ཆེས་མཐོ་ཁྲིམས་ཁང་གི་རྩྭ་ཐང་སྲུང་སྐྱོབ་ཐད་ཀྱི་ཁྲིམས་ཡིག་ཅིག

 

༢༠༡༢ ལོའི་ཟླ་ ༡༠ ་པའི་ཚེས་ ༢༢ ་ཉིན། ཆེས་མཐོ་མི་དམངས་ཁྲིམས་ཁང་ཁྲིམས་བཤེར་ལྷན་ཁང་གི་ཚོགས་འདུ་ཨང་༡༥༥༨ ་སྟེང་དུ་གྲོས་ཆོད་བྱུང་ཞིང་། ༢༠༡༢ ་ལོའི་ཟླ་ ༡༡ ་པའི་ཚེས་ ༢༢ ་ཉིན་ནས་བཟུང་ལག་བསྟར་བྱས་པའི་༼རྩྭ་ཐང་ཐོན་ཁུངས་གཏོར་བཤིག་གི་ཉེས་དོན་གྱོད་གཞི་ཁྲིམས་བཤེར་སྐབས་སུ་ཁྲིམས་ལུགས་ལུང་འདྲེན་ཐད་ཀྱི་གནད་དོན་རེ་འགའི་གསེད་བཀྲོལ་༽①ཞེས་བྱ་བ་ནི་འབྲོག་པའི་རྩྭ་ས་དང་ཁོར་ཡུག་སྲུང་བ་ལ་ཕན་པའི་ཁྲིམས་འཛིན་གསེད་བཀྲོལ་②ཞིག་ཡིན་པས་འབྲོག་པ་མང་ཚོགས་རྣམས་ཀྱིས་འདི་ཤེས་པར་བྱས་ཏེ་རང་གི་རྩྭ་སའི་སྟེང་ནས་སྲིད་གཞུང་དང་ཁེ་གཉེར་གྱིས་གཏེར་བརྐོ་བ་དང་། ནགས་འཛུགས་པ་དང་ས་སློག་པ་ལ་སོགས་པའི་གནད་དོན་ལ་ཁ་གཏད་གཅོག་པར་ཕན་པར་བསམ་སྟེ་་གསེད་བཀྲོལ་དེའི་ནང་དོན་གཙོ་བོ་བོད་ཡིག་ཏུ་བསྒྱུར་ཏེ་རོབ་ཙམ་བཤད་ན་གཤམ་གསལ་ལྟར།

དང་པོ། མིའམ་ཚོགས་པ་སུ་གང་གིས་ཁྲིམས་འགལ་གྱི་སྒོ་ནས་རྩྭ་ས་ཁྱོན་ཆེན་བདག་བཟུང་བྱེད་པའམ་རྩྭ་སའི་ངོ་བོ་བསྒྱུར་སྟེ། རྩྭ་ཐང་ལ་གནོད་སྐྱོན་དང་གཏོར་བརླག་ཚབས་ཆེན་བཟོས་ན། བྱ་སྤྱོད་བྱེད་མཁན་དེའི་རིགས་ལ་ཉེས་ཁྲིམས་ཀྱི་དོན་ཚན་ ༣༤༢ ་ཡི་ཁྲིམས་འགལ་གྱིས་ཞིང་ས་བདག་བཟུང་དང་བཀོལ་སྤྱོད་བྱས་པའི་ཉེས་མིང་འོག་ཉེས་འགན་བདའ་འདེད་བྱས་ཆོག་ཅེས་གཏན་འབེབས་བྱས། ཉེས་ཁྲིམས་ཀྱི་དོན་ཚན་ ༣༤༢ ་ཡི་ནང་དུ་ཁྲིམས་འགལ་གྱིས་ཞིང་ས་བདག་ཏུ་འཛིན་མཁན་ལ་ལོ་ལྔ་མན་གྱི་བཙོན་འཇུག་གི་ཉེས་ཆད་བཅད་ཆོག་པའི་གཏན་འཁེལ་ཡོད།

གཉིས་པ། ཁྲིམས་འགལ་གྱིས་རྩྭ་ས་བདག་གིར་འཛིན་པའམ། རྩྭ་སའི་ངོ་བོ་བསྒྱུར་ཏེ་བཀོལ་སྤྱོད་བྱས་ནས་ཉེས་ཁྲིམས་ལ་ཕོག་པའི་ཚད་གཞི་ནི་རྩྭ་ས་ མུའུ་ ༢༠ ་ཡན་ཆད་ལ་ལོན་དགོས་ཤིང་། རྩྭ་སའི་ངོ་བོ་བསྒྱུར་ཏེ་བཀོལ་སྤྱོད་བྱས་པའི་རྣམ་པ་ནི།

·      རྩྭ་ས་བཏུལ་ནས་གྲོ་ནས་སྲན་གསུམ་དང་དཔལ་འབྱོར་ལྗོན་སྐྱེས་འདེབས་པ་དང་ལྗོན་ཤིང་འཛུགས་པ།

·      རྩྭ་ས་ཡི་སྟེང་དུ་སོ་ཕོག་བསྲེག་གྲྭ་དང་ཁང་ཤག་བསྐྲུན་པ། ལམ་ལས་པ། བྱེ་མ་བརྐོ་བ། རྡོ་བསློག་པ། གཏེར་ལེན་པ། ས་འདྲུད་པ། རྩྭ་ཤུན་བཀོག་པ།

·      རྩྭ་སའི་སྟེང་དུ་གད་སྙིགས་སྤུངས་ཏེ་རྩྭ་སའི་གདོད་མའི་རྩྭ་གདན་འཕྲོ་བརླག་ཏུ་བཏང་བའམ་འབག་བཙོག་ཐེབས་པ།

·      རྩྭ་ཐང་སྲུང་སྐྱོབ་དང་འཛུགས་སྐྲུན། བཀོལ་སྤྱོད་ཀྱི་ཇུས་འགོད་དང་རྒྱབ་འགལ་བྱས་ཏེ་གཟན་རྩྭ་དང་གཟན་ཆས་བཏབས་ཏེ་རྩྭ་ས་བྱེ་འགྱུར་དུ་བཏང་བའམ་ས་ཆུ་ཉམས་ཟད་དུ་བཏང་བ།

གསུམ་པ། རྒྱལ་ཁབ་ཀྱི་འབྲེལ་ཡོད་ལས་བྱེད་པས་དབང་ལྟག་ཁུར་དང་དབང་ཆ་ལོག་སྤྱོད་བྱས་ཏེ། ངན་གཡོ་ལྐོག་གསུམ་གྱིས་རྩྭ་ས་དོ་དམ་གྱི་ཁྲིམས་དང་འགལ་ཏེ་གཤམ་གསལ་གྱི་རྣམ་པ་མཆིས་ན་ཉེས་ཁྲིམས་ཀྱི་དོན་ཚན་ ༤༡༠ ་ཡི་ཁྲིམས་འགལ་གྱིས་ས་གཞི་གཞུང་སྡུད་ཀྱི་ཆོག་མཆན་སྤྲད་པའི་ཉེས་བྱས་གཏན་འཁེལ་བྱས་པའི་སྦྱོར་བ་ཚབས་ཆེན་གྱི་གྲས་སུ་བརྩིས་ཏེ་ཉེས་འགན་བདའ་འདེད་བྱས་ཆོག ཉེས་བྱས་འདི་རིགས་ཀྱིས་གནད་དོན་ཚབས་ཆེན་བཟོས་ན་ཉེས་བྱས་བྱེད་མཁན་ལ་ལོ་གསུམ་མན་གྱི་བཙོན་འཇུག་ ཉེས་ཆད་བཅད་ཆོག་པ་དང་། གནད་དོན་ཤིན་ཏུ་ཚབས་ཆེན་བཟོས་ན་ཉེས་བྱས་བྱེད་མཁན་ལ་ལོ་གསུམ་ཡན་དང་ལོ་བདུན་མན་གྱི་བཙོན་འཇུག་གི་ཉེས་ཆད་བཅད་ཆོག

གནས་ཚུལ་ཚབས་ཆེ་བའི་རྣམ་པ་ནི།

·      ཁྲིམས་འགལ་གྱིས་རྩྭ་ས་མུའུ་བཞི་ཅུ་ཡན་གཞུང་སྡུད་ཀྱི་ཆོག་མཆན་སྤྲད་པ།

·      ཁྲིམས་འགལ་གྱིས་རྩྭ་ས་གཞུང་སྡུད་ཀྱི་ཆོག་མཆན་སྤྲད་དེ་རྩྭ་ས་མུའུ་ཉི་ཤུ་ཡན་ཆད་གཏོར་བརླག་ཐེབས་པ།

·      ཁྲིམས་འགལ་གྱིས་རྩྭ་ས་གཞུང་སྡུད་ཀྱི་ཆོག་མཆན་སྤྲད་དེ་མི་མང་དང་རྒྱལ་ཁབ་ལ་ཐད་ཀར་གྱོང་གུན་སྒོར་འབུམ་གསུམ་ཡན་ཆད་བཟོས་པ།

གནས་ཚུལ་ཤིན་ཏུ་ཚབས་ཆེ་བའི་རྣམ་པ་ནི།

·      ཁྲིམས་འགལ་གྱིས་རྩྭ་ས་མུའུ་བརྒྱད་ཅུ་ཡན་གཞུང་སྡུད་ཀྱི་ཆོག་མཆན་སྤྲད་པ།

·      ཁྲིམས་འགལ་གྱིས་རྩྭ་ས་གཞུང་སྡུད་ཀྱི་ཆོག་མཆན་སྤྲད་དེ་རྩྭ་ས་མུའུ་བཞི་ཅུ་ཡན་ཆད་གཏོར་བརླག་ཐེབས་པ།

·   ཁྲིམས་འགལ་གྱིས་རྩྭ་ས་གཞུང་སྡུད་ཀྱི་ཆོག་མཆན་སྤྲད་དེ་མི་མང་དང་རྒྱལ་ཁབ་ལ་ཐད་ཀར་གྱོང་གུན་སྒོར་འབུམ་དྲུག་ཡན་ཆད་བཟོས་པ།  

ས་ཞིང་དོ་དམ་གྱི་ཁྲིམས་ཀྱི་གཏན་དབབ་ལྟར་ན། ས་ཞིང་གཞུང་སྡུད་བྱེད་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་འགོད་དགོས་པ་དང་། ཁུལ་དང་རྫོང་སྲིད་གཞུང་གིས་ས་ཞིང་གཞུང་སྡུད་ཐད་ཆོག་མཆན་འགོད་པའི་དབང་ཐང་ཕྱིར་སྡུད་བྱས་པས། ཁུལ་དང་རྫོང་སྲིད་གཞུང་ལ་ས་ཞིང་སྡུད་ལེན་ཐད་ཆོག་མཆན་འགོད་པའི་དབང་ཐང་མེད་པར་བཏང་། རྨང་གཞིའི་ཞིང་ས་དང་ཞིང་ས་དཀྱུས་མ་སྤྱི་ཆང་③༣༥་ཡན་དང་། སྤྱི་ཆང་༧༠ ་ལས་བརྒལ་བའི་ས་གཞི་གཞུང་སྡུད་བྱེད་དགོས་བྱུང་ཚེ་དེ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོག་མཆན་འགོད་དགོས་ཤིང་། ཞིང་ས་དཀྱུས་མ་སྤྱི་ཆང་ ༣༦ ་མན་དང་། སྤྱི་ཆང ༧༠ ་ལས་མ་འདའ་བའི་ས་གཞི་གཞན་ཁག་གཞུང་སྡུད་བྱེད་དགོས་ན་ཞིང་ཆེན་སྲིད་གཞུང་གིས་ཆོག་མཆན་འགོད་དགོས།

མཐའ་དོན།

༢༠༡༦་ལོར། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་གི་འབྲོག་པ་པདྨ་ཚེ་རིང་གིས་རང་གི་རྩྭ་ས་མུའུ་ ༤༠༠ ་ལྷག་སློག་སྟེ་འབྲུ་རིགས་བཏབས། ཁྲི་ཀ་རྫོང་རྩྭ་ཐང་ལྟ་རྟོག་ལས་ཁུངས་ཀྱིས་ཁོང་ལ་རྩད་གཅོད་དང་ཉེས་འཛུགས་བྱས་ཤིང་། ༢༠༡༧་ལོར་ཁྲི་ཀ་རྫོང་ཁྲིམས་ཁང་གིས་པདྨ་ཚེ་རིང་ལ་ལོ་གཉིས་བཙོན་འཇུག་དང་ལོ་གསུམ་ཕྱིར་འགྱངས་④ཀྱི་ཉེས་ཆད་བཅད་པ་མ་ཟད། རྒྱ་སྒོར་སྟོང་བདུན་གྱི་ཆད་པ་བཅད། ཁོང་ལ་ཉེས་ཆད་འདི་ལྟར་བཅད་པའང་ཁྲིམས་འཛིན་གསེད་བཀྲོལ་འདི་དང་འབྲེལ་བ་ཡོད། དེས་ན། མི་སྒེར་ཞིག་གིས་རང་ལ་དབང་བའི་རྩྭ་ས་གཏོར་བརླག་ཙམ་བྱས་ན་ཉེས་ཆད་འདི་འདྲ་ལྗི་མོ་གཅོད་ན། གཏེར་ལས་ཚོང་ཁང་དང་སྲིད་གཞུང་རྐྱ་རྒྱབ་ནས་རྩྭ་ས་མུའུ་སྟོང་ཕྲག་ལྷག་ཤུལ་མེད་དུ་བཟོས་ན་དེ་དག་ལ་ཉེས་ཆད་གཅོད་མི་དགོས་སམ། དེའི་ཕྱིར་རྒྱ་ཆེ་བའི་འབྲོག་པ་མང་ཚོགས་རྣམས་ཀྱིས་ཆེས་མཐོ་ཁྲིམས་ཁང་གི་ཁྲིམས་འཛིན་ཡིག་ཆ་འདི་བཟུང་སྟེ་རྩྭ་ས་གཏོར་བརླག་བྱས་དང་བྱེད་བཞིན་པའི་ཁེ་གཉེར་དང་གཞུང་གི་དཔོན་རིགས་རྣམས་སུན་འབྱིན་བྱེད་དགོས།

རྩྭ་ས་གཏོར་བརླག་གི་གནས་ཚུལ་བྱུང་ན་མི་རྣམས་ཀྱིས་ཞིང་ལས་པུའུ་ཡི་རྩྭ་ས་ལྟ་རྟོག་དོ་དམ་ཁང་ལ་ཁ་པར་བཏང་ནས་ཞུ་གཏུག་བྱས་ཆོག ལས་ཁང་དེའི་ཁ་པར་ཨང་གྲངས་ནི།  010-59191706  ཡིག་སྒམ། [email protected]

 མཆན།

①༼རྩྭ་ཐང་ཐོན་ཁུངས་གཏོར་བཤིག་གི་ཉེས་དོན་གྱོད་གཞི་ཁྲིམས་བཤེར་སྐབས་སུ་ཁྲིམས་ལུགས་ལུང་འདྲེན་ཐད་ཀྱི་གནད་དོན་རེ་འགའི་གསེད་བཀྲོལ་༽《最高人民法院关于审理破坏草原资源刑事案件应用法律若干问题的解释》

②ཁྲིམས་འཛིན་གསེད་བཀྲོལ་ནི་ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཆེས་མཐོ་མི་དམངས་ཞིབ་དཔྱོད་ཁང་གིས་ཁྲིམས་ལུགས་ཀྱི་ནང་དོན་འགྲེལ་བཤད་དང་གཏན་ལ་དབབ་པ་ལ་གོ། ཁྲིམས་ཏྲིཀ་ཀྱང་ཟེར། 司法解释

③སྤྱི་ཆང་(公顷) རེ་རེ་ནི་མུའུ་བཅོ་ལྔ་ཡིན།

④ལོ་གཉིས་བཙོན་འཇུག་ལོ་གསུམ་ཕྱིར་འགྱངས་ཞེས་པ་ནི་ཉེས་འགྱངས་缓刑གི་ཉེས་ཆད་ཅིག་ཡིན། དཔེར་ན། ལོ་གཉིས་ཀྱི་བཙོན་འཇུག་ ཉེས་ཆད་བཅད་ཀྱང་ཉེས་ཆད་ཁུར་དགོས་པའི་དུས་ཚོད་ལོ་གསུམ་ཕྱིར་འགྱངས་བྱས་ན། ཕྱིར་འགྱངས་བྱས་པའི་དུས་ཡུན་ནང་དུ་ཁྲིམས་འགལ་གྱི་ལས་དོན་མ་བྱས་ན་ལོ་གསུམ་གྱི་རྗེས་སུ་བཙོན་ཁང་དུ་འགྲོ་མི་དགོས་ཤིང་ཉེས་ཆད་ཀྱང་ཁུར་མི་དགོས་པའི་ཉེས་ཁྲིམས་ཀྱི་བྱེད་ཐབས་ཤིག་ཡིན།

农业部草原监理中心

草原违法案件线索举报电话及电子邮箱

电话:010-59191706

邮箱:[email protected]

Source of pictures link

http://www.court.gov.cn/zixun-xiangqing-4674.html