་ན། བྱ་སྤྱོད་འདི་དག་ནི་གཞན་གྱི་བཟའ་འཐོར་རང་དབང་ལ་ཇུས་གཏོགས་བྱས་པ་ཡིན་པས་གཉེན་སྒྲིག་ཁྲིམས་དང་འགལ།

ཁྱོ་གཅིག་ཤུག་གཅིག་གི་ལམ་ལུགས་ཐད་ནས། སྔོན་གྱི་དུས་སྐབས་སུ། ཕོ་གཅིག་གིས་ཆུང་མ་འགའ་རེ་ལེན་ཆོག་པ་དང་། དེང་སྐབས་ཨ་རུབ་ཀྱི་རྒྱལ་ཁབ་ལ་མཚོན་ན། ཕོ་གཅིག་གིས་ཆུང་མ་འགའ་རེས་ལེན་པའི་ཡུལ་ཆོས་དེ་གཉེར་ཡོད། འོན་ཀྱང་། རང་རེའི་རྒྱལ་ཁབ་ཏུ་ཕོ་གཅིག་གིས་ཆུང་མ་གཅིག་མ་གཏོགས་ལེན་མི་ཆོག དེ་བཞིན་དུ་མོ་གཅིག་གིས་ཕོ་གཅིག་མ་གཏོགས་བཟའ་ཟླ་མང་པོ་བསྟེན་མི་ཆོག རྩ་དོན་ཆེས་གལ་ཆེ་ཤོས་ནི་ཕོ་མོ་འདྲ་མཉམ་གྱི་རྩ་དོན་དེ་ཡིན། སྔོན་གྱི་བཀས་བཀོད་རྒྱུད་འཛིན་གྱི་བསམ་བློ་དང་བག་ཆགས་རྙིང་པའི་ནང་དུ། མོ་ནི་ཕོ་ལ་བརྟེན་དགོས་པ་དང་། མོ་ནི་ཕོ་ཡི་རྒྱུ་ནོར་ཙམ་དུ་ཟད་པས་ཕོ་ཡིས་དབང་བསྒྱུར་བ་ཞིག་རེད། ཅི་བྱ་ཐམས་ཅད་ཕོ་ཡི་ཁ་ལ་ཉན་དགོས་ཤིང་། མོ་ཡིས་བསྒྲུབས་པའི་རྒྱུ་ནོར་ཐམས་ཅད་ཕོ་ལ་བདོག་པའི་བསམ་བློ་འདི་དག་ནི་ཕོ་མོ་འདྲ་མཉམ་མིན་པའི་ནོར་འཁྲུལ་གྱི་ལྟ་བ་ཞིག་རེད། ཐོག་མར་རྒྱུན་ལྡན་གྱི་འཚོ་བའི་ཁྲོད། ཕོ་མོ་གཉིས་ཀྱིས་ཁྱིམ་ལས་སོགས་ལས་དུས་འདྲ་མཉམ་ཡིན་དགོས་པ་དང་། ཕོ་ཡིས་བཤད་པ་ཐམས་ཅད་མོ་ཡིས་ངེས་པར་དུ་བརྩི་དགོས་པ་ཞིག་མ་རེད། རྒྱུ་ནོར་བགོ་བཤའ་བྱེད་སྐབས་དང་། བུ་ཕྲུག་གཉོར་སྐྱོང་དང་རྒན་པ་གཉོར་སྐྱོང་བཅས་ཀྱི་ཐད་ནས། བུད་མེད་ཀྱི་བསམ་འཆར་ལ་བརྩི་བཀུར་བྱེད་དགོས། གཉེན་སྒྲིག་ཁྲིམས་ཀྱིས་ད་དུང་ཁྱོ་ཤུག་གིས་ཕན་ཚུན་བློ་དཀར་སེམས་དཀར་བྱས་ཏེ་གཞན་ནས་བྱི་སོགས་ལོག་གཡེམ་མི་བྱེད་པའི་གཏན་འབེབས་བྱས་ཡོད།  དེ་བཞིན་དུ་ཕན་ཚུན་ལ་བརྩི་བཀུར་བྱེད་དགོས་པའི་གཏན་འཁེལ་ཀྱང་བྱས་ཡོད། དཔེར་ན། བཟའ་ཟླའམ་ཁྱོ་གས་བཟའ་ཚང་མ་འཐོར་བའི་སྔོན་དུ་བུད་མེད་གཞན་ལ་བསྟེན་པ་ལྟ་བུ། བྱ་སྤྱོད་འདི་རིགས་ནི་གཞན་ལ་བརྩི་བཀུར་མ་བྱས་པ་རེད།

གཉེན་སྒྲིག་ཁྲིམས་ཀྱིས་བཙན་དབང་དང་འཇིགས་བསྐུལ་བྱས་ཏེ་་གཉེན་སྒྲིག་བྱས་པ་ལ་ཁྲིམས་ཀྱིས་ངོས་ལེན་མི་བྱེད་པའི་གཏན་འབེབས་བྱས་ཡོད། དཔེར་ན། བུད་མེད་དེ་གཉེན་སྒྲིག་ལ་འཐད་པ་མ་བྱུང་ཚེ། བུད་མེད་དང་ཕོ་ཕྱོགས་ཀྱི་ཁྱིམ་ཚང་སོགས་ཀྱིས་བཙན་གནོན་གྱིས་གཉེན་སྒྲིག་ཡི་གེ་བླངས་པ་ཡིན་ན། བུད་མེད་དེས་གཉེན་སྒྲིག་ཡི་གེ་བླངས་པའི་ལོ་གཅིག་གི་ནང་ཚུན་ལ་གཉེན་སྒྲིག་ཡི་གེ་ལེན་སའི་དམངས་སྲིད་ཅུའུ་ལ་སོང་སྟེ་གཉེན་ཡིག་ནུས་མེད་དང་ཕྱིར་འཐེན་བྱེད་དུ་འཇུག་པའི་ཐོབ་ཐང་ཡོད། བཟའ་ཟླ་འདྲ་མཉམ་གྱི་ནང་དུ་ད་དུང་བཟའ་ཟླ་རང་རང་གི་མིང་འདྲ་མཉམ་ཡིན་པའི་ཐོབ་ཐང་ཡང་འདུ། དཔེར་ན། བུ་ཕྲུག་བཙས་པའི་རྗེས་སུ་དེའི་མིང་ཕའི་རྗེས་སུ་འབྲང་ན་ཆོག་ལ་མའི་རྗེས་སུ་འབྲང་ནའང་ཆོག བཟའ་སྒྲིག་བྱས་པའི་རྗེས་སུ་ཁྱོ་ཤུག་ལ་རང་གི་མི་ལུས་རང་དབང་གི་ཐོབ་ཐང་ཡོད། ཁྱོ་ག་ལ་ལར་བཀས་བཀོད་ཀྱི་བསམ་བློ་རྙིང་པའི་ཤུགས་ཆེ་ཞིང་། ཁོང་གི་སྣང་ངོར་ཆུང་མ་ནི་ཁྱིམ་ནང་དུ་ཁྱིམ་ཐབ་སྐྱོང་བ་དང་བུ་ཕྲུག་གཉོར་བ་མ་གཏོགས་ཕྱི་རོལ་ཏུ་སོང་ནས་ངོ་གདོང་བསྟན་ན་མི་མཛེས་པར་བལྟ། ལྟ་ཚུལ་འདི་ནི་དོན་དངོས་སུ་གཉེན་སྒྲིག་ཁྲིམས་དང་འགལ་བའི་ལྟ་ཚུལ་ཞིག་རེད། བཟའ་སྒྲིག་བྱས་རུང་སོ་སོ་ལ་སོ་སོའི་འཚོ་བ་རོལ་སྟངས་དང་། ལས་ཀ་ལས་པ། རང་ཉིད་ཀྱིས་ལས་འདོད་པའི་ལས་དོན་སོགས་ལ་ཞུགས་པའི་ཐོབ་ཐང་ཡོད། བཟའ་སྒྲིག་བྱས་པའི་རྗེས་སུ། ཁྱོ་ཤུག་གཉི་གས་བསྐྲུན་པའི་རྒྱུ་ནོར་ནི་མཉམ་དབང་གི་རྒྱུ་ནོར་ཡིན་པ་དང་། གལ་ཏེ། བཟའ་ཐོར་བྱུང་ན་ཆེ་ཆུང་མེད་པར་བགོ་བཤའ་བྱེད་དགོས། དེ་ལྟ་བུའི་རྒྱུ་ནོར་དཔེར་ན། བཟའ་སྒྲིག་བྱས་རྗེས་མཉམ་དུ་ཉོས་པའི་ཁང་བ་དང་། ཁྱོ་གའི་ཟླ་ཕོགས་དང་ཆུང་མའི་ཟླ་ཕོགས་འདི་དག་ཐམས་ཅད་ནི་མཉམ་དབང་གི་རྒྱུ་ནོར་ཡིན། བཟའ་འཐོར་སྐབས་སུ་ཆ་མཉམ་གྱིས་བགོ་དགོས། བཟའ་སྒྲིག་མ་བྱས་གོང་ལ། བཟའ་ཟླ་གང་རུང་གིས་ཉོས་པའི་རླངས་འཁོར་དང་ཁང་བ་སོགས་ནི་སྒེར་གྱི་རྒྱུ་ནོར་ཡིན་པས་བཟའ་ཐོར་སྐབས་སུ་ཕ་རོལ་བོ་ལ་བགོ་བཤའ་བྱེད་པའི་ཐོབ་ཐང་མེད། དཔེར་ན། ཕོ་མོ་བཟའ་སྒྲིག་བྱེད་སྐབས། བུད་མེད་ཀྱི་ཕ་མས་རིན་བྱིན་ཏེ་བུད་མེད་དེ་ལ་ཉོས་པའི་ཁང་བ་དེའི་ཁང་ཡིག་གི་སྟེང་ན་བུད་མེད་དེའི་མིང་བྲིས་ཡོད་ན། ཁང་བ་དེ་ནི་བཟའ་སྒྲིག་མ་བྱས་གོང་དུ་ལོན་པ་ཡིན་པས་བུད་མེད་དེའི་སྒེར་རྫས་ཡིན། ནམ་ཞིག་བཟའ་འཐོར་བྱུང་ནའང་འདི་ནི་མཉམ་དབང་གི་ཁང་བ་མིན་པས་བགོ་བཤའ་བྱས་མི་ཆོག གལ་ཏེ། བཟའ་ཟླ་གཉི་ག་མཉམ་དུ་འཚོ་བ་གཏན་ནས་རོལ་ཐབས་བྲལ་ཚེ། ཁྱོ་ཤུག་གང་རུང་གིས་བཟའ་འཐོར་བྱ་བསམ་ན་ལམ་ཁ་གཉིས་ཡོད་དེ། གཅིག་ནི་གཉི་གས་གྲོས་འཆམ་བྱས་ཏེ་བཟའ་འཐོར་བྱེད་པ་དང་། དེའི་ཁྲོད་དུ་བུ་ཕྲུག་སུས་གཉོར་སྐྱོང་བྱེད་པ་དང་། གཉོར་གླ་ཇི་ལྟར་སྤྲོད་པ། མཉམ་དབང་གི་རྒྱུ་ནོར་བགོ་བཤའ་བྱེད་སྟངས་བཅས་ལ་རྩོད་པ་མེད་ན། ཁྱོ་ཤུག་གཉིས་ཐད་གར་གཉེན་སྒྲིག་ཡི་གེ་ལེན་ས་ཡི་དམངས་སྲིད་ལས་ཁུངས་ལ་སོང་སྟེ་བཟའ་འཐོར་ཡི་གེ་བླངས་ཆོག་པ་དང་། གལ་ཏེ། གོང་དུ་བཤད་པའི་གནད་དོན་གསུམ་གྱི་གང་རུང་ལ་གྲོས་འཆམ་མ་བྱུང་ན། ཁྲིམས་ཁང་ལ་སོང་སྟེ་གཉེན་འཐོར་གྱི་ཞུ་སྦྱོར་མི་བྱེད་ག་མེད་ཡིན། ཞུ་སྦྱོར་བྱེད་ས་དེ་ཡང་གྱོད་ཡ་ཡོད་སའི་ཁྲིམས་ཁང་ལ་སོང་སྟེ་ཞུ་སྦྱོར་བྱེད་དགོས།

ཁྲིམས་ཁང་གིས་གཉེན་འཐོར་གྱོད་གཞི་ཁྲིམས་བཤེར་བྱེད་སྐབས། བཟའ་འཐོར་བྱེད་དུ་འཇུག་མིན་གྱི་ཆོག་མཆན་སྤྲོད་མིན་དེ་བཟའ་ཟླའི་ཞེ་འདང་རྩ་བ་ཉིད་ནས་ཚར་ཡོད་མེད་དེ་ལ་དམིགས་ནས་གཏན་འཁེལ་ལམ་ཐག་བཅོད་བྱེད། ཕྱོགས་གང་གི་ཐད་ནས་བཟའ་ཟླའི་དབར་གྱི་ཞེ་འདང་དེ་མ་ལུས་པར་རྫོགས་པའམ་ཚར་ཡོད་མེད་བརྟག་དཔྱད་བྱེད་དགོས་ཤེ་ན། གལ་ཏེ། ཁྱོ་གས་ནམ་རྒྱུན་ཆང་རག་སྤྱོད་པ་དང་རྒྱན་པོ་འགྱེད་པ། སྤྱོད་པ་ངན་པ་ལྡན་པ་དང་། ཆུང་མ་དང་བུ་ཕྲུག་ལ་མནར་གཅོད་བྱེད་པ། བྱ་སྤྱོད་འདི་རིགས་མཆིས་ན་ཁྲིམས་ཁང་གིས་བཟའ་ཟླའི་ཞེ་འདང་རྫོགས་པར་ངོས་འཛིན་བྱས་ཆོག་ཅིང་། དེ་ལ་བརྟེན་ནས་བཟའ་འཐོར་གྱི་ཁྲིམས་བཅད་བྱསཆོག དེ་མ་ཡིན་པར། ཁྱོ་ཤུག་ཁ་ཁར་འཚོ་བ་རོལ་ཏེ་ལོ་གཉིས་འགོར་ན་ཁྲིམས་ཁང་གིས་ཀྱང་གནས་ཚུལ་དེ་ལ་བརྟེན་ནས་བཟའ་འཐོར་གྱི་ཁྲིམས་བཅད་བྱས་ཆོག ནང་མིར་རྩིང་བའི་སྒོ་ནས་གནོད་འཚེ་བྱེད་པ་དང་། མནར་གཅོད་དང་གཉོར་སྐྱོང་སོགས་མི་བྱེད་པ། བུད་མེད་དམ་སྐྱེས་པ་གཞན་དང་བྱི་འབྲེལ་དང་ལོག་གཡེམ་སོགས་ཀྱི་བྱ་སྤྱོད་མཆིས་ན་ཁྲིམས་ཁང་གིས་བཟའ་འཐོར་བྱེད་དུ་འཇུག

གཉེན་སྒྲིག་ཁྲིམས་ཀྱི་ནང་དུ་བུད་མེད་ལ་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པའི་དོན་ཚནཁ་ཤས་ཀྱང་ཡོད། དཔེར་ན། བུད་མེད་ལ་མངལ་ཆགས་པའི་རྗེས་སུ་ཁྱོ་གས་བཟའ་འཐོར་བྱས་མི་ཆོག་པ་དང་། བུད་མེད་ཀྱིས་ཕྲུ་གུ་བཙས་པའི་ལོ་གཅིག་གི་ནང་ཚུན་དུ་ཁྱོ་གས་བཟའ་འཐོར་གྱི་ཞུ་སྦྱོར་བྱས་མི་ཆོག དེས་མི་ཚད་བུད་མེད་ཀྱི་ཕྲུ་གུ་མངལ་ནས་མ་བསྡད་པའམ་དཕྱུངས་པའམ་ཤི་བ་ལ་སོགས་པའི་གནས་ཚུལ་སོགས་བྱུང་ཚེ། ཁྱོ་གས་ལོ་ཕྱེད་ཀྱི་ནང་ཚུན་བཟའ་འཐོར་གྱི་ཞུ་སྦྱོར་བྱས་མི་ཆོག འདི་ནི་བུད་མེད་ལ་ཁྲིམས་ལུགས་ཀྱིས་དམིགས་བསལ་གྱིས་སྲུང་སྐྱོབ་བྱེད་པའི་གནས་ཚུལ་ཡིན། བཟའ་འཐོར་བྱེད་སྐབས། བུ་ཕྲུག་སུས་གཉོར་དགོས་པའི་སྐོར་ལ་གཙོ་བོ་བུ་ཕྲུག་དེའི་ལོ་ཚད་ལ་ལྟ་དགོས། ནམ་རྒྱུན་ལྟར་ན། ལོ་གཉིས་མན་གྱི་བུ་ཕྲུག་མ་ཡིས་གཉོར་དགོས་པ་དང་། ལོ་གཉིས་ཡན་ཡིན་ན། ཁྱོ་ཤུག་གི་དཔལ་འབྱོར་གནས་སྟངས་དང་། འདུག་ས་ཡོད་མེད། གཉོར་སྐྱོང་གི་མཐུན་རྐྱེན་བཟང་ངན། སུ་ཡིས་གཉོར་ན་བུ་ཕྲུག་གི་འཚར་ལོངས་དང་མདུན་ལམ་ལ་ཕན་ན་ཁྲིམས་ཁང་གིས་དེ་ལ་གཉོར་བའི་ཐོབ་ཐང་སྤྲོད། ཕ་རོལ་བོས་གཉོར་མཁན་ལ་གཉོར་གླ་སྤྲོད་དགོས། གཉོར་གླ་ཡི་མང་ཉུང་དེ་ས་གནས་ཀྱི་དཔལ་འབྱོར་ཆུ་ཚད་དང་མིག་སྔར་གྱི་འཛད་སྤྱོད་གནས་ཚུལ་ལ་གཞིགས་ཏེ་ཐག་གཅོད་བྱེད། བཟའ་འཐོར་བྱས་པའི་རྗེས་སུ། བུ་ཕྲུག་གཉོར་སྐྱོང་གི་ཐོབ་ཐང་དེ་ཕའམ་ཡང་ན་མ་ལ་སྤྲད་ཚེ། གཉོར་སྐྱོང་བྱེད་མཁན་གྱི་ཕ་རོལ་བོ་དེ་ལ་བུ་ཕྲུག་ལ་སྐོར་རྒྱག་གི་ཐོབ་ཐང་ཡོད། དངོས་ཡོད་གནས་ཚུལ་གྱི་ཁྲོད་ན་བུ་ཕྲུག་གཉོར་སྐྱོང་ཐོབ་མཁན་གྱིས་ཕ་རོལ་བོ་བུ་ཕྲུག་ལ་ལྟ་སྐོར་དང་འཚམས་འདྲི་བྱེད་པར་བཀག་འགོག་བྱེད་པའི་གནས་ཚུལ་ཡང་མང་པོ་ཡོད། དོན་དངོས་སུ་བཤད་ན། དེ་ནི་ཕ་རོལ་བའི་ཁྲིམས་མཐུན་གྱི་ཐོབ་ཐང་ལ་གནོད་པ་བྱས་པའི་བྱ་སྤྱོད་ཅིག་རེད། བཟའ་འཐོར་ནི་ཁྱོ་ཤུག་གཉིས་ཀྱི་དོན་དག་ཅིག་ཡིན་མོད། བུ་ཕྲུག་ལ་མཚོན་ན་བཟའ་འཐོར་བྱས་ཀྱང་དེ་གཉིས་ཀྱི་བུ་ཕྲུག་ཡིན། དེའི་རྒྱུ་མཚན་གྱིས་ཕ་མ་གཉིས་ཕྱོགས་ཀྱིས་གཉོར་སྐྱོང་གི་འོས་འགན་དེ་ཁུར་དགོས། དེས་མི་ཚད་ཕ་རོལ་བོ་ལ་བུ་ཕྲུག་ལ་འཚམས་འདྲི་དང་སྐོར་རྒྱག་གི་ཐོབ་ཐང་དེ་སྤྲོད་དགོས། དེ་ནས། དཔེར་ན། བུད་མེད་ཀྱི་ཨ་མར་ན་ཚ་བྱུང་སྟེ་དེས་ཕྱི་རོལ་ནས་བུ་ལོན་བླངས་ཏེ་ཨ་མར་སྨན་བཅོས་བྱས་ན། བུ་ལོན་དེ་ནི་ཁྱོ་ཤུག་མཉམ་དབང་གི་བུ་ལོན་མིན་པས་ཁྱོ་ག་ལ་བུ་ལོན་དེ་འཇལ་བའི་འགན་ཁུར་མེད། བཟའ་འཐོར་བྱེད་སྐབས་ཁྱོ་ཤུག་གཉི་གའི་ཆེད་དུ་གཞན་ནས་བུ་ལོན་བླངས་པ་ཡིན་ན། བུ་ལོན་དེ་གཉི་གས་མཉམ་དུ་ཆ་སྙོམས་ཀྱིས་འཇལ་དགོས། གལ་ཏེ། ཁྱོ་ཤུག་གང་རུང་གིས་རང་དོན་ཁོ་ནའི་ཆེད་དུ་བུ་ལོན་བླངས་ཏེ་ཁྱིམ་ཚང་གི་འཚོ་བའི་ཆེད་དུ་བཀོལ་སྤྱོད་བྱས་མེད་ན། དེ་ནི་རང་ཉིད་ཀྱི་བུ་ལོན་ཡིན་པ་ལས་མཉམ་དབང་གི་བུ་ལོན་མིན་པས་ཕ་རོལ་བོར་བུ་ལོན་དེ་འཇལ་བའི་འགན་མེད། དེ་ནས་ཁྱོ་གས་གཞན་ནས་ཤོ་དང་རྒྱན་བཞག་སྟེ་བུ་ལོན་བྱུང་ཚེ། བུ་ལོན་དེ་ནི་ཁྲིམས་དང་མཐུན་པ་ཞིག་མིན། ཁོས་ཁྱིམ་ཚང་གི་ཐད་ལ་བཀོལ་སྤྱོད་བྱས་མེད་པ་ཡིན་ན། དེའི་ཆུང་མ་ལ་བུ་ལོན་དེ་དག་འཇལ་དགོས་པའི་འགན་ཁུར་མེད། བཟའ་འཐོར་བྱེད་པའི་སྐབས་སུ། གལ་ཏེ། ཁྱོ་ཤུག་གང་རུང་ལ་གནས་ཁང་དང་དཔལ་འབྱོར་ཐད་ཀྱི་དཀའ་ངལ་འཕྲད་ཚེ། དཀའ་ངལ་མེད་མཁན་གྱིས་རོགས་རམ་ངེས་པར་དུ་བྱེད་དགོས། དཔེར་ན། ཁྱོ་གར་བྱ་བ་ཡོད་ཅིང་ཡོང་སྒོ་ཡང་ཡོད་ལ། ཆུང་མས་ཁྱིམ་ནས་བུ་ཕྲུག་དང་རྒན་རྒོན་སོགས་གཉོར་ནས་བསྡད་པས་དཔལ་འབྱོར་ཡོང་སྒོ་འཐོལ་བ་མེད་ལ་གནས་ཁང་ཡང་མེད་ཚེ། གལ་ཏེ། བཟའ་འཐོར་བྱས་རྗེས་ཁྱོ་གས་ཆུང་མར་རོགས་རམ་ངེས་ཅན་བྱེད་དགོས། ཁང་གླ་སྤྲོད་རོགས་བྱེད་པའམ་ཟླ་རེར་འཚོ་བ་རོལ་བའི་ཆེད་དུ་དངུལ་སྤྲོད་པ་ལ་སོགས་པ་ལྟ་བུ། འདི་བཟའ་ཟླ་ཕན་ཚུན་ལ་ཡོད་པའི་འོས་འགན་ཞིག་ཡིན། བཟའ་འཐོར་བྱས་རུང་གལ་ཏེ་ཁྱོ་ཤུག་གང་རུང་ལ་དཀའ་ངལ་ཆེན་པོ་འཕྲད་ན་ཕ་རོལ་པོར་རོགས་རམ་བྱེད་པའི་འགན་ཁུར་དེ་ཡོད། དེ་ནས་ཁྱིམ་ཚང་གི་ནང་མིའི་བར་གྱི་རྩིང་སྤྱོད་སྐོར་རེད། ནམ་རྒྱུན་ཡིན་ན་ནང་མིའི་བར་གྱི་རྩིང་སྤྱོད་དེ་ནི་དུས་ཡུན་རིང་བོེར་ནང་མིས་རྡུང་རྡེག་ཐེངས་མང་པོར་བྱས་པའམ། བློ་སེམས་ཀྱི་མནར་གཅོད་དང་བཀག་ཉར་བྱས་པ་ཞིག་ལ་གོ་དགོས། གལ་ཏེ། ཁྱིམ་ཚང་ནང་དུ་ནང་མིའི་རྩིང་སྤྱོད་སོགས་བྱུང་ན། གནོད་པ་ཐེབས་མཁན་གྱིས་སྡེ་དམངས་ལྷན་ཁང་དང་གནས་སྡོད་ལྷན་ཁང་། གྲོང་བརྡལ་སྲིད་གཞུང་དང་སྲང་ལམ་དོན་གཅོད་ཁང་། ཁྲིམས་འཛིན་སོའི་སོགས་ ལས་ཁང་ལ་རོགས་དན་བཅོལ་ཆོག གནས་ཚུལ་ཛ་དྲག་པོ་ཡིན་ཚེ་ ༡༡༠ ་ལ་ཁ་པར་བཏང་ནས་ཉེན་རྟོག་པར་སྐྱབས་འཚོལ་བྱས་ཆོག གལ་ཏེ། རྩིང་སྤྱོད་ཀྱི་དབང་གིས་ནང་མིའི་མི་ལུས་ལ་གནོད་འཚེ་ཐེབས་པ་ཡིན་ན། གནོད་སྐྱེལ་མཁན་གྱིས་ཁྲིམས་ལུགས་ཀྱི་འགན་ཁུར་དགོས། གལ་ཏེ། གནོད་པ་ཐེབས་མཁན་གྱི་ལུས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པའམ། ཡང་་རྨས་ཡན་གྱི་གནོད་སྐྱོན་ཐེབས་ན་གནོད་མཁན་གྱིས་ཉེས་དོན་འགན་ཁུར་ཁུར་དགོས་ཤིང་བཙོན་ཁང་དུ་འགྲོ་སྲིད། གལ་ཏེ། རྨས་ཆུང་བཟོས་པ་ཡིན་ནའང་བདེ་སྲུང་ཐད་ཀྱི་ཆད་པ་བཅད་ན་ཆོག བཟའ་འཐོར་བྱས་པའི་རྗེས་སུ། གལ་ཏེ། ཁྱེད་ཀྱིས་ཕ་རོལ་བས་བཟའ་ཐོར་བྱེད་སྐབས་རྒྱུ་ནོར་གཞན་ལ་བསྐྱལ་བའམ་གཞའ་ཡོད་པ་ ཤེས་ཚོར་བྱུང་ཚེ། ཁྱེད་ཀྱིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་རྒྱུ་ནོར་དེ་དག་བགོ་བཤའ་བྱེད་དུ་བཅུག་ན་ཆོག

གཞན་ཡང་གཉེན་སྒྲིག་ཁྲིམས་ཀྱིས་གཤམ་གྱི་གནས་ཚུལ་རིགས་བཞིས་རྐྱེན་པས་བཟའ་འཐོར་བྱུང་བ་ཡིན་ན། ནོར་འཁྲུལ་བྱས་མེད་པའི་བཟའ་ཟླས་ནོར་འཁྲུལ་བཟོས་པའི་བཟའ་ཟླར་གུན་གསབ་འཇལ་དགོས་པའི་ཞུ་སྦྱོར་བྱས་ན་ཆོག དེ་དག་ནི་གཉེན་སྒྲིག་ཉིས་རྩེག་བྱས་པ་དང་། གཞན་དང་བྱི་བོ་བྱས་པ། ཁྱིམ་ཚང་གི་བཟའ་མི་གཉོར་སྐྱོང་མི་བྱེད་པ་དང་ཆུང་མ་དང་བུ་ཕྲུག་བྱམས་སྐྱོང་མི་བྱེད་པ། དེ་ནས་ཁྱིམ་ཚང་ནང་རྩིང་སྤྱོད་དང་གཏུམ་དྲག་གིས་བཟའ་མིར་རྡུང་རྡེག་མནར་གཅོད་སོགས་བྱས་པ་ལ་སོགས་པའི་གནས་ཚུལ་བཞི་ཡིས་རྐྱེན་བྱས་ཏེ་བཟའ་ཚང་འཐོར་བ་ཡིན་ན། གནོད་པ་ཐེབས་མཁན་གྱིས་ཁྲིམས་ཁང་ལ་གཏུག་བཤེར་བྱས་ཏེ་ཕ་རོལ་བས་གུན་གསབ་འཇལ་དུ་བཅུག་ན་ཆོག བཟའ་འཐོར་བྱེད་སྐབས་དང་བྱེད་པར་སྟ་གོན་བྱེད་སྐབས། ཁྱོ་ཤུག་གང་རུང་གིས་མཉམ་དབང་རྒྱུ་ནོར་གཞན་ལ་བསྐྱལ་བའམ་སྦས་ན། འདིའི་སྐབས་སུ་བཟའ་འཐོར་ཞུ་མཁན་གྱིས་ཁྲིམས་ཁང་ལ་རྒྱུ་ནོར་སྲུང་རྒྱ་་(财产保全)ཞུས་ཆོག བསྐྱལ་ཟིན་པས་རྒྱུ་ནོར་དེ་དག་ཁྲིམས་ཁང་ལ་ཞུས་ན། བསྐྱལ་མཁན་དང་སྦས་མཁན་ལ་རྒྱུ་ནོར་བགོ་བཤའ་བྱེད་སྐབས་ཁྲིམས་ཁང་གིས་དེ་ལ་རྒྱུ་ནོར་ཉུང་བར་བགོ་སྲིད།

ཁྲིམས་ཁང་གིས་བཟའ་འཐོར་གྱི་ཁྲིམས་ཐག་བཅད་པའི་རྗེས་སུ། བཅད་ཁྲ་ཡི་ནང་དུ་ཕ་རོལ་བོས་ཟླ་རེར་བུ་ཕྲུག་གི་གཉོར་གླ་སྒོར་ག་ཚོད་སྤྲོད་དགོས་པ་དེ་གསལ་བོར་འགོད་དགོས། དེས་མི་ཚད་འགྲོ་གྲོན་གཞན་འཇལ་དགོས་ན་དེ་ཡང་ཁ་གསལ་དགོས། གལ་ཏེ། སྤྲོད་མཁན་གྱིས་བཅད་ཁྲ་ལྟར་ལག་བསྟར་མ་བྱས་ཚེ། ལེན་མཁན་གྱིས་ཁྲིམས་ཁང་ལ་བཙན་དྲག་ལག་བསྟར་རེ་ཞུ་བྱས་ཆོག བཟའ་ཚང་མཉམ་དབང་གི་རྒྱ་ནོར་དཔེར་ན། ཁང་བ་ལྟ་བུ་ཁྲིམས་ཁང་གིས་ཁང་དབང་ཁྱོ་གར་སྤྲད་དེ་དེས་ཆུང་མར་སྒོར་འབུམ་གཉིས་ཁྲི་གཉིས་འཇལ་དགོས་པའི་ཁྲིམས་ཐག་བཅད་པའི་རྗེས་སུ། ཁྱོ་གས་དངུལ་དེ་མ་སྤྲོད་པར་ཕྱིར་འགྱངས་བྱས་ན། ལག་བསྟར་དུས་ཡུན་རྫོགས་པའི་རྗེས་སུ་བུད་མེད་དེས་ཁྲིམས་ཁང་ལ་བཙན་དྲག་ལག་བསྟར་གྱི་རེ་ཞུ་བྱས་ཆོག གལ་ཏེ། ཁྱོ་ཤུག་གང་རུང་གིས་བཟའ་འཐོར་བྱེད་གྲབས་ཡོད་ན། ཐོག་མར་དཔང་རྟགས་འཚོལ་སྡུད་ཀྱི་ལས་ཀ་ལེགས་པར་བསྒྲུབ་དགོས། ཁྱེད་ཀྱིས་ཐོག་མར་བཟའ་ཚང་མཉམ་དབང་གི་རྒྱུ་ནོར་ག་ཚོད་ཡོད་པ་དེ་གསལ་བོར་ཤེས་དགོས། དཔེར་ན། ཁང་བ་ག་ཚོད་ཡོད་པ་དང་། དངུལ་ཁང་ན་བསགས་དངུལ་ག་ཚོད་བདོག་པ། ཡོང་སྒོ་གང་གང་ཡོད་པ་ལ་སོགས་པའི་གནས་ཚུལ་དེ་དག་ཁྱེད་ཀྱིས་གསལ་བོར་ཤེས་དགོས། དུས་མཚུངས་སུ་འབྲེལ་ཡོད་ཀྱི་དཔང་རྟགས་ཀྱང་འཚོལ་སྡུད་བྱེད་དགོས། དཔེར་ན། ཁང་ཡིག་གི་དཔར་བཤུས་དང་། དངུལ་ཁང་གི་བསགས་དངུལ་གྱི་བྱང་བུ་ལ་སོགས་པ་ལྟ་བུ། དེ་ནས་ཁྱེད་ཀྱིས་ཁྲིམས་ཁང་ལ་རྒྱུ་ནོར་སྲུང་རྒྱ་ཞུས་ཆོག སྲུང་རྒྱ་དེས་དངུལ་ཁང་གི་བསགས་དངུལ་བསྡམས་པའི་རྗེས་སུ་དངུལ་སྒོར་དེ་དག་ཕྱི་ལ་ལེན་ཐབས་བྲལ། དངོས་ཡོད་འཚོ་བའི་ཁྲོད་ན་གནད་དོན་འདི་འདྲ་ཡང་ཡོད། དཔེར་ན། བུད་མེད་ཀྱིས་བཟའ་འཐོར་གྱི་ཞུ་གཏུག་བྱས་པའི་རྗེས་སུ། ཁྱོ་གའི་རྒྱུ་ནོར་གྱི་གནས་ཚུལ་ལ་རྩ་བ་ཉིད་ནས་རྒྱུས་ལོན་མེད། དཔེར་ན། དེ་ལ་ཁང་བ་ག་ཚོད་ཡོད་པ་དང་། བསགས་དངུལ་ག་ཚོད་ཡོད་པ་ཁྱོན་ནས་མི་ཤེས། དེའི་སྟབས་ཀྱིས་ཤིན་ཏུ་ཨུ་ཐུག་པའི་གནས་སུ་ལྷུང་གི་ཡོད། ཁྱེད་ཀྱིས་ཁོང་གི་མིང་ཐོག་གི་བསགས་དངུལ་ཤེས་རྟོགས་བྱུང་རྗེས། དེ་ནས་ཁྱེད་ཀྱིས་དུས་ཚོད་དམ་འཛིན་གྱིས་ཁྲིམས་ཁང་གིས་དེ་བཀག་སྡོམ་དགོས་པའི་རེ་ཞུ་བྱེད་དགོས། བསགས་དངུལ་དེ་མ་བསྡམས་ན་ཁོང་གིས་ག་དུས་ཡིན་ཡང་སྒོར་དེ་དག་གཞན་ལ་བསྐྱལ་ནས་སྦས་སྲིད། དེ་འདྲ་ཡིན་ཚེ་ཁྱེད་ཀྱིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ་ཁྲིམས་ཁང་གིས་ཁོང་གི་དངུལ་བྱང་གི་སྟེང་ན་སྒོར་མོ་མེད་པ་ཤེས་ཚེ། ཁྲིམས་ཁང་ལ་སྒོར་དེ་དག་བགོ་བཤའ་བྱེད་པའི་ཐབས་ཤེས་མེད་པར་འགྱུར།

དེ་རིང་ཚང་མ་ལ་གཉེན་སྒྲིག་ཁྲིམས་ཀྱི་དོན་ཚན་གཙོ་བོ་ཁག་ཆེ་ལོང་ཙམ་བྱས་ནས་བཤད་ཡོད། ཁྱེད་རྣམ་པར་དྲི་བ་དང་གནད་དོན་སོགས་ཡོད་ན། གཉེན་སྒྲིག་ཁྲིམས་ཀྱི་གནད་དོན་ཙམ་མ་ཡིན་པར་ཁྲིམས་ལུགས་གཞན་ཕྱོགས་ཀྱི་གནད་དོན་དང་དྲི་བ་སོགས་ཡོད་ན། ག་དུས་ཡིན་ཡང་ང་ལ་དྲི་བ་དྲིས་ཆོག ཁ་སྐོང་ཞུ་རྒྱུ་གཅིག་ལ། གལ་ཏེ་ཕ་རོལ་བོས་གཞན་ནས་བྱི་བྱས་པའམ། བཟའ་ཚང་ལ་རྩིང་སྤྱོད་དང་རྡུང་རྡེག་མནར་གཅོད་བྱས་པ། བཟའ་ཚང་བདག་མེད་དུ་སྐྱུར་ནས་གཉོར་སྐྱོང་མི་བྱེད་པ། ཆང་འཐུང་བ་དང་ཤོ་རྒྱག་པ་ལ་སོགས་པའི་ལོག་འཚོ་བསྟེན་པ་དང་། ལོག་འཚོ་འདི་དག་གིས་རྐྱེན་བྱས་ཏེ་བཟའ་འཐོར་བྱུང་བ་ཡིན་ན། རྒྱུ་ནོར་བགོ་བཤའ་བྱེད་སྐབས་ཁྲིམས་ཁང་གིས་ནོར་འཁྲུལ་མེད་པའི་ཕྱོགས་ལ་མང་དུ་བགོ་བ་དང་ནོར་འཁྲུལ་ཡོད་པའི་ཕྱོགས་ལ་ཉུང་བར་བགོ་བར་འགྱུར། དེ་ནས་བཟའ་ཚང་མ་འཐོར་བར་གནས་པའི་སྐབས་སུ། མནའ་མས་ཁྱོ་གའི་ཕ་མ་གཉོར་བའི་འགན་ཁུར་བ་དང་། ཡང་ན། མག་པས་ཞང་པོ་དང་ཨ་ནེ་ལེགས་པར་གཉོར་ཡོད་ན། རྒྱུ་ནོར་བགོ་བཤའ་བྱེད་སྐབས་གཉོར་འགན་ཁུར་བའི་མནའ་མ་དང་མག་པ་ལ་རྒྱུ་ནོར་འོས་འཚམ་གྱིས་མང་བར་བགོ་དགོས།