བོད་སྐད་ཡིག་ལ་ཡིད་ཆེས་མི་བྱེད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་སློབ་གསོ་ལས་ཁུངས་ལ་དགག་པ།

 

ཉེ་ཆར་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་སློབ་གསོ་ལས་ཁུངས་ཀྱིས་རྫོང་སློབ་གསོ་ལས་ཁུངས་སོ་སོར་རྒྱ་ཡིག་གི་ཐོག་གཞུང་འབྲེལ་ཡིག་ཆ་ཨང་ ༢༠༡ འཁོད་པའི་བརྡ་ཐོ་ཞིག་བཀྲམ་པ་དེའི་ནང་། ༢༠༡༩་ལོའི་སྟོན་ཁའི་སློབ་དུས་གསར་པ་འགོ་བཙུགས་པ་ནས་བཟུང་མགོ་ལོག་ཁུལ་གྱི་ཁོངས་གཏོགས་རྫོང་དང་ཡུལ་ཚོའི་སོ་སོའི་སློབ་ཆུང་ལོ་རིམ་དང་པོའི་ནང་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ཞེས་པ་ལག་བསྟར་བྱ་དགོས་པ་དང་། དེའང་སློབ་གསོའི་ཐབས་ལམ་རིགས་གཉིས་པ་ཞེས་པ་ནི་བོད་ཀྱི་སྐད་ཡིག་གི་སློབ་ཚན་གཅིག་པུ་མ་གཏོགས་སློབ་ཚན་གཞན་ཚང་མ་རྒྱ་ཡིག་ནང་སློབ་ཁྲིད་བྱ་རྒྱུའི་སློབ་གསོའི་ཐབས་ལམ་དེར་གོ་དགོས་ཞེས་བཀོད་འདུག  ད་ལྟ་བར་དུ་མགོ་ལོག་ཁུལ་གཙོས་པའི་རྫོིང་ཁག་སོ་སོའི་ནང་གི་སློབ་ཆུང་ཁག་གི་ནང་རྒྱའི་སྐད་ཡིག་གི་སློབ་ཚན་གཅིག་མ་གཏོགས་གཞན་རྩིས་རིག་དང་དབྱིབས་རྩིས། དངོས་ལུགས་དང་ལོ་རྒྱུས་སོགས་བསླབ་གཞི་གཞན་རྣམས་བོད་སྐད་ཡིག་ནང་སློབ་འཁྲིད་བྱེད་ཀྱི་ཡོད་ཅིང་། མགོ་ལོག་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་་ད་ཆ་སློབ་ཚན་ཡོངས་རྫོགས་རྒྱ་ཡིག་ནང་སློབ་ཁྲིད་བྱ་རྒྱུ་འདི་ནི་ཁྲིམས་ལུགས་ཀྱི་ངོས་ཐད་ནས་བཤད་ན་ནོར་འཁྲུལ་ཧ་ཅང་གི་ཆེན་པོ་ཞིག་ཡིན།

སློབ་ཆུང་གི་འཛིན་གྲྭ་ནས་བཟུང་གྲངས་ཉུང་མི་རིགས་རང་གི་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་པ་དེ་ནི་མི་རིགས་ས་གནས་རང་སྐྱོང་ཁྲིམས་ཀྱི་རྩ་དོན་ཞིག་ཡིན། ཁྲིམས་དེའི་དོན་ཚན་ ༣༧ ་གྱི་ཚན་པ་གསུམ་པ་རུ། གྲངས་ཉུང་མི་རིགས་ཀྱི་སློབ་མ་གཙོ་བོར་བྱས་པའི་སློབ་གྲྭ་དང་འཛིན་གྲྭ་ནས་ཆ་རྐྱེན་ལྡན་ན་ངེས་པར་དུ་གྲངས་ཉུང་མི་རིགས་དེའི་སྐད་ཡིག་གི་སློབ་དེབ་བཀོལ་སྤྱོད་བྱས་ཏེ་དེའི་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་ཤིང་། སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་ཆུང་གི་དམའ་རིམ་དང་། ཡང་ན། མཐོ་རིམ་འཛིན་གྲྭའི་ཁྲིད་གཞིའི་ནང་དུ་རྒྱའི་སྐད་ཡིག་གི་བསླབ་བྱ་དང་སློབ་ཚན་བཞག་སྟེ་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་དར་སྤེལ་བྱེད་དགོས། ཞེས་གཏན་དབབ་བྱས་ཡོད་པ་དང་། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་༢༠༠༩་ལོར་འཕར་བཅོས་བྱས་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་གི་དོན་ཚན་ ༡༡ ་ལས། མགོ་ལོག་རང་སྐྱོང་ཁུལ་ནང་གི་བོད་ཡིག་སློབ་གྲྭ་ཆུང་འབྲིང་ནང་གི་ཁྲིད་གཞི་དང་སློབ་ཁྲིད་ཡོངས་རྫོགས་བོད་སྐད་ཡིག་གཙོ་བོ་བྱས་ཏེ་སློབ་ཁྲིད་བྱེད་དགོས་ཤིང་། རྒྱ་རིགས་ཀྱི་སྐད་ཡིག་གི་སློབ་ཚན་ཡང་དུས་མཉམ་དུ་སྤེལ་དགོས། མི་རིགས་སློབ་གྲྭ་ཆུང་འབྲིང་དང་རྒྱའི་སྐད་ཡིག་གཙོ་བོར་བྱས་པའི་སློབ་གྲྭ་ཆུང་འབྲིང་ནས་བོད་སྐད་ཡིག་གི་སློབ་ཚན་དུས་མཉམ་དུ་འཛུགས་དགོས་ཞེས་པའི་གཏན་འཁེལ་ལྟར་ན། མགོ་ལོག་སློབ་གསོ་ལས་ཁུངས་དང་གཅིག་སྒྲིལ་རྫོང་སློབ་གསོ་ལས་ཁུངས་ཀྱིས་སློབ་ཆུང་ནས་བོད་སྐད་ཡིག་གི་ཁྲིད་གཞི་ཐམས་ཅད་རྒྱ་བསྒྱུར་བྱེད་པའི་ཡིག་ཆ་འདི་རྒྱལ་ཁབ་ཀྱི་ཁྲིམས་ལ་འགལ་ཡོད་པ་མ་ཟད། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཟོས་པའི་ས་གནས་རང་སྐྱོང་ཁྲིམས་སྲོལ་ལ་ཡང་འགལ། མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྐད་ཡིག་གི་ལས་དོན་སྲོལ་ཡིག་ནི་༢༠༠༩་ལོར་མགོ་ལོག་ཁུལ་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མི་ཚོགས་ཆེན་སྟེང་འཕར་བཅོས་ཀྱི་གྲོས་ཆོད་བྱུང་སྟེ་ལོ་དེའི་ཟླ་དགུ་པའི་ནང་སྐབས་བཅུ་གཅིག་པའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་པའི་སྟེང་ནས་ཆོག་མཆན་ཐོབ་པའི་ས་གནས་ཁྲིམས་སྲོལ་ཞིག་ཡིན་པས། སྲོལ་ཡིག་དེ་མགོ་ལོག་ཁུལ་མི་དམངས་སྲིད་གཞུང་གིས་འགོ་ཁྲིད་ནས་ལག་བསྟར་དང་བརྩི་བཀུར་བྱེད་དགོས་པའི་ཁྲིམས་སུ་ཆགས། ད་ལན། རྒྱལ་ཁབ་དབུས་གཞུང་གོང་འོག་གིས་ཁྲིམས་ལྟར་ཆབ་སྲིད་འཛིན་སྐྱོང་བྱེད་དགོས་ཞེས་པའི་བཀའ་ལུང་ས་བསྒྲགས་གནམ་བསྒྲགས་ བྱེད་བཞིན་པའི་དུས་འདིར། མགོ་ལོག་ཁུལ་སློབ་གསོ་ཅུའུ་དང་གཅིག་སྒྲིལ་རྫོང་སློབ་གསོ་ཅུའུ་ཡིས་་ཁྲིམས་སྐྱོང་གི་ཁ་ཕྱོགས་དེ་རྣ་ལྟག་གི་རླུང་ལྟར་བཞག་སྟེ་རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་ཁྲིམས་ནི་གད་སྙིགས་ལྟར་དོར། མགོ་ལོག་གི་བོད་སྐད་ཡིག་ལས་དོན་སྲོལ་ཡིག་ནི་མཆིལ་མ་ལྟར་གཡུགས་ནས་མངོན་སུམ་འཛེམ་མེད་ངང་ཁྲིམས་འགལ་གྱི་ཡིག་ཆ་གཏན་འཁེལ་བྱས་ཏེ་བོད་སྐད་ཡིག་དགོས་མེད་ཀྱི་ཚོད་འཛིན་དང་ཚར་གཅོད་བྱེད་པ་ནི་ཆབ་སྲིད་ཁ་ཕྱོགས་འཆུགས་པའི་ནོར་འཁྲུལ་ཆེན་པོ་ཞིག་ཡིན་པ་གོར་མ་ཆག སྤྱིར་ན་བོད་ཁུལ་གྱི་སློབ་གསོ་ལས་ཁུངས་མང་པོ་ལ་གཤིན་རྗེ་ཆོས་རྒྱལ་ཐུག་ན་ཞྭ་མི་ཕུད། ཤཱཀྱ་ཐུབ་པ་རིག་ན་ཕྱག་མི་འཚལ་ཟེར་བའི་ཁྲིམས་བཤིག་གི་སྤོབས་པ་དང་གཤིས་ངན་ལྡན་པ་ཡོངས་གྲགས་ཡིན། ནད་གཞི་དེ་དག་གི་འབྱུང་རྩ་ནི་ཁོང་ཚོས་དུས་རྒྱུན་དུ་ཁྲིམས་ལ་མཐོང་ཆུང་དང་ཁྱད་གསོད་ བྱས་ཤིང་གཞན་གྱིས་ཁོང་ཚོར་མི་རིགས་རང་སྐྱོང་གི་ཁྲིམས་བཟུང་སྟེ་ནན་གྱིས་བཀག་འགོག་མ་བྱས་པར་ངན་ལངས་སུ་སོང་བའི་་ཉེར་ལེན་དེ་ཡིན། རྒྱལ་ཁབ་དང་ཆབ་སྲིད་ཁྲིམས་ལྟར་སྐྱོང་བའི་དུང་སྒྲ་འབྲུག་སྒྲ་ལྟར་ལྡིར་བ་དེ་ལ་འཇིགས་ཤིང་ཞེད་པའི་དབང་གིས་དེང་སྐབས་སློབ་གསོ་ལས་ཁུངས་ཕལ་ཆེ་བས་མངོན་གསལ་དོད་པོས་ཁྲིམས་འགལ་གྱི་ཡིག་ཆ་གཏན་འབེབས་བྱེད་པར་སྐྲག་ནས་ཇེ་ཉུང་དུ་གཏོང་བཞིན་ཡོད། འོན་ཀྱང་། མགོ་ལོག་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་རིག་གནས་སུ་གྲུབ་པར་ཁས་ལེན་པའི་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ཁྲིམས་བཟོ་ཡི་དབང་ཐང་ལས་བརྒལ་ནས་ཡིག་ཆ་ཕབ་ཟོལ་ལ་བལྟས་ན། ཁོང་ཚོས་རྒྱལ་ཁབ་དང་ཆབ་སྲིད་ཁྲིམས་ལྟར་སྐྱོང་དགོས་པའི་དུང་སྒྲ་དེ་ཐོས་མེད་པ་འདྲ། མར་ཀོག་སྣུམ་གྱིས་མི་ཐུལ། དཔོན་དྲེད་ཁྲིམས་ཀྱིས་མི་ཐུལ། མགོ་ལོག་གི་བོད་སྐད་ཡིག་གི་རང་སྐྱོང་སྲོལ་ཡིག་དང་། མགོ་ལོག་ཁུལ་གྱི་སྤྱི་དམངས་ཀྱི་སྐད་ཡིག་ཐོབ་ཐང་ལ་མཐོང་ཆུང་དང་རྡོག་རོལ་བྱས་པའི་ཤུགས་ན། མགོ་ལོག་སྲིད་གཞུང་དང་ སློབ་གསོ་ལས་ཁུངས་ལ་བོད་ཀྱི་སྐད་ཡིག་འདུས་པའི་རང་གི་རིག་གནས་ལ་ཡིད་ཆེས་མེད་པ་དང་། རྩ་ཁྲིམས་ཀྱིས་གཏན་དབབ་བྱས་པའི་མི་རིགས་ས་གནས་རང་སྐྱོང་གི་ལམ་ལུགས་ལ་ཡིད་ཆེས་མེད་པ། མི་རིགས་འཆམ་མཐུན་དང་མི་རིགས་འདྲ་མཉམ་གྱིས་མཚོན་པའི་སྤྱི་ཚོགས་རིང་ལུགས་ཀྱི་གཞུང་ལུགས་དང་སྒྲོམ་གཞི་ལ་ཡིད་ཆེས་མེད་པའི་རང་མཚང་མངོན་པས་མི་ཚད། གཙོ་འཛིན་ཞི་ཅིན་ཕུན་གྱིས་ཡིད་ཆེས་བཞི་གཟེངས་སུ་བསྟོད་ནས་ལག་བསྟར་བྱེད་དགོས་པའི་ལམ་སྟོན་ལ་ཀུན་ནས་རྨོངས་པའི་བླུན་རྟགས་ཀྱང་བསྟན། གཙོ་འཛིན་གྱིས་ཡིད་ཆེས་བྱེད་དགོས་ས་བཞི་(四个自信)ཡི་ནང་དུ། རང་གི་རིག་གནས་ལ་ཡིད་ཆེས་བྱེད་པ་ནི་ཡིད་ཆེས་ཀུན་གྱི་གཞི་ཡིན་ཞེས་བཤད་ཡོད། “文化自信,是更基础、更广泛、更深厚的自信”。(习近平语) མི་རིགས་རང་སྐྱོང་ས་ཁུལ་གྱི་སློབ་གསོ་ལས་ཁུངས་ཀྱིས་རང་སྐྱོང་བྱེད་པའི་མི་རིགས་དེའི་སྐད་ཡིག་ལ་ཡིད་ཆེས་དང་དར་སྤེལ་མི་བྱེད་ན་མི་རིགས་རང་སྐྱོང་གི་ལམ་ལུགས་དེ་ཅིའི་ཕྱིར་གཏན་དབབ་བྱེད་དགོས་པ་རེད། མི་རིགས་རང་སྐྱོང་གི་ལམ་ལུགས་རྒྱུན་འཛིན་ཡང་དག་པར་མི་བྱེད་ན་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ཅིའི་ཕྱིར་འཇུག་དགོས་པ་རེད། མགོ་ལོག་སློབ་གསོ་ལས་ཁུངས་ཀྱི་ཡིག་ཆ་འདི་ནི་ཆེ་ས་ནས་བཤད་ན་རྡ་མི་ནོར་ཤོ་གམ་གྱི་ཤན་ཤུགས་(多米诺骨牌效应)ཡིན་པས། དེས་རྐྱེན་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སློབ་གསོ་ལམ་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་སོགས་རྦད་དེ་བསྒྱུར་ཐུབ་པའི་ཉེན་ཁ་ལྡན་པ་དེ་ གཞུང་དམངས་གཉིས་ཀྱིས་བཏང་སྙོམས་སུ་མི་འཇོག་པར་འཕྲལ་དུ་བཀག་འགོག་དང་ཐེར་འདོན་བྱེད་རེ་རན། ལྷག་པར་དུ་མགོ་ལོག་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་གིས་རང་གི་མངའ་འོག་གི་ལས་ཁུངས་ཀྱིས་མགོ་ལོག་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཅས་པའི་ཁྲིམས་སྲོལ་རྩ་གཏོར་བྱེད་པའི་ལས་ཀའི་རིགས་ཐེར་འདོན་དང་གཙང་སེལ་བྱེད་དགོས་པར་མཐོང་། དེ་ལྟར་མ་བྱས་ན་མགོ་ལོག་ཁུལ་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཤིག་གིས་མགོ་ལོག་་མི་དམངས་ཀྱི་མངོན་འདོད་མཚོན་བྱེད་ཀྱི་ཁྲིམས་བཟོ་ལྷན་ཁང་གི་མགོ་འཕང་སྨད་པ་རེད་ལ། མགོ་ལོག་ཁུལ་གྱི་ཆབ་སྲིད་འཛིན་སྐྱོང་གི་ཁོར་ཡུག་བཟང་པོ་ལ་དེའི་སློབ་གསོ་ལས་ཁུངས་ཀྱི་ཁྲིམས་བཤིག་གི་བྱ་སྤྱོད་དང་ནོར་འཁྲུལ་གྱིས་བརྫད་པའི་ལས་ཞིག་ཀྱང་རེད། ཕྱོགས་གང་ནས་བལྟས་ཡོང་ན། མགོ་ལོག་སློབ་གསོ་ལས་ཁུངས་ཀྱི་དམིགས་ཡུལ་ནི་གོང་རིམ་སློབ་གསོ་ལས་ཁུངས་ཀྱི་རོགས་དངུལ་ལོག་སྤྱོད་བྱས་ཏེ་བོད་སྐད་ཡིག་གི་སློབ་གསོ་རྩ་མེད་དུ་བཏང་ནས་མགོ་ལོག་ནས་བོད་རིགས་རང་སྐྱོང་ཟེར་བ་ཞིག་ཤུལ་ཙམ་ཡང་མེད་པར་བཟོ་འཆར་བྱེད་ཀྱིན་ཡོད་པ་འདྲ། དེའི་ཕྱིར་ཁྲིམས་ཀྱི་ཁ་ལོ་འཛིན་མཁན་མགོ་ལོག་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་དང་རྒྱུན་ལས་ལྷན་ཁང་གིས་ཁྲིམས་འགལ་གྱི་ལས་རིགས་འདི་དག་གི་མགོ་བོ་ངེས་པར་དུ་གནོན་དགོས། མ་མནན་ན་སླད་ཆད་མགོ་ལོག་མི་དམངས་ཀྱིས་ཁྱེད་ཅག་གིས་བཅས་པའི་ཁྲིམས་དང་སྲོལ་ཡིག་ལ་ཡིད་ཆེས་དང་ལག་ལེན་བྱེད་དཀའ་བར་འགྱུར་རོ།། དེ་བཞིན་དུ་མགོ་ལོག་སློབ་གསོ་ལས་ཁུངས་ཀྱིས་ཀྱང་སློབ་གསོ་དང་འབྲེལ་བ་ཡོད་པའི་ལས་དོན་ཐམས་ཅད་སློབ་གསོ་ལས་ཁུངས་ཀྱི་དབང་འོག་གི་ལས་དོན་ཁོ་ན་ཡིན་སྙམ་པའི་ང་རྒྱལ་དང་ལོག་ལྟ་དོར་ནས། སློབ་གསོའི་སྐོར་གྱི་ལས་འཆར་སྤེལ་ན་ཐོག་མར་ཁྲིམས་དང་མཐུན་མིན་ལ་དཔྱད། དེ་ནས་མགོ་ལོག་གི་སྲོལ་ཡིག་དང་འཚམ་མིན་ལ་ལྟོས། མཐའ་མར་མགོ་ལོག་མི་དམངས་དང་རྒྱལ་ཁབ་ལ་ཕན་པ་ཡོད་མེད་ཀྱི་ཚད་གཞལ། ཡང་མཐར་རང་ཉིད་ལ་དེ་འདྲའི་ལས་འཆར་སྤེལ་བའི་དབང་ཚད་ཡོད་མེད་བཅས་ལ་བརྟག་པའི་རྗེས་ནས་ད་གཟོད་འཇུག་ལྡོག་བྱེད་པ་གལ། དེ་ལྟར་མ་བྱས་ཚེ། འགྲོ་མ་ཤེས་རྐང་སྣེ་རྡོ་ལ་ཐོགས། བཤད་མ་ཤེས་ཚིག་སྣེ་སྐྱོན་ལ་ཐོགས་ནས་མགོ་ལོག་མི་དམངས་ཀྱི་བཀའ་ཆད་ཕོག་ཉེན་ཆེ། མགོ་ལོག་ཁུལ་ནས་བོད་སྐད་ཡིག་གི་ཁྲིད་གཞི་རྒྱ་བསྒྱུར་བྱེད་དགོས་ན་ཁྲིམས་ཀྱི་ཐབས་ལམ་ནི་ཡོད་དེ། དེ་ནི་སློབ་གསོ་ལས་ཁུངས་དང་མི་དམངས་འཐུས་མིས་མགོ་ལོག་གི་མི་དམངས་འཐུས་མི་ཚོགས་ཆེན་ལ་ཁྲིམས་འཕར་བཅོས་ཀྱི་ཁྲིམས་འཆར་བཏོན་ནས་མི་དམངས་འཐུས་མིའི་ཚོགས་ཆེན་སྟེང་ནས་་གྲོས་ཆོད་འཇོག་ཏུ་ འཇུག་པ་དང་། མགོ་ལོག་མི་དམངས་ཀྱིས་བོད་སྐད་ཡིག་མི་དགོས་བསམ་ན་ཁོང་ཚོའི་འཐུས་མིས་ཁྲིམས་འཆར་ལ་གྲོས་ཆོད་དང་མོས་མཐུན་བྱེད་ཀྱིརེད། དེའི་རྗེས་སུ་ཁྲིམས་ཡིག་དེ་ལ་བརྟེན་ནས་སློབ་གསོ་ལས་ཁུངས་ཀྱིས་དེ་ལྟར་ལག་བསྟར་བྱས་ན་ད་གཟོད་ཁྲིམས་ལྟར་སྲིད་དོན་བསྒྲུབས་པ་རེད། དེ་མ་ཡིན་པར་སློབ་གསོ་ལས་ཁུངས་ཀྱིས་ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་སྟེ་གཏན་དབབ་བྱས་ན་ནི་ཁྲིམས་ལམ་རིམ་དང་འགལ་བས་སྐྱོན་ཆེ། ཁྲིམས་སྐྱོང་གི་གེགས་དང་བར་ཆད་གཅིག་ནི་སྲིད་གཞུང་གི་ལས་ཁང་གིས་ཁྲིམས་ཀྱི་བརྒྱུད་རིམ་ལྟར་ལས་དོན་མི་སྒྲུབ་པ་དེ་ཡིན། ན་ནིང་གི་ཟླ་བཅུ་གཉིས་པའི་ནང་དུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་སྲིད་འཛིན་བཀོད་འདོམས་ཡིག་ཆའི་ཁྲིམས་མཐུན་རང་བཞིན་བརྟག་དཔྱད་ཐབས་ལམ་གྱི་མཛུབ་སྟོན་བསམ་འཆར་ 《关于全面推行行政规范性文件合法性审核机制的指导意见》 ཞེས་བྱ་བ་སྤེལ་ནས་ས་གནས་སྲིད་གཞུང་གིས་ཁྲིམས་འགལ་གྱི་ཡིག་ཆ་གཏན་འཁེལ་བྱེད་པར་བཀག་འགོག་བྱེད་ཐབས་བསྟན་པའང་མགོ་ལོག་ཁུལ་སློབ་གསོ་ལས་ཁུངས་ཀྱིས་མཚོན་པའི་་རིགས་ལ་དམིགས་པ་གཏད་པ་ཞིག་རེད། དེའི་ཕྱིར་བོད་སྐད་ཡིག་གི་ཐོབ་ཐང་ལ་དོ་སྣང་བྱེད་མཁན་རྣམས་ཀྱིས་ཁྲིམས་དང་ཡིག་ཆ་འདི་རིགས་གཞི་རྩར་བཟུང་སྟེ་མགོ་ལོག་གི་ཁྲིམས་འགལ་གྱི་སློབ་གསོའི་ཡིག་ཆ་དེ་བཟློག་དགོས།

ཡིག་ཆ་དེ་དག་བཟློག་ཐབས་ནི།

༡ མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་འཐུས་མི་རྣམས་ལ་འབྲེལ་གཏུག་བྱས་ཏེ་ཁྲིམས་འགལ་གྱི་ཡིག་ཆ་བཟོ་མཁན་མགོ་ལོག་ཁུལ་དཔོན་དང་སློབ་གསོ་ཅུའུ་ཀྲང་ལ་བཙན་འདྲི་བྱས་ཏེ་ཡིག་ཆ་ཕྱིར་འཐེན་བྱེད་དུ་འཇུག་པ་དང་། ཐད་ཀར་འགན་ཁུར་ཡོད་པའི་དཔོན་པོ་གནས་དབྱུངས་བྱེད་པར་འབོད་སྐུལ་བྱེད་དགོས།

༢ མགོ་ལོག་ཁུལ་དམངས་ཆེན་རྒྱུན་ལས་ལྷན་ཁང་ལ་ཡིག་ཆ་དེ་མགོ་ལོག་ཁུལ་གྱི་སྲོལ་ཡིག་དང་རྒྱབ་འགལ་ཡིན་པས་ཁྲིམས་ཀྱི་ནུས་པ་ཅི་གང་མེད་པའི་བཀའ་ཁྱབ་བསྒྲག་ཏུ་འཇུག་དགོས།

༣ བོད་རིགས་ཤེས་ཡོན་པ་དང་དོ་སྣང་ཅན་རྣམས་ཀྱིས་ཡིག་ཆ་དེ་ཕྱིར་འཐེན་དང་འབྲེལ་ཡོད་དཔོན་རིགས་ཀྱིས་དགོངས་དག་སེལ་མ་ཞུས་བར་དུ་སྤྱི་ཚོགས་གསར་ལམ་ནས་དོན་རྐྱེན་འདི་ས་ཁྱབ་རྡོ་ཁྱབ་ཀྱིས་བསྒྲགས་ཏེ་མགོ་ལོག་ཁུལ་སྲིད་གཞུང་དང་གཅིག་སྒྲིལ་རྫོང་མི་དམངས་སྲིད་གཞུང་ལ་ཁྲིམས་ལུགས་གོ་རྟོགས་སྤེལ་ནས་གནོན་ཤུགས་རབས་དང་རིམ་པ་སྤྲོད་པ།

ཁྲིམས་ཡིག

མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་༣༧་པའི་ཚན་པ་༣་པ།

གྲངས་ཉུང་མི་རིགས་ཀྱི་སློབ་མ་བསྡུ་བའི་སློབ་གྲྭ་དང་འཛིན་གྲྭའམ་སློབ་གསོ་ལས་ཁང་གཞན་དག་ཏུ། ཆ་རྐྱེན་ལྡན་ན་ངེས་པར་དུ་གྲངས་ཉུང་མི་རིགས་སྐད་ཡིག་གི་སློབ་དེབ་བཀོལ་སྤྱོད་བྱས་ཏེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས། སོ་སོའི་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་སློབ་ཆུང་གི་དམའ་རིམ་དང་ཡང་ན་མཐོ་རིམ་འཛིན་གྲྭའི་ཁྲིད་གཞིའི་ནང་དུ་རྒྱའི་སྐད་ཡིག་གི་བསླབ་བྱ་དང་སློབ་ཚན་བཞག་སྟེ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་རིགས་དང་ཚད་གཞི་ཡི་གེ་དར་སྤེལ་བྱེད་དགོས།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་བོད་སྐད་ཡིག་ལས་དོན་གྱི་སྲོལ་ཡིག་གི་དོན་ཚན་༡༡་པ།

མགོ་ལོག་རང་སྐྱོང་ཁུལ་ནང་གི་བོད་ཡིག་སློབ་གྲྭ་ཆུང་འབྲིང་ནང་གི་ཁྲིད་གཞི་དང་སློབ་ཁྲིད་ཡོངས་རྫོགས་བོད་སྐད་ཡིག་གཙོ་བོ་བྱས་ཏེ་སློབ་ཁྲིད་བྱེད་དགོས་ཤིང་རྒྱ་རིགས་ཀྱི་སྐད་ཡིག་གི་སློབ་ཚན་ཡང་དུས་མཉམ་དུ་སྤེལ་དགོས། མི་རིགས་སློབ་གྲྭ་ཆུང་འབྲིང་དང་རྒྱའི་སྐད་ཡིག་གཙོ་བོ་བྱས་པའི་སློབ་གྲྭ་ཆུང་འབྲིང་ནས་བོད་སྐད་ཡིག་གི་སློབ་ཚན་དུས་མཉམ་དུ་འཛུགས་དགོས་པའི་དུས་མཚུངས་སུ། བོད་སྐད་ཡིག་གཙོ་བོ་བྱས་ཏེ་སློབ་ཁྲིད་བྱེད་པའི་སྐད་གཉིས་འཛིན་གྲྭ་བཙུགས་ཏེ་སློབ་མ་རྣམས་ཀྱིས་རྒྱ་བོད་སྐད་ཡིག་ལ་སློབ་སྦྱོང་བྱེད་དུ་བཅུག་ཆོག

རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཕྱོགས་ཡོངས་ནས་སྲིད་འཛིན་བཀོད་འདོམས་ཡིག་ཆའི་ཁྲིམས་མཐུན་རང་བཞིན་བརྟག་དཔྱད་ཐབས་ལམ་ཀྱི་མཛུབ་སྟོན་བསམ་འཆར། (ཡོངས་རྫོགས།)

相关法律和文件

《中华人民共和国民族区域自治法》第三十七条第三款:招收少数民族学生为主的学校(班级)和其他教育机构,有条件的应当采用少数民族文字的课本,并用少数民族语言讲课;根据情况从小学低年级或者高年级起开设汉语文课程,推广全国通用的普通话和规范汉字。  

《果洛藏族自治州藏语言文字工作条例》第十一条第一款: 自治州内各藏文中、小学校的教材、教学用语均以藏语文为主,同时开设汉语文课;民族中、小学校以汉语文教学为主,同时加授藏语文课,并根据需要可设立以藏语文授课为主的双语教学班,使学生掌握藏汉两种语言文字。

国务院《关于全面推行行政规范性文件合法性审核机制的指导意见》  (全部)