(༡༩༩༣་ལོའི་ཟླ༤བའི་ཚེས༢༤ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་བའི་གྲོས་ཚོགས་ཐེངས་བཞི་བའི་ཐོག་གྲོས་འཆམ་བྱུང་བ་དང་།༡༩༩༣ལོའི་ཟླ༧པའི་ཚེས༡༧ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བརྒྱད་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་སྟོང་ཆོག་མཆན་བཀོད་ཅིང་། ༢༠༠༩ལོའི་ཟླ་བའི་ཚེས་༢༣ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་བཟོ་བཅོས་བྱས་ནས་གྲོས་འཆམ་བྱུང་བ་དང་། ༢༠༠༩ལོའི་ཟླ༧པའི་ཚེས༣༡་ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཅུ་བའི་སྟེང་ཆོག་མཆན་བཀོད་པ།)
ལེའུ་དང་པོ། སྤྱིའི་རྩ་འཛིན།
དོན་ཚན་དང་པོ།རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཆ་དང་ཡི་གེ(གཤམ་ནས་ཚིག་བསྡུས་ཏེ་བོད་ཀྱི་སྐད་ཡིག་ཟེར་རྒྱུ)བཀོད་སྤྱོད་དང་གོང་དུ་སྤེལ་པར་འགན་སྲུང་དང་ཡར་སྐུལ་བྱེད་ཆེད། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས»དང་། «ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས» «མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག»བཅའ་ཀྱི་འབྲེལ་ཡོད་གཏན་ཕབ་གཞིར་བཟུང་ཞིང་།རང་སྐྱོང་ཁུལ་གྱི་དོན་དངོས་དང་སྦྲེལ་ནས་སྲོལ་ཡིག་འདི་གཏན་ལ་ཕབ་པ་ཡིན།
དོན་ཚན་གཉིས་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཏང་རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་བྱ་བའི་ཕྱོགས་ཀྱི་བྱེད་ཕྱོགས། སྲིད་ཇུས་དང་། བཅའ་ཁྲིམས་སྲོལ་ལག་བསྟར་མཐར་ཕྱིན་བྱས་ཏེ། མི་རིགས་སོ་སོའི་སྐད་ཆ་དང་ཡི་གེ་འདྲ་མཉམ་ཡིན་པའི་རྩ་དོན་རྒྱུན་འཁྱོངས་སྒོས་མི་རིགས་སོ་སོའི་མི་རིགས་རང་གི་རིགས་ཀྱི་སྐད་ཆ་དང་ཡི་གེ་བཀོད་སྤྱོད་དང་གོང་དུ་སྤེལ་རྒྱུའི་རང་དབང་ཡོད་པར་ཁྲིམས་ལྟར་འགན་ལེན་བྱས་ཐོག་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་གཏོང་རྒྱུ།
དོན་ཚན་གསུམ་པ།བོད་ཀྱི་སྐད་ཡིག་ནི་རང་སྐྱོང་ཁུལ་གྱི་རང་སའི་ཐུན་མོང་དུ་སྤྱོད་པའི་སྐད་ཆ་དང་ཡི་གེ་ཡིན་ལ། ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱིས་རང་སྐྱོང་གི་ཁེ་དབང་ལག་བསྟར་བྱེད་པའི་སྐད་ཆ་དང་ཡི་གེ་གཙོ་བོའང་ཡིན།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་དང་། ཁྲིམས་འཛིན་ལས་ཁུངས་ཀྱིས་འགན་ལས་སྒྲུབ་སྐབས། བོད་རྒྱ་མི་རིགས་གཉིས་ཀ་མཉམ་དུ་བེད་སྤྱོད་བྱེད་པར་བོད་ཀྱི་སྐད་ཡིག་གཙོ་བོ་བྱས་ནས་བཀོལ་ཆོག
དོན་ཚན་བཞི་བ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་མི་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བས་ཕན་ཚུན་གྱི་སྐད་ཡིག་སློབ་པ་སྲོལ་འདོན་དང་དེར་སྐུལ་ལྕག་བྱ་རྒྱུ། རྒྱ་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པ་དང་ལས་བཟོ་བས་བོད་གྱི་སྐད་ཡིག་སློབ་སྦྱོང་དང་བཀོད་སྤྱོད་བྱེད་ཅིང་། བོད་རིགས་ལས་བྱེད་པ་དང་ལས་བཟོ་པས་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པ་ཆབས་གཅིག་རྒྱལ་ཡོངས་ཐུན་མོང་དུ་སྤྱོད་པའི་སྤྱི་སྐད་དང་ཚད་ལྡན་གྱི་རྒྱ་ཡིག་ཀྱང་སློབ་སྦྱོང་དང་བཀོལ་སྤྱོད་བྱ་རྒྱུ།
དོན་ཚན་ལྔ་པ།རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱི་བོད་ཀྱི་སྐད་ཡིག་བྱ་བའི་འགོ་ཁྲིད་ལ་ཤུགས་སྣོན་དང་། ཁྱབ་གདལ་དང་མཐོར་འདེགས་ཟུང་དུ་སྦྲེལ་པའི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། བོད་ཀྱི་སྐད་ཡིག་གི་ཚན་རིག་ཞིབ་འཇུག་བྱ་བ་ལེགས་སྒྲུབ་དང་། བོད་ཀྱི་ཕུལ་དུ་བྱུང་བའི་རིག་གནས་ཤུལ་བཞག་རྒྱུན་འཛིན་དང་དར་སྤེལ་སྒོས་བོད་ཀྱི་སྐད་ཡིག་ལས་དོན་དར་རྒྱས་གོང་འཕེལ་འགྲོ་་བར་ཡར་སྐུལ་བྱས་ཐོག་རང་སྐྱོང་ཁུལ་གྱི་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སྤྱི་ཚོགས་འཛུགས་སྐྲུན་བཅས་ཁྲོད་ཀྱི་བོད་ཀྱི་སྐད་ཡིག་གི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་རྒྱུ།
དོན་ཚན་དྲུག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གིས་བོད་ཀྱི་སྐད་ཡིག་བྱ་བའི་ཐད་མཁོ་བའི་གྲོན་དངུལ་དེ་རིམ་པ་རང་གི་ནོར་སྲིད་སྔོན་རྩིས་ཀྱི་གྲས་སུ་འཇོག་རྒྱུ། དཔེ་རྙིང་ཐོན་ཐོན་ཁུངས་དང་བྱ་བའི་དགོས་མཁོ་ལ་གཞིགས་ཏེ། མི་རིགས་དཔེ་རྙིང་མྱུར་སྐྱོབ་དང་སྲུང་སྐྱོང་བྱེད་པའི་ཆེད་བཀོད་མ་དངུལ་གསར་འཛུགས་བྱ་རྒྱུ།
ལེའི་གཉིས་པ། བོད་ཀྱི་སྐད་ཡིག་དོ་དམ་དང་ཡིག་སྒྱུར།
དོན་ཚན་བདུན་པ། རང་སྐྱོང་ཁུལ་དང་རྫོང་སོ་སོའི་མི་དམངས་སྲིད་གཞུང་གི་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་དང་གྲངས་ཉུང་མི་རིགས་སྐད་ཡིག་བྱ་བའི་གཞུང་ལས་ཁང་ནི་སྲིད་གཞུང་གི་འགན་ནུས་སྡེ་ཁག་ཡིན་ཞིང་། དེས་ས་ཁུལ་རང་གི་བེད་ཀྱི་སྐད་ཡིག་བྱ་བ་དང《སྲོལ་ཡིག》འདི་ཉིད་དངོས་སུ་ལག་བསྟར་བྱེད་པར་དོ་དམ་དང་ལྟ་སྐུལ་བྱེད་པའི་འགན་ཁུར་ཡོད། དེའི་བྱ་བའི་འགན་འཁྲི་ནི།
)གཅིག(ཏང་གི་མི་རིགས་སྐད་ཡིག་སྲིད་ཇུས་དྲིལ་སྒྲོག་དང་དངོས་སུ་ལག་བསྟར་བྱ་རྒྱུ་དང་། རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་སྐད་ཡིག་ཕྱོགས་ཀྱི་འབྲེལ་ཡོད་ཀྱི་གཏན་ཕབ། སྲོལ་ཡིག་འདི་ཉིད་བཅས་དངོས་སུ་ལག་བསྟར་བྱེད་པར་ལྟ་བཤེར་དང་སྐུལ་འདེད་བྱ་རྒྱུ།
)གཉིས།(ས་ཁུལ་རང་གི་བོད་ཀྱི་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་མཛུབ་སྟོན་དང་སྐུལ་འདེད་བྱ་རྒྱུ་དང་། བོད་ཀྱི་སྐད་ཡིག་ལ་འབྲེལ་བ་ཡོད་པའི་ལྟ་བཤེར་སྣ་ཚོགས་དང་བརྟག་དཔྱད་ཞིབ་འཇུག་གི་བྱ་འགུལ་འགོ་འདུ་དང་དར་སྤེལ་བྱ་རྒྱུ།
)གསུམ།(འབྲེལ་ཡོད་བཅའ་ཁྲིམས་དང་།ཁྲིམས་སྲོལ།སྲོལ་ཡིག་འདི་ཉིད་བཅས་གཞིར་བཟུང་སྟེ། ས་ཁུལ་རང་གི་བོད་སྐད་ཡིག་བྱ་བའི་འཆར་འགོད་དང་། བྱེད་ཐབས། དོ་དམ་བྱེད་ཐབས་བྱེ་བྲག་པ་བཅས་གཏན་འབེབས་དང་དངོས་སུ་ལག་བསྟར་བྱ་རྒྱུ།
)བཞི།(ས་ཁུལ་རང་གི་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་། ཡིག་རྨོངས་སེལ་པ། ཚན་རིག་ཞིབ་འཇུག རིགས་གཞུང་ཞིབ་འཇུག སྒྲིག་སྒྱུར། འཕྲིན་གསར་དང་དཔེ་སྐྲུན། རྒྱང་སྒྲོག གློག་བརྙན། བརྙན་འཕྲིན། ཚགས་པར། དུས་དེབ། སྒྲ་གཟུགས་བཟོས་རྫས། དྲྭ་རྒྱའི་བཀོལ་ཡིག་སོགས་ལ་ལྟ་བཤེར་མཛུབ་སྟོན་དང་། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་དོན་ལས་ལས་ཁུངས་བཅས་ཀྱི་གླེགས་བྱང་ཡི་གེ་དང་དེ་མིན་ཁྲོམ་རའི་སྤྱི་ཚོགས་བཀོལ་ཡིག་སོགས་ལ་ལྟ་བཤེར་དོ་དམ་དང་ཚད་ལྡན་དུ་གཏོང་རྒྱུ།
)ལྔ།(ས་ཁུལ་རང་གི་བོད་ཀྱི་སྐད་ཡིག་ཚད་མཐུན་ཅན་དང་ཚད་ལྡན་ཅན་དུ་བསྒྱུར་བ་དང་བརྡ་འཕྲིན་སྦྱོར་ལས་བཅས་ཀྱི་བྱ་བ་དར་སྤེལ་དང་སྐུལ་སྤེལ་བྱ་རྒྱུ་དང་།
བོད་ཀྱི་སྐད་ཡིག་གི་སྲོལ་རྒྱུན་མིང་ཚིག་འཚོལ་སྡུད་ཆད་གསར་བ་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བར་སྐུལ་དང་འགན་ལེན་བྱ་རྒྱུ། ཡོངས་བསྒྲགས་བྱས་ཟིན་པའི་བོད་ཀྱི་སྐད་ཡིག་གསར་བསྒྱུར་མིང་བརྡ་དང་བརྡ་ཆད་ཁྱབ་སྤེལ་བྱེད་པའི་བྱ་བར་ལྟ་བཤེར་ལྟ་སྐུལ་བྱ་རྒྱུ་དང་། རང་སྐྱོང་ཁུལ་གྱི་ས་མིང་དང་། ལས་ཁུངས་ཀྱི་མིང་། ཐོན་རྫས་ཀྱི་མིང་ལ་སོགས་པའི་ཚད་ལྡན་བསྒྱུར་ཡིག་ཞིབ་བཤེར་གཏན་འབེབས་དང་གཅིག་གྱུར་བྱ་རྒྱུ།
)དྲུག(ས་ཁུལ་རང་གི་བོད་ཡིག་དཔེ་རྙིང་དང་ཁུངས་ཡིག་འཚོལ་སྡུད་དང་ལེགས་སྒྲིག་དཔེ་སྐྲུན་བཅས་བྱེད་པ་དང་། བོད་ཀྱི་ཡི་གེའི་དཔེ་རྙིང་རིག་རྫས་སྲུང་སྐྱོབ་དང་ཉར་ཚགས། མྱུར་སྐྱོབ་བཅས་ཀྱི་བྱ་བ་འགོ་འདུ་དར་སྤེལ་བྱེད་པའི་འགན་འཁུར་རྒྱུ།
)བདུན།(ཁུལ་དང་རྫོང་གི་ཏང་སྲིད་ལས་ཁུངས་ཀྱི་གཞུང་ཡིག་གཙོ་བོ་དང་། ཚོགས་འདུ་ཆེ་གྲས་ཀྱི་ཡིག་ཆ། འབྲེལ་ཡོ་དཔྱད་གཞི་གལ་ཆེན་བཅས་ཡིག་སྒྱུར་བྱེད་པའི་འགན་འཁུར་ཞིང་། རང་སྐྱོང་ཁུལ་གྱི་རིམ་པ་འདྲ་མཚུངས་ཀྱི་རྒྱལ་ཁབ་ལས་ཁུངས་དང་སྡེ་ཁག་སོ་སོའི་ལོ་ཙྭའི་བྱ་བར་མཛུབ་སྟོན་བྱ་རྒྱུ།
)བརྒྱུད།(བོད་ཀྱི་སྐད་ཡིག་གི་ཆེད་ལས་ཤེས་ལྡན་མི་སྣའི་ལས་སྒོའི་གསོ་སྦྱོང་དང་ལས་སྒོའི་དཔྱད་ཞིབ་བྱ་བ་འགོ་འདུ་དོ་དམ་དང་། འབྲེལ་ཡོད་དཔང་ཡིག་སྤྲོད་རྒྱུ། འབྲེལ་ཡོད་སྡེ་ཁག་དང་མཉམ་ལས་ངང་ནས་ས་ཁུལ་རང་གི་བོད་ཀྱིི་སྐད་ཡིག་གི་ཆེད་ལས་རྩལ་འགན་ཐོབ་འགན་བཞེས་རེ་ཞུ་དང་གྲོས་གཅོད་བྱ་བར་མཛུབ་སྟོན་དང་ལག་བསྟར་དངོས་ཞུགས་བྱ་རྒྱུ།
)དགུ།(བོད་ཀྱི་སྐད་ཡིག་གི་ཕྱོགས་ལ་འབྲེལ་བ་ཡོད་པའི་བྱ་དགའ་དང་ཆད་གཅོད་སྣ་ཚོགས་ཐག་གཅོད་དང་། བོད་ཀྱི་སྐད་ཡིག་གི་ཚན་རིག་ཞིབ་འཇུག་དང་རིག་གནས་ཀྱི་གྲུབ་འབྲས་ལ་བྱ་དགའ་གནང་བ་དང་དེ་ཁྱབ་སྤེལ་བྱ་རྒྱུ།
)བཅུ(ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ལས་ཁུངས་ཀྱིས་ཁུལ་ཡོངས་ཀྱི་བོད་ཀྱི་སྐད་ཡིག་བྱ་བའི་སྡེ་ཁག་གི་ལས་སྒོའི་བྱ་བར་མཛུབ་སྟོན་དང་། བོད་ཀྱི་སྐད་ཡིག་བྱ་བའི་སྡེ་ཁག་སོ་སོའི་བར་གྱི་ལས་སྒོའི་འབྲེལ་བར་མཐུན་སྦྱོར་བྱ་རྒྱུ།
དོན་ཚན་བརྒྱད་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ལས་ཁུངས་ལ་ཆེད་འགན་ལོ་ཙྭ་པ།(ཞོར་འགན་པ)དང་སྐད་གཉིས་སྨྲ་བའི་དྲུང་ཡིག་སྡེབ་སྒྲིག་བྱས་ཏེ། སྡེ་ཁག་རང་གི་གཞུང་ཡིག་དང་ངག་ཐོག་ལོ་ཙྭའི་ལས་འགན་དང་ལེན་བྱེད་དུ་འཇུག་རྒྱུ།
དོན་ཚན་དགུ་བ། རང་སྐྱོང་ཁུལ་གྱིས་ལོ་ཙྭའི་མི་སྣས་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། བཅའ་ཁྲིམས། རྩོམ་རིག་སྒྱུ་རྩལ། ཚན་རིག་ཁྱབ་གདལ་གྱི་རྒྱུན་ཤེས་སོགས་སྤྱི་ཚོགས་ཚན་རིག་དང་རང་བྱུང་ཚན་རིག་སྐོར་གྱི་དཔེ་ཆ་དང་དཔྱད་གཞི་སྒྱུར་བར་སྐུལ་ལྕག་བྱེད་ཅིང་། རིག་གནས་དང་བརྡ་འཕྲིན་བརྗེ་རེས་ལ་ཤུགས་སྣོན་དང་། ཧུར་བརྩོན་སྒོས་ལོ་ཙྭའི་རིགས་གཞུང་བྱ་འགུལ་སྤེལ་རྒྱུ།
དོན་ཚན་བཅུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ལོ་ཙྭའི་བྱ་བར་མཐོང་ཆེན་བྱས་ཏེ། ཧུར་བརྩོན་སྒོས་བོད་རྒྱ་སྐད་གཉིས་ཤེས་པའི་ཆེད་ལས་ལོ་ཙྭ་པ་སྐྱེད་བསྲིང་བྱ་རྒྱུ། བོད་ཀྱི་སྐད་ཡིག་གི་ལོ་ཙྭའི་བྱ་བ་སྒྲུབ་མཁན་ལ་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབ་ལྟར་ཆེད་ལས་ལག་རྩལ་འགན་ཐོབ་གྲོས་གཅོད་བྱེད་ཅིང་། དེ་ཚོས་ཆེད་ལས་ལག་རྩལ་མི་སྣའི་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ།
ལེའུ་གསུམ་པ། བོད་ཀྱི་སྐད་ཡིག་སློབ་སྦྱོང་།
དོན་ཚན་བཅུ་གཅིག་པ། རང་སྐྱོང་ཁུལ་ཁོངས་ཀྱི་བོད་ཡིག་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་དང་སློབ་ཁྲིད་སྐད་རིགས་ལ་བོད་ཀྱི་སྐད་དང་ཡི་གེ་གཙོ་བོ་བྱ་རྒྱུ་དང་། དུས་མཚུངས་སུ་རྒྱའི་སྐད་ཡིག་གི་སློབ་ཚན་འཛུགས་རྒྱུ། མི་རིགས་སློབ་གྲྭ་ཆུང་འབྲིང་ཆུང་ལ་རྒྱའི་སྐད་ཡིག་གི་སློབ་ཁྲིད་གཙོ་བོ་བྱ་རྒྱུ་དང་། དུས་མཚུངས་སུ་བོད་ཀྱི་སྐད་ཡིག་གི་སློབ་ཚན་སྣོན་ཁྲིད་བྱ་རྒྱུ་མ་ཟད། དགོས་མཁོ་དང་བསྟུན་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་གཙོ་བོར་བྱེད་པའི་སྐད་གཉིས་སློབ་ཁྲིད་འཛིན་གྲྭ་བཙུགས་ཏེ། སློབ་མའི་བོད་རྒྱ་གཉི་ཀའི་སྐད་ཆ་དང་ཡི་གེ་ཤེས་ཐུབ་པར་བྱ་རྒྱུ།
རང་སྐྱོང་ཁུལ་གྱི་ཁྱེའུ་སློབ་གསོར་བོད་རྒྱ་སྐད་གཉིས་བཀོལ་དགོས་དང་། བོད་རིགས་ཁྱེའུ་ཅུང་མང་བའི་ཁྱེའུ་ར་བ་དང་སློབ་སྔོན་འཛིན་གྲྭ་ལ་བོད་ཀྱི་སྐད་ཡིག་གི་སློབ་ཁྲིད་གཙོ་བོ་བྱ་རྒྱུ།
དོན་ཚན་བཅུ་གཉིས་པ། རང་སྐྱོང་ཁུལ་ཁོངས་ཀྱི་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གླིང་། ལས་རིགས་ལག་རྩལ་སློབ་གྲྭ དེ་མིན་སློབ་གྲྭ་སྣ་ཚོགས་དང་རིག་གནས་དང་ནུས་རྩལ་གསོ་སྦྱོང་ལྟེ་བ་སྣ་ཚོགས་ཀྱིས་དགོས་མཁོ་ལ་གཞིགས་ཏེ། བོད་ཀྱི་སྐད་ཡིག་སློབ་ཚན་བཀོད་སྒྲིག་དང་ཡང་ན་བོད་རྒྱ་སྐད་གཉིས་བཀོད་ནས་སློབ་ཁྲིད་བྱ་རྒྱུ།
དོན་ཚན་བཅུ་གསུམ་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པ། དོན་ལས་སྡེ་ཁག་བཅས་ཀྱིས་དུས་ཡུན་རིང་བོའི་འཆར་འགོད་བཟོས་ནས། རྒྱ་རིགས་དང་མི་རིགས་གཞན་པའི་ལས་བྱེད་པ་དང་ལས་བཟོ་པར་བོད་ཀྱི་སྐད་ཡིག་སློབ་པའི་གསོ་སྦྱོང་བྱས་ཏེ། བོད་ཀྱི་སྐད་ཡིག་བཀོལ་ནས་འགན་ལས་ལག་བསྟར་བྱེད་པའི་ནུས་པ་མཐོ་རུ་འདེགས་རྒྱུ།
དོན་ཚན་བཅུ་བཞི་བ། རང་སྐྱོང་ཁུལ་གྱིས་བོད་ཡིག་སྤྱད་དེ་དར་མའི་ཀློག་སློབ་བབ་ཡིག་རྨོངས་སེལ་པའི་སློབ་གསོ་དར་སྤེལ་བྱ་ཞིང་། སྦྱོང་མཁན་གྱི་རང་འཐད་གདམ་གསེས་ལ་གཞིགས་ལ་གཞིགས་ནས་རྒྱ་ཡིག་སྤྱད་ནས་ཀློག་སློབ་སློབ་གསོ་སྤེལ་ནའང་ཆོག
དོན་ཚན་བཅོ་ལྔ་བ། རང་སྐྱོང་ཁུལ་གྱི་བོད་ཀྱི་སྐད་ཡིག་སློབ་ཁྲིད་དང་ཞིང་འཇུག་བྱ་བར་ཤུགས་སྣོན་བྱས་ཏེ། སློབ་ཁྲིད་ཀྱི་དོན་དངོས་ལ་དམིགས་ནས་བོད་ཀྱི་སྐད་ཡིག་སློབ་ཁྲིད་མ་ལག་གི་ཚན་རིག་དང་རང་བཞིན་གྱི་འཆར་འགོད་དང་། དགེ་རྒན་གསོ་སྦྱོང་། སློབ་ཁྲིད་བྱེད་ཐབས། སློབ་དེབ་གསར་གཏོད། སློབ་ཁྲིད་བསྡུར་དཔག དེང་རབས་རྒྱང་བསྙེན་སློབ་གསོ་སོགས་ཀྱི་ཕྱོགས་སུ་མ་ལག་ཚང་བའི་ཞིབ་འཇུག་བྱས་ཐོག་བོད་ཀྱི་སྐད་ཡིག་སློབ་གསོའི་སློབ་ཁྲིད་བྱ་བ་གོང་དུ་སྤེལ་པར་སྐུལ་འདེད་བྱ་རྒྱུ །
ལེའུ་བཞི་བ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད།
དོན་ཚན་བཅུ་དྲུག་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་དཔལ་འབྱོར་དང་། ཆབ་སྲིད། རིག་གནས། སློབ་གསོ། ཚན་རྩལ། འཕྲོད་བསྟེན། ལུས་རྩལ། ཁྲིམས་འཛིན། བཟོ་ཚོང་། ཁྲལ་དོན། དངུལ་རྩ། འགྲིམ་འགྲུལ། འཕྲིན་གཏོང་། གློག་བརྙན་བརྙན་འཕྲིན་ལ་སོགས་པའི་ཁྱབ་ཁོངས་སུ་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་པར་ཤུགས་སྣོན་བྱ་རྒྱུ།
དོན་ཚན་བཅུ་བདུན་པ། རང་སྐྱོང་ཁུལ་གྱིས་གཏན་འབེབས་བྱས་ནས་བསྒྲགས་པའི་རང་སྐྱོང་སྲོལ་ཡིག་དང་། ཁེར་སྤྱོད་སྲོལ་ཡིག་གཞུང་ཡིག་སྣ་ཚོགས་དང་དེ་མིན་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་མི་དམངས་ཚོགས་པས་ཡུལ་ཚོ་རིམ་པར་འགྲེམ་བྱའི་ཚད་ལྡན་རང་བཞིན་གྱི་ཡིག་ཆར་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱ་རྒྱུ་དང་། འབྲོག་ཨུ་ཁང་དང་འབྲོག་པ་མང་ཚོགས་ཀྱི་ཁྲོད་དུ་འགྲེམ་བྱའི་ཡིག་ཆ་སྣ་ཚོགས་དང་། སློབ་སྦྱོང་དང་དྲིལ་སྒྲོག་གི་དཔྱད་གཞི་ཚང་མར་བོད་ཀྱི་སྐད་ཡིག་གཙོ་བོ་བྱ་རྒྱུ།
རང་སྐྱོང་ཁུལ་གྱི་རྫོང་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་སྡེ་ཁག་དང་ཡུལ་ཚོ་སོ་སོའི་མི་དམངས་སྲིད་གཞུང་གིས་བོད་ཡིག་སྤྱད་ནས་གོང་རིམ་ལ་ཡིག་ཆ་སྣ་ཚོགས་ཞུ་འབུལ་བྱེད་ཆོག་པ་དང་། ཡིག་འབྱོར་ལས་ཁུངས་ཀྱིས་དེ་དང་ལེན་བྱ་རྒྱུ།
དོན་ཚན་བཅོ་བརྒྱད་པ། རང་སྐྱོང་ཁུལ་གྱིས་གཏན་འབེབས་དང་ཡང་ན་ཁྱབ་བསྒྲགས་བྱས་པའི་འདེམ་བསྐོའི་ཡིག་ཆ་དང་། འདེམ་དམངས་ཀྱི་མིང་ཐོ། འདེམ་དམངས་ལག་འཁྱེར། འཐུས་མི་འདེམ་སྒུག་པའི་མིང་ཐོ། འདེམ་ཤོག་འཐུས་མིར་བདམས་ཐོན་བྱུང་བའི་ལག་འཁྱེར། འཐུས་མི་འདེམ་སྒུག་པའི་མིང་ཐོ། འདེམ་ཤོག་འཐུས་མིར་བདམས་ཐོན་བྱུང་བའི་ལག་འཁྱེར། འདེམ་བསྐོ་ཨུ་ཡོན་ལྷན་ཁང་གི་ཐམ་ཀ་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱ་རྒྱུ།
དོན་ཚན་བཅུ་དགུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་འཚོག་སྐབས་སུ་བོད་སྐད་ཀྱིས་སྙན་ཞུ་འབུལ་རྒྱུ་སྲོལ་འདོན་བྱ་ཞིང་། དེར་རྒྱ་སྐད་ཀྱི་ལོ་ཙྰ་མཁོ་སྤྲོད་བྱ་རྒྱུ། ཚོགས་འདུ་གཞན་པ་དང་། འདུ་ཚོགས། བྱ་འགུལ་ཆེན་པོ་སྣ་ཚོགས་ལ་བོད་རྒྱ་གཉིས་ཀྱི་སྐད་ཡིག་བཀོལ་སྤྱོད་བྱ་རྒྱུ། སྤྱིར་བཏང་གི་བྱ་བའི་ཚོགས་འདུ་ལ་དགོས་མཁོར་བཞིགས་ནས་བོད་རྒྱ་གཉིས་ཀྱི་སྐད་ཆ་དང་ཡི་གེ་དུས་མཉམ་དང་ཡང་ན་སོ་སོར་བཀོལ་སྤྱོད་བྱ་རྒྱུ།
དོན་ཚན་ཉི་ཤུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་། མི་དམངས་ཞིབ་དཔྱོད་ཁང་གིས་འདྲི་གཅོད་དང་ཞིབ་དཔྱོད་བྱ་འགུལ་གྱི་ཁྲོད་དུ་བོད་རྒྱ་གཉིས་ཀྱི་སྐད་ཆ་དང་ཡི་གེ་དུས་མཉམ་དང་ཡང་ན་སོ་སོར་བཀོལ་སྤྱོད་བྱ་རྒྱུ་དང་། རྒྱ་སྐད་དང་ཡང་ན་བོད་སྐད་མི་ཤེས་པའི་གཏུག་བཤེར་བྱེད་མཁན་ལ་ལོ་ཙྰ་པ་བཀོད་སྒྲིག་བྱེད་འོས་ཤིང་། དོ་བདག་པས་བོད་སྐད་ཀྱིས་ངག་ཐོག་ནས་བརྗོད་པ་དང་ཡང་ན་བོད་ཡིག་སྤྱད་ནས་གཏུག་བཤེར་དང་། གོང་གཏུག་སླར་གཏུག་བཅས་བྱེད་པར་ཁྲིམས་འཛིན་ལས་ཁུངས་ཀྱིས་དང་ལེན་དང་འོས་བསྒྲུབ་བྱེད་དགོས་པ་ལས། དེ་ཁས་མི་ལེན་པ་བྱེད་མི་ཆོག
དོན་ཚན་ཉེར་གཅིག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་ཁྲིམས་ཁང་དང་མི་དམངས་ཞིབ་དཔྱོད་ཁང་གིས་འགྲེམ་བསྒྲགས་བྱེད་པའི་བསྒྲགས་ཡིག་དང་སྤྱི་བསྒྲགས། བརྡ་ཁྱབ། ཡིག་ཆ་གལ་ཆེན་སོགས་ལ་བོད་རྒྱ་ཡིག་རིགས་གཉིས་བཀོལ་སྤྱོད་བྱ་རྒྱུ་དང་། གཏུག་བཤེར་ཡི་གེ་དང་བཅད་ཁྲ། དེ་མིན་བཅའ་ཁྲིམས་ཀྱི་ཡིག་ཆ་གཞན་པ་དག་ལ་དགོས་མཁོར་གཞིགས་ནས་བོད་རྒྱ་ཡིག་རིགས་གཉི་ཀ་དུས་མཉམ་དང་ཡང་ན་སོ་སོར་བཀོལ་སྤྱོད་བྱ་རྒྱུ།
དོན་ཚན་ཉེར་གཉིས་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་དོན་ལས་ལས་ཁུངས་བཅས་ཀྱིས་མང་ཚོགས་ཀྱི་ཡིག་གཏུག་དང་ངོ་གཏུག་ལ་སྣེ་ལེན་དང་དང་སྒྲུབ་བྱེད་སྐབས། ཡིག་གཏུག་དང་ངོ་གཏུག་བྱེད་མཁན་གྱིས་བཀོལ་པའི་སྐད་ཆ་དང་ཡིག་རིགས་ཀྱིས་ལན་འདེབས་པ་དང་ཐག་གཅོད་བྱེད་ཅིང་། ལས་བྱེད་མི་སྣས་རང་ཉིད་ཀྱིས་མི་ཤེས་པའི་ཡི་གེའི་བསྐུར་ཡིག་དང་། མཆན་བཀོད་ ཡིག་ཆ། དཔྱད་གཞིའི་ཡི་གེ་གཞན་དག་བཀག་བསྐྱིལ་དང་འགོར་འགྱངས་བྱེད་མི་ཆོག
དོན་ཚན་ཉེར་གསུམ་པ། རང་སྐྱོང་ཁུལ་ཁོངས་ཀྱི་བོད་རིགས་སྤྱི་དམངས་ཀྱིས་བོད་ཡིག་སྤྱད་ནས་རེ་ཞུའི་ཡི་གེ་དང་། མོས་འདུན་ཡི་གེ། ཐོ་འགོད་རེའུ་མིག གཏུག་ཡིག་ཆིངས་གྲོས་ཡི་གེ་བཅས་དང་དེ་མིན་ཡི་གེ་གཞན་སྣ་ཚོགས་འབྲི་འགོད་དང་འབྲི་རྩོམ་བྱེད་ཆོག
རང་སྐྱོང་ཁུལ་ཁོངས་ཀྱི་སྦྲག་སྲིད་དང་། འཕྲིན་གཏོང་། དངུལ་རྩ། འགྲིམ་འགྲུལ། ཁྲལ་དོན། ཉེན་སྲུང་། མེ་འགོག་སྨན་བཅོས་འཕྲོལ་བསྟེན་ལ་སོགས་པའི་སྤྱི་ཞབས་ཞུ་རང་བཞིན་གྱི་ལས་ཁུངས་དང་མགྲོན་ཁང་། འགྲུལ་ཁང་། ཚོང་གཉེར་བྱེད་ས་ལ་སོགས་པའི་ལས་ཀ་བྱེད་མཁན་གྱིས་བོད་སྐད་ཤེས་དགོས་པ་དང་། མཁོ་བདག་ལ་ཞབས་འདེགས་ཞུ་བའི་གསལ་འདེབས་ཡི་གེ་ལ་བོད་རྒྱ་ཡིག་རིགས་གཉི་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱེད་དགོས་ཤིང་། མཁོ་བདག་གིས་ལས་སྒོ་གཉེར་སྐབས་བོད་ཡིག་གིས་མིང་འགོད་བྱེད་ཆོག
དོན་ཚན་ཉེར་བཞི་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་དོན་ལས་ལས་ཁུངས། ཞིང་ཆེན་ནམ་ཁུལ་ཕྱིའི་རང་ཁུལ་དུ་སྡོད་པའི་ལས་ཁུངས་ཀྱི་ཡིག་ཆ་དང་། གློག་རྡུལ་གཞུང་ཡིག་གི་དབུ་བྱང་། གཞུང་ཐམ། གླེགས་བྱང་། ཡི་གེའི་མཚོན་རྟགས། ཚོགས་རྟགས། དཔང་ཡིག་འཕྲེད་འགེལ་སྦྱར་ཡིག་སྦྱར་ཡིག་དྲྭ་ཚོགས། ལས་ཁུངས་ཀྱི་མིང་དཔར་ཡོད་པའི་ཡིག་ཤུབ་དང་འབྲི་ཤོག་བཅས་དང་དེ་མིན་གོང་གསར་གྱི་སྡེ་ཁག་དང་ལས་ཁུངས་ཀྱིས་བཟོས་པའི་ཚོང་གཉེར་ལག་འཁྱེར་སྣ་ཚོགས། འཛིན་ཡིག་འབྱོར་ཡིག་དར་བྱང་། སྤྱི་བསྒྲགས། ཁྱབ་བརྡ། དྲིལ་བསྒྲགས་དངོས་རྫས་སོགས་ཀྱི་བཀོལ་ཡིག་ལ་བོད་རྒྱ་ཡིག་རིགས་གཉི་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱ་རྒྱུ།
དོན་ཚན་ཉེར་ལྔ་བ། རང་སྐྱོང་ཁུལ་གྱིས་ཐོན་སྐྱེད་བྱས་པའི་ཚོང་རྫས་ཀྱི་མིང་དང་། ཚོང་རྟགས། གསལ་བཤད་ཡི་གེ། ཞབས་ཞུའི་ལས་རིགས་ཀྱི་འཚོང་གཉེར་རྣམ་གྲངས། རིན་བཀོད་སོགས་བོད་རྒྱ་ཡིག་རིགས་གཉི་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱ་རྒྱུ།
རང་སྐྱོང་ཁུལ་ཁོངས་ཀྱི་གྲོང་རྡལ་སྤྱི་གནས་ཀྱི་སྤྱི་སྤྱོད་སྒྲིག་ཆས་ཀྱི་མིང་དང་། མཚམས་རྟགས། ལམ་རྟགས། རླངས་འཁོར་སྒོ་བྱང་། ཁེ་ལས་དང་ཁེར་གཉེར་བཟོ་ཚོང་ཁྱིམ་ཚང་གི་སྒོ་བྱང་། ཚོང་རྟགས་བཅས་དང་དེ་མིན་སྤྱི་ཚོགས་བཀོལ་ཡིག་གཞན་ལ་བོད་རྒྱ་ཡིག་རིགས་གཉི་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱ་རྒྱུ། དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་ཁོངས་ཀྱི་ས་མིང་དང་གནའ་ཤུལ་གྲགས་ཅན། རང་བྱུང་སྲུང་སྐྱོང་ས་ཁུལ། རིག་རྫས་སྲུང་སྐྱོང་ལས་ཁུངས་བཅས་ཀྱི་མཚོན་བྱང་དང་རྡོ་རིང་ཡི་གེ་ལ་སོགས་པར་བོད་རྒྱ་ཡིག་རིགས་གཉི་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱ་རྒྱུ།
དོན་ཚན་ཉེར་དྲུག་པ། རང་སྐྱོང་ཁུལ་ཁོངས་ཀྱི་ས་མིང་དང་གནའ་ཤུལ་གྲགས་ཅན། རང་བྱུང་སྲུང་སྐྱོང་ས་ཁུལ། རིག་རྫས་སྲུང་སྐྱོང་ལས་ཁུངས་བཅས་ཀྱི་མཚོན་བྱང་དང་རྡོ་རིང་ཡི་གེ་ལ་སོགས་པར་བོད་རྒྱ་ཡིག་རིགས་གཉི་ཀ་དུས་མཉམ་དུ་བཀོལ་སྤྱོད་བྱ་རྒྱུ།
རང་སྐྱོང་ཁུལ་ཁོངས་ཀྱི་སྲིད་འཛིན་ས་ཁུལ་མཚམས་དབྱེ་དང་། མཁར་གྲོང་ཁྲོམ་སྲོང་། གསར་སྤེལ་ས་ཁུལ་སོགས་མིང་འདོགས་པ་དང་མིང་བརྗེ་སྐབས། ས་གནས་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་ཁྱད་ཆོས་མཚོན་པའི་བོད་སྐད་ཀྱི་མིང་ཡང་བཀོལ་སྤྱོད་བྱ་རྒྱུ།
དོན་ཚན་ཉེར་བདུན་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགསཔ། ཁེ་དོན་ལས་ལས་ཁུངས་བཅས་ཀྱི་ཐམ་ཀ་དང་ཡི་གེའི་དབུ་བྱང་། གླེགས་བྱང་། འཛིན་དན་ལ་སོགས་པའི་བཀོལ་ཡིག་དང་དེ་མིན་རང་ཁོངས་ས་མིང་དང་སྲང་ལམ་གྱི་མིང་། ཡུལ་སྐོར་མཛེས་ལྗོངས་ས་མིང་དང་སྤྱི་ཚོགས་བཀོལ་ཡིག་སྣ་ཚོགས་བཅས་ཀྱི་བསྒྱུར་ཡིག་དེ་ཁུལ་མི་རིགས་སྐད་ཡིག་ལོ་ཙྰའི་ལས་ཁུངས་ཀྱིས་བསྒྱུར་བ་དང་ཡང་ན་ཞིབ་བཤེར་བྱས་ཟིན་པའི་ཚད་ལྡན་གྱི་བརྡ་ཆད་ལྟར་བཀོལ་སྤྱོད་ཡང་དག་བྱ་རྒྱུ།
དོན་ཚན་ཉེར་བརྒྱད་པ། རང་སྐྱོང་ཁུལ་གྱི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ། ཁེ་དོན་ལས་ལས་ཁུངས་བཅས་ཀྱིས་གཞུང་ལས་པ་དང་ལས་བྱེད་མི་སྣའི་རྒྱུགས་སྤྲོད་བསྡུ་ལེན་དང་། ཆེད་ལས་ལག་རྩལ་རྒྱུགས་ལེན། དཔྱད་ཞིབ་དང་འགན་ཐོབ་ཀྱི་མིང་གྲོས་གཅོད་བཅས་བྱེད་སྐབསབོད་རྒྱ་ཡིག་རིགས་གཉིས་ཀྱི་རྒྱུགས་ཤོག་འདོན་སྤྲོད་བྱེད་དགོས་པ་དང་། རྒྱུགས་སྤྲོད་མཁན་གྱིས་རང་ཉིད་ཀྱི་འདོད་བློ་ལྟར་དེའི་ནང་གི་སྐད་དང་ཡིག་རིགས་གཅིག་གདམ་ནས་ཡིག་རྒྱུགས་དང་ཁ་རྒྱུགས་སྤྲད་ཆོག ཆ་རྐྱེན་འདྲ་མཚུངས་ཡིན་ཚེ། བོད་རྒྱ་སྐད་གཉིས་ཤེས་མཁན་དམིགས་བསལ་གྱིས་བསྡུ་ལེན་གདན་འདྲེན་བྱ་རྒྱུ།
དོན་ཚན་ཉེར་དགུ་བ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་ཚན་རྩལ་མི་སྣ་དང་རིག་གནས་སྒྱུ་རྩལ་གྱི་བྱ་བ་སྒྲུབ་མཁན་རྣམ་པས་ཚན་རིག་ཞིབ་འཇུག་དང་། གསར་གཏོད་གསར་རྩོམ། དཔྱད་རྩོམ་འབྲི་བ། རིག་རྩལ་གསར་རྩོམ་དང་འཁྲབ་སྟོན་བཅས་བྱེད་སྐབས་བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་རྒྱུ་སྲོལ་འདོན་དང་དེར་སྐུལ་ལྕག་བྱ་རྒྱུ།
དོན་ཚན་སུམ་ཅུ་བ། རང་སྐྱོང་ཁུལ་གྱིས་བོད་ཡིག་གི་ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན་བཅས་ཀྱི་བྱ་བར་ཤུགས་སྣོན་བྱས་ཏེ། བོད་སྐད་ཀྱི་རྒྱང་སྒྲོག་དང་བརྙན་འཕྲིན་གྱི་ལེ་ཚན་གཏོང་བའི་དུས་ཚོད་དང་ཟློས་ཆོད་ཇེ་མང་དུ་གཏོང་རྒྱུ་དང་། བོད་སྐད་ལེ་ཚན་གྱི་བརྟན་ཆགས་བརྙན་ལམ་གསར་འཛུགས་དང་། སྐད་གཉིས་སྨྲ་བའི་རྒྱང་སྒྲོག་དང་བརྙན་འཕྲིན་གྱི་བྱ་བ་སྒྲུབ་མཁན་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་སྒོས་སྒྲིག་གཏོང་སྐྲུན་བཟོའི་ཆུ་ཚད་མཐོར་འདེགས་དང་། ལེ་ཚན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ།
རང་སྐྱོང་ཁུལ་གྱིས་གློག་བརྙན་དང་བརྙན་འཕྲིན་གྱི་བརྩམས་ཆོས་དང་སྒྲ་བརྙན་བསྐྲུན་རྫས་བཅས་ཀྱི་ཐད་བོད་ཀྱི་སྐད་ཡིག་སྤྱད་ནས་སྒྲིག་བཟོ་དང་། སྒྱུར་སྐྲུན། སྒྲ་སྦྱོར། པར་སྐྲུན་འགྲེམ་སྤེལ། མཚམས་སྦྱོར་དང་ཁྱབ་སྤེལ་བཅས་བྱེད་པའི་བྱ་བར་ཤུགས་སྣོན་བྱ་རྒྱུ།
རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་ཡིག་གི་བརྡ་འཕྲིན་བརྗེ་རེས་བྱ་བ་དང་བོད་ཡིག་གི་དྲྭ་ཚིགས་འཛུགས་སྐྲུན་བྱེད་པར་ཤུགས་སྣོན་བྱ་རྒྱུ།
དོན་ཚན་སོ་གཅིག་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱིས་བོད་ཡིག་གི་ཚགས་པར་དང་དུས་དེབ་ཐམ་ཉོ་བྱེད་པར་ཤུགས་སྣོན་རྒྱུ། སྦྲག་སྲིད་སྡེ་ཁག་དང་ཞིན་ཧྭ་དཔེ་ཚོང་ཁང་གིས་བོད་ཡིག་གི་དཔེ་དེབ་དང་། ཚགས་པར། དུས་དེབ་བཅས་འཚོང་པ་དང་འགྲེམ་སྤེལ། ཡིག་སྐྱེལ་བཅས་ཀྱི་བྱ་བ་ལེགས་སྒྲུབ་བྱ་རྒྱུ།
ཁུལ་ཁོངས་ཀྱི་རིམ་པ་སོ་སོའི་དཔེ་མཛོད་ཁང་དང་བོད་ཡིག་སློབ་གྲྭས་བོད་གི་དཔེ་དེབ་གསོག་ཉར་གྱི་རིགས་སྣ་དང་ཁྱབ་ཁོངས་འཐུས་ཚང་དང་ཇེ་མང་དུ་གཏོང་རྒྱུ།
ལེའུ་ལྔ་བ། བོད་ཀྱི་སྐད་ཡིག་ཞིབ་འཇུག་དང་སྲུང་སྐྱོབ།
དོན་ཚན་སོ་གཉིས་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་གི་ཚན་རིག་ཞིབ་འཇུག་བྱ་བར་ཤུགས་སྣོན་བརྒྱབ་སྟེ། ཧུར་བརྩོན་སྒོས་བོད་ཀྱི་སྐད་ཡིག་གི་རྨང་གཞིའི་ཞིབ་འཇུག་དང་དེང་རབས་ཀྱི་བོད་ཀྱི་སྐད་ཡིག་གི་མིང་བརྡ་གསར་བ་དང་བརྡ་ཆད་གསར་བ། ཚན་རིག་ལག་རྩལ་གྱི་བཀོད་སྤྱོད་སྐད་ཆའི་བརྡ་ཆད་ཚན་རིག་ཞིབ་འཇུག་དར་སྤེལ་བྱ་རྒྱུ་དང་། ཚན་ཞིབ་འཆར་འགོད་འཐེན་པ་དང་ཚན་ཞིབ་གྲུབ་འབྲས་དང་ཆེད་ཕན་ལག་རྩལ་ཁྱབ་སྤེལ་དང་ཡང་ན་དེར་བྱ་དགའ་གནང་རྒྱུ།
དོན་ཚན་སོ་གསུམ་པ། རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་ཡོངས་བསྒྲགས་བྱས་པའི་བོད་ཀྱི་སྐད་ཡིག་གི་ཚན་ཞིབ་གྲུབ་འབྲས་དང་། ཆེད་ཕན་དང་ཚན་ལྡན་མིང་བརྡ། མིང་མཚན་སོགས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་མི་དམངས་ཚོགས་པ། སློབ་གྲྭ ཁེ་དོན་ལས་ལས་ཁུངས་བཅས་ཚང་མས་དེ་ལྟར་བཀོད་སྤྱོད་བྱ་རྒྱུ།
དོན་ཚན་བཞི་བ། རང་སྐྱོང་ཁུལ་གྱིས་བོད་ཡིག་གི་དཔེ་རྙིང་ཁུངས་ཡིག་དང་དཔེ་དེབ་ཀྱི་དཔྱད་གཞིའི་མཛོད་ཁང་གསར་འཛུགས་དང་།བོད་ཡིག་དཔེ་རྙིང་རྩ་ཆེན་དང་དཔེ་བཀོན། ཆིག་དཔེ་མ་སོགས་འཚོལ་སྡུད་དང་ལེགས་སྒྲིག་དཔེ་སྐྲུན་བཅས་ཀྱི་བྱ་བ་དར་སྤེལ་དང་། ས་བུན་དཔེ་རྙིང་ཁུངས་ཡིག་དང་ཡང་ན་དཔེ་རྙིང་རིག་རྫས་སོགས་ལོ་རྒྱུས་རིག་གནས་ཤུལ་བཞག་དང་དངོས་པོ་མིན་པའི་རིག་གནས་ཤུལ་བཞག་རྩ་ཆེན་ལ་མྱུར་སྐྱོབ་དང་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ།
རང་སྐྱོང་ཁུལ་རིམ་པ་སོ་སོའི་ཚགས་ཡིག་སྡེ་ཁག་གིས་བོད་ཡིག་གི་ཚགས་ཡིག་འཚོལ་སྡུད་དང་། ལེགས་སྒྲིག སྲུང་སྐྱོབ། དེབ་སྒྲིལ། ཚགས་འཇུག་བཅས་ཀྱི་བྱ་བར་མཐོང་ཆེན་བྱ་རྒྱུ།
དོན་ཚན་ལྔ་བ། རང་སྐྱོང་ཁུལ་གྱིས་ཧུར་བརྩོན་སྒོས་ས་གནས་ཀྱི་རིག་གནས་ལོ་རྒྱུས་དཔྱད་གཞི་དང་ལོ་རྒྱུས་སྙན་ངག་«གེ་སར»སོགས་དམངས་ཁྲོད་ཀྱི་ངག་ཐོག་གི་སྲོལ་རྒྱུན་རིག་གནས་མྱུར་སྐྱོབ་དང་། འཚོལ་སྡུད། ལེགས་སྒྲིག་ལོ་ཙྰ། དཔེ་སྐྲུན། ཞིབ་འཇུག་སྲུང་སྐྱོབ་བཅས་བྱེད་པའི་བྱ་བ་དར་སྤེལ་བྱ་རྒྱུ།
དོན་ཚན་སོ་དྲུག་པ། རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་ཡིག་གི་བྱ་དགའི་ཐེངས་དངུལ་གསར་འཛུགས་བྱས་ཏེ། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་ཐད་གྲུབ་འབྲས་མངོན་གསལ་ཐོབ་པའི་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་དང་བྱ་དགའ་གནང་རྒྱུ། བོད་སྐད་ཡིག་གི་ལོ་ཙྰ་དང་། སློབ་ཁྲིད། རིག་གཞུང་ཞིབ་འཇུག་རྩོམ་རིག་དང་སྒྱུ་རྩལ་གསར་རྩོམ། འཁྲབ་སྟོན་ལ་སོགས་པའི་ཁྱབ་ཁོངས་སུ་བྱས་རྗེས་འབུར་དུ་ཐོན་པའི་ཐུན་མོང་དང་མི་སྒེར་ལ་བྱ་དགའ་གནང་རྒྱུ།
ལེའུ་དྲུག་པ། བོད་ཀྱི་སྐད་ཡིག་བྱ་བའི་དཔུང་སྡེའི་འཛུགས་སྐྲུན།
དོན་ཚན་སོ་བདུན་པ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་དང་དེའི་སློབ་གསོ་དང་མི་དོན་སོགས་འབྲེལ་ཡོད་སྡེ་ཁག་གིས་བོད་ཀྱི་སྐད་ཡིག་བྱ་བའི་དཔུང་སྡེའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱ་རྒྱུ་དང་། བྱེད་ཐབས་སྣ་མང་བདེ་སྐྱིད་དེ། ཧུར་བརྩོན་སྒོས་བོད་ཀྱི་སྐད་ཡིག་གི་གསར་འགོད་པ་དང་། དྲུག་ཡིག་རྩོམ་སྒྲིག་པ། རྩོམ་པ་པོ་བཅས་དང་། སློབ་ཁྲིད་དང་ལོ་ཙྰ། ཚན་ཞིབ་སོགས་ཁྱབ་ཁོངས་ཀྱི་ཆེད་ལས་ལག་རྩལ་གྱི་ཤེས་ལྡན་མི་སྣ་དང་དོ་དམ་མི་སྣ་སྐྱེད་བསྲིང་བྱ་རྒྱུ།
དོན་ཚན་སོ་བརྒྱད་པ། རང་སྐྱོང་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་བོད་ཀྱི་སྐད་ཡིག་གི་བྱ་བ་སྒྲུབ་མཁན་ལ་དོ་དམ་བྱེད་པར་ཤུགས་སྣོན་བྱས་ཏེ། འཆར་གཞི་ལྡན་པའི་སྒོ་ནས་ལས་སྒོའི་དཔྱད་ཞིབ་དང་། རིམ་པ་འཕར་བ། འགན་ཐོབ་ཀྱི་མིང་གྲོས་གཅོད་སོགས་ཀྱི་བྱ་བ་བསྒྲུབ་རྒྱུ་དང་། འཆར་གཞི་ལྡན་པའི་སྒོ་ནས་བོད་ཀྱི་སྐད་ཡིག་གི་བྱ་བ་སྒྲུབ་མཁན་དག་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གྲྭ་ཆེན་མོ་དང་ཞིབ་འཇུག་སྡེ་ཁག་ཏུ་ལས་སྒོ་ཟབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་བྱེད་པར་འདེགས་མངགས་བྱས་ཏེ། ཁོ་ཚོའི་ལས་སྒོའི་བྱང་ཚད་མཐོར་འདེགས་དང་རྒྱུན་མི་ཆད་པར་ཤེས་ཡོན་གསར་སྒྱུར་བྱ་རྒྱུ།
དོན་ཚན་སོ་དགུ་བ། རང་སྐྱོང་ཁུལ་གྱིས་བོད་ཀྱི་སྐད་ཡིག་གིས་རྩིས་རིག་དང་། དངོས་ཁམས། རྫས་འགྱུར། སྐྱེ་དངོས། ས་རྒྱུས་སོགས་སློབ་ཚན་སློབ་ཁྲིད་བྱེད་པའི་དགེ་རྒན་གྱི་དཔུང་སྡེར་མཐོང་ཆེན་དང་དེ་བརྟན་ཆགས་སུ་གཏོང་རྒྱུ་དང་། བོད་ཀྱི་སྐད་ཡིག་ལ་བྱང་ཆ་ཐོན་པའི་ངང་ནས་གོང་གསལ་སློབ་ཚན་སློབ་ཁྲིད་བྱེད་ཐུབ་པ་མ་ཟད། གྲུབ་འབྲས་ཁྱད་དུ་འཕགས་པའི་དགེ་རྒན་ལ་གཟེངས་བསྟོད་དང་བྱ་དགའ་རྒྱུ།
ལེའུ་བདུན་པ། བཅའ་ཁྲིམས་ཀྱི་འགན་འཁྲི།
དོན་ཚན་བཞི་བཅུ་བ། རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ས་གནས་ཀྱི་རྒྱལ་ཁབ་ལས་ཁུངས་ཀྱི་ལས་བྱེད་མི་སྣས་འགན་ལག་བསྟར་བྱེད་སྐབས། བོད་ཀྱི་སྐད་ཡིག་བཀོལ་སྤྱོད་བྱེད་དགོས་རུང་བཀོད་སྤྱོད་མ་བྱས་པ་དང་། ཡང་ན་སྤྱི་དམངས་དང་། ཁྲིམས་མི། དེ་མིན་རྩ་འཛུགས་གཞན་དག་ལ་བོད་ཀྱི་སྐད་ཡིག་ཁྲིམས་ལྟར་བཀོད་སྤྱོད་བྱེད་པར་བར་བགེགས་བྱས་ཚེ། རང་སྐྱོང་ཁུལ་དང་རྫོང་སོ་སོའི་བོད་ཀྱི་སྐད་ཡིག་དོ་དམ་སྡེ་ཁག་གིས་ཡོ་བསྲང་བྱ་རྒྱུའི་བཀའ་འབེབ་དགོས་པ་དང་། བཀའ་སྡོམ་ཡོ་བསྲང་མི་བྱེད་པར་རྗེས་འབྲས་ཚབས་ཆེན་བྱུང་དུ་བཅུག་ཚེ། ཁུལ་དང་རྫོང་གི་མི་དམངས་སྲིད་གཞུང་དང་ཡང་ན་ཁྲིམས་འཛིན་སྡེ་ཁག་གིས་དེའི་སྲིད་འཛིན་དང་བཅའ་ཁྲིམས་ཀྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ།
དོན་ཚན་ཞེ་གཅིག་པ། སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་ཁེལ་དང་འགལ་པའི་སྤྱི་དམངས་དང་། ཁྲིམས་མི། དེ་མིན་རྩ་འཛུགས་གཞན་དག་ལ་རང་སྐྱོང་ཁུལ་དང་རྫོང་སོ་སོའི་བོད་ཀྱི་སྐད་ཡིག་དོ་དམ་སྡེ་ཁག་གིས་ཞིབ་བཤེར་དང་ལྟ་སྐུལ་བྱས་ཏེ། དུས་བཅད་ལས་ཡོལ་རུང་ཡོ་བསྲང་མ་བྱས་ཚེ། ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ། སྲོལ་ཡིག་འདིའི་ལེའུ་བཞི་བའི་དོན་ཚན་ཉེར་ལྔ་བའི་ཚན་པ་གཉིས་པའི་གཏན་ཁེལ་དང་འགལ་ཚེ། དུས་མཚུངས་སུ་ཚད་ལྡན་མིན་པའི་སྒོ་བྱང་དེའམ་མར་ལེན་ཆོག
དོན་ཚན་ཞེ་གཉིས་པ། ཁུལ་དང་རྫོང་གི་བོད་ཀྱི་སྐད་ཡིག་དོ་དམ་སྡེ་ཁག་གི་ལས་བྱེད་མི་སྣས་ལྟ་སྐུལ་དང་དོ་དམ་གྱི་འགན་འཁྲི་ཁྲིམས་ལྟར་ལག་བསྟར་མ་བྱས་པས་རྗེས་འབྲས་ཚབས་ཆེན་བཟོས་ཡོད་ཚེ། ཁུལ་དང་རྫོང་གི་མི་དམངས་སྲིད་གཞུང་གིས་དེའི་གཙོ་འགན་མི་སྣ་དང་ཐད་ཀའི་འགན་ཁུར་མི་སྣར་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་རྒྱུ།
དོན་ཚན་ཞེ་གསུམ་པ། དོ་བདག་པས་སྲིད་འཛིན་གྱི་ཆད་གཅོད་ཐག་བཅད་པ་བརྩི་སྲུང་མི་བྱེད་ཚེ། ཁྲིམས་ལྟར་སྲིད་འཛིན་གྱི་སྐྱར་གྲོས་དང་ཡང་ན་སྲིད་འཛིན་གྱི་གཏུག་བཤེར་བྱེད་པའི་རེ་བ་ཞུ་ཆོག