ཆོས་ལུགས་ལས་དོན་སྲོལ་ཡིག་གསར་བ།

 

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་ཨང་686པ།

《ཆོས་ལུགས་ལས་དོན་སྲོལ་ཡིག་》འདིར་2017ལོའི་ཟླ་6ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་176པའི་ཐོག་དག་བཅོས་གྲོས་འཆམ་བྱུང་བས།  ད་ལྟ་དག་བཅོས་བྱས་རྗེས་ཀྱི་《ཆོས་ལུགས་ལས་དོན་སྲོལ་ཡིག》ཁྱབ་བསྒྲགས་བྱ་རྒྱུ་ཡིན།  2018ལོའི་ཟླ་2ཚེས་1ཉིན་ནས་ལག་ལེན་བསྟར་དགོས།

ཙུང་ལི།  ལི་ཁེ་ཆའང་གིས།
2017ལོའི་ཟླ་8ཚེས་26ཉིན།

ཆོས་ལུགས་ལས་དོན་སྲོལ་ཡིག

(2004ལོའི་ཟླ་11ཚེས་30ཉིན་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་རྒྱ་426པའི་ཐོག་ནས་ཁྱབ་བསྒྲགས་བྱས་པ་དང་།  2017ལོའི་ཟླ་6ཚེས་14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ཐེངས་176པའི་ཐོག་དག་བཅོས་གྲོས་འཆམ་བྱུང་བ་རེད།)

ལེའུ་དང་པོ།  སྤྱིའི་རྩ་འཛིན།

དོན་ཚན་དང་པོ།  སྤྱི་དམངས་ཀྱི་ཆོས་དད་རང་མོས་འགན་ལེན་དང་།  ཆོས་ལུགས་ཞི་མཐུན་དང་སྤྱི་ཚོགས་འཆམ་མཐུན་སྲུང་སྐྱོང་།  ཆོས་ལུགས་ལས་དོན་གྱི་དོ་དམ་ཚད་ལྡན།  ཆོས་ལུགས་ལས་དོན་ཁྲིམས་སྐྱོང་ཅན་ལ་འགྱུར་བའི་ཆུ་ཚད་ཇེ་མཐོར་གཏོང་རྒྱུ་བཅས་ཀྱི་ཆེད་དུ་རྩ་ཁྲིམས་དང་འབྲེལ་ཡོད་བཅའ་ཁྲིམས་ལ་གཞིགས་ནས་སྲོལ་ཡིག་འདི་བཟོས་པའོ།།

དོན་ཚན་གཉིས་པ།  སྤྱི་དམངས་ལ་ཆོས་དད་རང་མོས་ཀྱི་དབང་ཆ་ཡོད།  རྩ་འཛུགས་སམ་ཡང་ན་མི་སྒེར་སུས་ཀྱང་བཙན་ཤེད་ཀྱིས་སྤྱི་དམངས་ཆོས་ལ་དད་པ་བྱེད་དུ་འཇུག་པའམ་ཡང་ན་ཆོས་ལ་དད་པ་བྱེད་དུ་མི་འཇུག་པའི་རིགས་བྱས་མི་ཆོག   ཆོས་ལུགས་ལ་དད་པ་བྱེད་མཁན་གྱི་སྤྱི་དམངས་(གཤམ་དུ་ཆོས་དད་སྤྱི་དམངས་ཞེས་བརྗོད་རྒྱུ་)སམ་ཡང་ན་ཆོས་ལ་དད་པ་མེད་པའི་སྤྱི་དམངས་ལ་མཐོང་ཆུང་བྱ་མི་རུང་། ཆོས་དད་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས།  ཆོས་ལུགས་མི་འདྲ་བར་དད་པ་བྱེད་མཁན་གྱི་སྤྱི་དམངས་བཅས་བར་ཕན་ཚུན་བརྩི་བཀུར་དང་འཆམ་མཐུན་མཉམ་གནས་བྱ་དགོས།

དོན་ཚན་གསུམ་པ།  ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་སྐབས་ཁྲིམས་མཐུན་གྱི་རིགས་ལ་སྲུང་སྐྱོབ་དང་།  ཁྲིམས་འགལ་གྱི་རིགས་ལ་བཀག་འགོག  ཐལ་དྲགས་ཀྱི་རིགས་རྣམས་ནན་འགོག  སིམ་འཛུལ་གྱི་རིགས་གཏན་འགོག  ཁྲིམས་འགལ་གྱི་རིགས་ལ་རྡུང་རྡེག་གཏོང་བའི་རྩ་དོན་རྒྱུན་འཁྱོངས་བྱ་དགོས།

དོན་ཚན་བཞི་པ།  རྒྱལ་ཁབ་ཀྱིས་ཁྲིམས་ལྟར་རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོང་དང་།   ཆོས་ལུགས་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་མཐུན་ཡོང་བར་ཁྲིད་སྟོན་ཧུར་ཐག་བྱས་ནས།  ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།  ཆོས་དད་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་དགོས། ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།  ཆོས་དད་སྤྱི་དམངས་བཅས་ཀྱིས་རྩ་ཁྲིམས་བཅའ་ཁྲིམས་ཁྲིམས་སྲོལ་སྒྲིག་སྲོལ་བཅས་ལ་བརྩི་སྲུང་།   སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་དུ་གྱུར་པའི་རིན་ཐང་ལྟ་བ་ཉམས་ལེན།  རྒྱལ་ཁབ་ཀྱི་གོང་བུ་གཅིག་གྱུར།  མི་རིགས་མཐུན་སྒྲིལ།  སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱ་དགོས། རྩ་འཛུགས་སམ་ཡང་ན་མི་སྒེར་སུས་ཀྱང་ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་།  སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག  སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་ལ་གནོད་འཚེ།  རྒྱལ་ཁབ་གཞུང་གི་སློབ་གསོའི་ལམ་ལུགས་ལ་བཀག་འགོག  དེ་བཞིན་རྒྱལ་ཁབ་ཀྱི་ཁེ་ཕན་དང་།  སྤྱི་ཚོགས་སྤྱི་པའི་ཁེ་ཕན།  སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་བཅས་ལ་གནོད་འཚེ་གཏོང་བ་ལ་སོགས་པའི་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་མི་ཆོག རྩ་འཛུགས་སམ་ཡང་ན་མི་སྒེར་སུས་ཀྱང་ཆོས་ལུགས་མི་འདྲ་བའི་བར་དང་།  ཆོས་ལུགས་ནང་ཁུལ།  དེ་བཞིན་ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་བར་འགལ་ཟླ་དང་འགལ་རྐྱེན་བཟོས་མི་ཆོག  ཆོས་ལུགས་ཐལ་དྲགས་རིང་ལུགས་དྲིལ་བསྒྲགས་དང་།  དེར་རྒྱབ་སྐྱོར་དང་རྒྱུ་ནོར་གྱི་རོགས་སྐྱོར་བྱས་མི་ཆོག  ཆོས་ལུགས་བེད་སྤྱད་དེ་མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་དང་།  རྒྱལ་ཁབ་ཁ་ཕྲལ་དུ་གཏོང་བ།  འཇིགས་སྐུལ་གྱི་བྱེད་སྒོ་སྤེལ་བའི་རིགས་བྱས་མི་ཆོག

དོན་ཚན་ལྔ་པ། ཆོས་ལུགས་ཁག་གིས་རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་མཐའ་འཁྱོངས་བྱ་དགོས།  ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།  ཆོས་ལུགས་ལས་དོན་བཅས་ལ་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་བཀོད་པ་བྱེད་དབང་མེད།  ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།  ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་མཛའ་མཐུན་འདྲ་མཉམ་གྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་དང་འགྲོ་འོང་གི་འབྲེལ་བ་སྤེལ་དགོས།  ཕྱི་ཕྱོགས་དང་དཔལ་འབྱོར་རིག་གནས་ལ་སོགས་པའི་མཉམ་ལས་དང་འགྲོ་འོང་བྱེད་སྒོ་སྤེལ་བའི་སྐབས་སུ་རྩ་འཛུགས་སམ་ཡང་ན་མི་སྒེར་གཞན་གང་རུང་གིས་ཆོས་ལུགས་ཀྱི་ཆ་རྐྱེན་གཞན་པ་དང་ལེན་བྱས་མི་ཆོག  དོན་ཚན་དྲུག་པ། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས།  ཆོས་ལུགས་ལས་དོན་གྱི་སྒྲིག་གཞི་མེད་པ་གསར་བཟོ་དང་ཡོད་པ་འཐུས་ཚང་དུ་བཏང་སྟེ།  ལས་ཀའི་སྟོབས་ཤུགས་དང་དགོས་ངེས་ཀྱི་མཐུན་རྐྱེན་འགན་ལེན་བྱ་དགོས། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་རྒྱལ་ཁབ་ཀྱི་ཁེ་ཕན་དང་སྤྱི་ཚོགས་སྤྱི་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ཆོས་ལུགས་ལས་དོན་ལ་ཁྲིམས་ལྟར་སྲིད་འཛིན་དོ་དམ་བྱ་དགོས།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གཞན་དག་གིས་རང་ཉིད་ཀྱི་འགན་འཁྲིའི་ཁྱབ་ཁོངས་ནང་ཁྲིམས་ལྟར་འབྲེལ་ཡོད་སྲིད་འཛིན་དོ་དམ་བྱེད་འགན་འཁུར་དགོས།  ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་རང་ཉིད་ཀྱི་སྲིད་འཛིན་ཁྱབ་ཁོངས་ནང་གི་ཆོས་ལུགས་དོ་དམ་གྱི་ལས་དོན་རྣམས་བསྒྲུབ་དགོས།  མི་དམངས་སྲིད་གཞུང་ནས་ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་པར་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་གྲོང་མི་ཨུ་ཡོན་ལྷན་ཁང་གིས་ཁྲིམས་ལྟར་གཞོགས་འདེགས་བྱ་དགོས། རིམ་པ་ཁག་གི་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།  ཆོས་དད་སྤྱི་དམངས་བཅས་ཀྱི་བསམ་འཆར་ཉན་ནས།   ཆོས་ལུགས་དོ་དམ་ལས་ཀར་མཐུན་སྦྱོར་བྱས་ཏེ།  ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་སྤྱི་པའི་ཞབས་ཞུ་མཁོ་འདོན་བྱ་དགོས།

ལེའུ་གཉིས་པ།  ཆོས་ལུགས་ཚོགས་པ།

དོན་ཚན་བདུན་པ། ཆོས་ལུགས་ཚོགས་པ་གསར་འཛུགས་དང་།  གཞན་སྒྱུར།  ཐོ་སུབ་བྱེད་སྐབས་རྒྱལ་ཁབ་གཞུང་གི་སྤྱི་ཚོགས་ཚོགས་པ་དོ་དམ་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཐོ་འགོད་བྱ་དགོས། ཆོས་ལུགས་ཚོགས་པའི་སྒྲིག་ཡིག་དེ་རྒྱལ་ཁབ་གཞུང་གི་སྤྱི་ཚོགས་ཚོགས་པ་དོ་དམ་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།  ཆོས་ལུགས་ཚོགས་པས་སྒྲིག་ཡིག་ལྟར་བྱེད་སྒོ་སྤེལ་ན།  དེར་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཡོད།

དོན་ཚན་བརྒྱད་པ། ཆོས་ལུགས་ཚོགས་པར་གཤམ་གསལ་གྱི་འགན་ནུས་ཡོད། (གཅིག)མི་དམངས་སྲིད་གཞུང་གིས་ཁྲིམས་ལུགས།  ཁྲིམས་སྲོལ།  སྒྲིག་སྲོལ།  སྲིད་ཇུས་བཅས་ལག་བསྟར་དོན་འཁྱོལ་བྱེད་པར་གཞོགས་འདེགས་བྱས་ནས།  དད་ལྡན་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་དགོས།  (གཉིས།)ཆོས་ལུགས་ཀྱི་བྱ་བར་འཁྲིད་སྟོན་བྱས་ནས།  སྒྲིག་སྲོལ་ལམ་ལུགས་བཟོ་དགོས་པ་མ་ཟད།  དོན་འཁྱོལ་ཡོང་བར་ལྟ་སྐུལ་བྱ་དགོས། (གསུམ།)ཆོས་ལུགས་རིག་གནས་སྐོར་ཞིབ་འཇུག  ཆོས་དོན་དང་འདུལ་དོན་དགོངས་འགྲེལ།  ཆོས་ལུགས་ཀྱི་བསམ་བློ་འཛུགས་སྐྱོང་བཅས་བྱ་དགོས། (བཞི།)ཆོས་ལུགས་སློབ་གསོའི་སྦྱོང་བརྡར་གཉེར་སྐྱོང་།  ཆོས་ལུགས་ལས་རིགས་མི་སྣ་གསོ་སྐྱོང་།  ཆོས་ལུགས་ལས་རིགས་མི་སྣ་ངོས་འཛིན་དང་ཁོང་རྣམ་པར་དོ་དམ་བཅས་བྱ་དགོས། (ལྔ།)ཁྲིམས་ལུགས།  ཁྲིམས་སྲོལ།  སྒྲིག་སྲོལ། ཆོས་ལུགས་ཚོགས་པའི་སྒྲིག་སྲོལ་བཅས་ནང་གཏན་ལ་ཕབ་པའི་འགན་ནུས་གཞན་པ་བཅས་སོ།།

དོན་ཚན་དགུ་པ། རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པ་དང་།  ཞིང་ཆེན།  རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་འདི་གའི་དགོས་པར་གཞིགས་ནས་གཏན་འབེབས་ལྟར་ཆོས་ལུགས་སློབ་མ་ཕྱི་ཕྱོགས་ལ་མངག་གཏོང་དང་ནང་སར་བསྡུ་ལེན་བྱས་ཆོག རྩ་འཛུགས་གཞན་པའམ་མི་སྒེར་སུས་ཀྱང་ཆོས་ལུགས་སློབ་མ་ཕྱི་ཕྱོགས་ལ་མངག་གཏོང་དང་ནང་སར་བསྡུ་ལེན་བྱས་མི་ཆོག

དོན་ཚན་བཅུ་པ། ཆོས་ལུགས་སློབ་གླིང་དང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།  ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་ཆོས་ལུགས་ཚོགས་པས་གཏན་ལ་ཕབ་པའི་སྒྲིག་སྲོལ་ལམ་ལུགས་ལ་བརྩི་བཀུར་ཞུ་དགོས།

ལེའུ་གསུམ་པ།  ཆོས་ལུགས་སློབ་གླིང་།

དོན་ཚན་བཅུ་གཅིག་པ། ཆོས་ལུགས་སློབ་གླིང་རྣམས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའམ་ཡང་ན་ཞིང་ཆེན། རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པས་འཛུགས་དགོས།  རྩ་འཛུགས་གཞན་པའམ་མི་སྒེར་སུས་ཀྱང་ཆོས་ལུགས་སློབ་གླིང་བཙུགས་མི་ཆོག

དོན་ཚན་བཅུ་གཉིས་པ།   ཆོས་ལུགས་སློབ་གླིང་འཛུགས་དགོས་ན།  རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་ལ་རེ་ཞུ་འབུལ་དགོས།  ཡང་ན་ཞིང་ཆེན། རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པས་ཆོས་ལུགས་སློབ་གླིང་འཛུགས་རྩིས་ཡོད་ན།  རང་གནས་སའི་ཞིང་ཆེན་དང་། རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་རེ་ཞུ་འབུལ་དགོས། ཞིང་ཆེན། རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་རེ་ཞུ་འབྱོར་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་བསམ་འཆར་བཏོན་ཏེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་ལ་ཕུལ་ནས་ཞིབ་བཤེར་ཆོག་མཆན་ཞུ་དགོས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་གིས་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པའི་རེ་ཞུའམ་ཡང་ན་ཞིང་ཆེན། རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་བསྐྱལ་བའི་ཡིག་ཚགས་རྣམས་ལག་འབྱོར་བྱུང་རྗེས་ཀྱི་ཉིན་60ཡི་ནང་ཚུན་དུ།  ཆོག་མཆན་སྤྲོད་མིན་སྐོར་གྱི་གྲོས་ཐག་གཅོད་དགོས།

དོན་ཚན་བཅུ་གསུམ་པ། ཆོས་ལུགས་སློབ་གླིང་འཛུགས་དགོས་ན།  གཤམ་གསལ་གྱི་ཆ་རྐྱེན་རྣམས་འཛོམས་དགོས། (གཅིག)གསོ་སྐྱོང་གི་དམིགས་ཡུལ་དང་།  སློབ་གྲྭ་གཉེར་བའི་སྒྲིག་སྲོལ། སློབ་ཚན་བཀོད་སྒྲིག་གི་འཆར་གཞི་གསལ་པོ་ཡོད་པ་དང་། (གཉིས།)གསོ་སྐྱོང་བྱས་འཐུས་ཀྱི་ཆ་རྐྱེན་འཛོམས་པའི་སློབ་མའི་འབྱུང་ཁུངས་ཡོད་པ། (གསུམ།)སློབ་གྲྭ་གཉེར་བའི་མ་དངུལ་དགོས་ངེས་དང་འགྲོ་སོང་གི་ཡོང་ཁུངས་བརྟན་པོ་ཡོད་པ། (བཞི།)སློབ་འཁྲིད་ཀྱི་ལས་འགན་དང་སློབ་གཉེར་གྱི་གཞི་རྒྱར་དགོས་ངེས་ཡིན་པའི་སློབ་འཁྲིད་བྱེད་ས་དང་སྒྲིག་བཀོད་སྒྲིག་ཆས་ཡོད་པ། (ལྔ།)སློབ་གླིང་གི་ཆེད་ལས་འགན་ཁུར་བ་དང་།  ཚད་ལྡན་གྱི་ཆེད་ལས་དགེ་རྒན།  ནང་ཁུལ་གྱི་དོ་དམ་རྩ་འཛུགས་བཅས་ཡོད་པ། (དྲུག)བཀོད་པ་ལུགས་མཐུན་ཡིན་པ་བཅས་སོ།།

དོན་ཚན་བཅུ་བཞི་པ། བཙུགས་ཆོག་པར་བཀའ་འཁྲོལ་བྱུང་བའི་ཆོས་ལུགས་སློབ་གླིང་གིས་འབྲེལ་ཡོད་གཏན་འབེབས་ལྟར་ཁྲིམས་མི་ཐོ་འགོད་བྱ་རྒྱུའི་རེ་ཞུ་ཕུལ་ཆོག

དོན་ཚན་བཅོ་ལྔ་པ། ཆོས་ལུགས་སློབ་གླིང་གིས་སློབ་གྲྭ་གནས་ཡུལ་དང་།  སློབ་གྲྭའི་མིང་།  ཁོངས་གཏོགས་ཀྱི་འབྲེལ་བ།  གསོ་སྐྱོང་གི་དམིགས་ཡུལ།  སློབ་ཡུན།  སློབ་གཉེར་གྱི་གཞི་ཁྱོན་སོགས་བསྒྱུར་དགོས་པ་དང་།  ཡང་ན་ཟླ་སྒྲིལ།  ཟུར་འཛུགས།  མེད་པ་བཟོ་བ་བཅས་བྱ་དགོས་ན།  སྲོལ་ཡིག་འདིའི་དོན་ཚན་བཅུ་གཉིས་པའི་གཏན་འབེབས་ལྟར་འགྲོ་ལུགས་སྒྲིམ་དགོས།

 དོན་ཚན་བཅུ་དྲུག་པ། ཆོས་ལུགས་སློབ་གླིང་གིས་དམིགས་འཛུགས་དགེ་རྒན་གྱི་འོས་འབབ་ངོས་འཛིན་དང་།  མཚན་གནས་དཔྱད་ཞིབ་གདན་འདྲེན་བསྐོ་བཞག  སློབ་མར་ཡོན་གནས་སྤྲོད་པའི་ལམ་ལུགས་བཅས་ལག་བསྟར་བྱ་དགོས།   ཞིབ་ཕྲའི་བྱེད་ཐབས་རྣམས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་ནས་ལོགས་སུ་གཏན་འབེབས་བྱ་རྒྱུ་ཡིན།

དོན་ཚན་བཅུ་བདུན་པ། ཆོས་ལུགས་སློབ་གླིང་གིས་རྒྱལ་ཁོངས་གཞན་གྱི་ཆེད་ལས་མི་སྣ་གདན་ཞུ་བྱས་ན།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་ནས་མོས་མཐུན་བྱུང་བའི་རྗེས།  ས་ཁུལ་འདི་གའི་ཕྱི་རྒྱལ་བའི་ལས་དོན་དོ་དམ་སྡེ་ཁག་ལས་འབྲེལ་ཡོད་ཀྱི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་བཅོ་བརྒྱད་པ། ཆོས་ལུགས་ཚོགས་པ་དང་།  དགོན་སྡེ།  ཏའོ་ཅའོ་ལྷ་ཁང་།  དབྱི་སི་ལན་ཆོས་ཁང་།  ཡེ་ཤུའི་ཆོས་ཁང་ (གཤམ་དུ་དགོན་ལྷ་ཆོས་ཁང་ཞེས་འབོད་རྒྱུ་)བཅས་ཀྱིས་ཆོས་ལུགས་ལས་རིགས་མི་སྣ་གསོ་སྐྱོང་དང་།  སློབ་སྦྱོང་བྱེད་ཡུན་ཟླ་3ཡན་གྱི་ཆོས་ལུགས་སློབ་གསོའི་སྦྱོང་བརྡར་གཉེར་ན། ཆུས་བཙུགས་པའི་གྲོང་ཁྱེར་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ནས་ཆོག་མཆན་ཞུ་དགོས།

ལེའུ་བཞི་པ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ།

དོན་ཚན་བཅུ་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཞེས་པར་དགོན་ལྷ་ཆོས་ཁང་དང་གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཞན་པ་ཚུད་ཡོད། དགོན་ལྷ་ཆོས་ཁང་དང་གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཞན་པ་དབྱེ་མཚམས་འབྱེད་པའི་ཚད་གཞི་དེ་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་གཏན་འབེབས་བྱས་པའི་རྗེས།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་ལ་ཕུལ་ནས་ཐོ་འགོད་བྱ་དགོས།

དོན་ཚན་ཉི་ཤུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གསར་འཛུགས་བྱ་དགོས་ན།  གཤམ་གསལ་གྱི་ཆ་རྐྱེན་རྣམས་འཛོམས་དགོས། (གཅིག)གསར་འཛུགས་བྱེད་པའི་དམིགས་ཡུལ་དེ་སྲོལ་ཡིག་འདིའི་དོན་ཚན་བཞི་པ་ལྔ་པའི་གཏན་འབེབས་དང་མ་འགལ་བ། (གཉིས།)ས་གནས་དེ་གའི་དད་ལྡན་སྤྱི་དམངས་རྣམས་མཉམ་དུ་འཛོམས་ནས་ཆོས་ལུགས་ཀྱི་བྱེད་སྒོ་རྟག་ཏུ་སྤེལ་བའི་དགོས་མཁོ་ཡོད་པ། (གསུམ།)ཆོས་ལུགས་ཀྱི་བྱེད་སྒོ་གཉེར་སྐྱོང་བྱེད་མཁན་ཆོས་ལུགས་ལས་རིགས་མི་སྣའམ་ཆོས་ལུགས་དེ་གའི་གཏན་འབེབས་དང་མཐུན་པའི་མི་སྣ་གཞན་པ་ཡོད་པ། (བཞི།)དགོས་ངེས་ཀྱི་མ་དངུལ་ཡོད་པ།  མ་དངུལ་གྱི་ཡོང་ཁུངས་ཁྲིམས་མཐུན་ཡིན་པ། (ལྔ།)བཀོད་པ་ལུགས་མཐུན་ཡིན་ལ།  གྲོང་ཁྱེར་དང་གྲོང་གསེབ་འཆར་འགོད་ཀྱི་བླང་བྱ་དང་མཐུན་ཁར།  ཉེ་འདབས་ཀྱི་སྡེ་ཚན་དང་གྲོང་མིའི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བར་འགོག་རྐྱེན་མེད་པ་བཅས་སོ།།

དོན་ཚན་ཉེར་གཅིག་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་རྒྱུའི་གྲ་སྒྲིག་བྱེད་སྐབས།  ཆོས་ལུགས་ཚོགས་པས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་རྩིས་ཡོད་ན།  ས་གནས་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་རེ་ཞུ་འབུལ་དགོས།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་རེ་ཞུ་ལག་འབྱོར་བྱུང་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་ཞིབ་བཤེར་བྱས་འབྲས་ཀྱི་བསམ་འཆར་བཏོན་ནས།  ཆུས་བཙུགས་ཡོད་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་སྙན་འབུལ་ཞུ་དགོས། ཆུས་བཙུགས་ཡོད་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་རྫོང་རིམ་པས་བསྐྱལ་བའི་ཡིག་ཚགས་ལག་འབྱོར་བྱུང་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་གཏན་འཇགས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གཞན་པ་གསར་འཛུགས་བྱ་རྒྱུའི་རེ་ཞུར་ཆོག་མཆན་ཡོད་མེད་སྐོར་གྲོས་ཐག་གཅོད་དགོས།  དགོན་ལྷ་ཆོས་ཁང་གསར་འཛུགས་བྱ་རྒྱུའི་རེ་ཞུར་ཞིབ་བཤེར་བྱས་འབྲས་ཀྱི་བསམ་འཆར་བཏོན་ནས།  ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ནས་ཆོག་མཆན་ཞུ་དགོས། ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་བསྐྱལ་བའི་ཡིག་ཚགས་ལག་འབྱོར་བྱུང་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་དེར་ཆོག་མཆན་སྤྲོད་མིན་སྐོར་གྲོས་ཐག་གཅོད་དགོས།   ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གསར་འཛུགས་བྱ་རྒྱུའི་རེ་ཞུར་ཆོག་མཆན་ཐོབ་རྗེས་གཞི་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གསར་འཛུགས་བྱ་རྒྱུའི་གྲ་སྒྲིག་གི་ལས་དོན་ཁག་བསྒྲུབ་ཆོག  

དོན་ཚན་ཉེར་གཉིས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་བཀའ་འཁྲོལ་བྱུང་བ་བརྒྱུད་གྲ་སྒྲིག་གི་ལས་ཀ་དང་ཨར་ལས་རྣམས་གྲུབ་པའི་རྗེས།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གནས་སའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་ཐོ་འགོད་ཡོང་བའི་རེ་ཞུ་འབུལ་དགོས།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་རེ་ཞུ་ལག་འབྱོར་བྱུང་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེའི་དོ་དམ་རྩ་འཛུགས་དང་།  སྒྲིག་སྲོལ་ལམ་ལུགས་གསར་བཟོ་བྱས་པ་ལ་སོགས་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས།  ཆ་རྐྱེན་འཛོམས་པའི་རིགས་རྣམས་ཐོ་འགོད་བྱས་ཏེ། 《ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཐོ་འཁོད་ལག་ཁྱེར་》སྤྲོད་དགོས།

དོན་ཚན་ཉེར་གསུམ་པ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་ཁྲིམས་མིའི་ཆ་རྐྱེན་ཚང་ན།  གནས་ཡུལ་དེའི་ཆོས་ལུགས་ཚོགས་པའི་མོས་མཐུན་བྱུང་བ་བརྒྱུད།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ནས་ཞིབ་བཤེར་མོས་མཐུན་བྱུང་བའི་རྗེས།  དམངས་སྲིད་སྡེ་ཁག་ལས་ཁྲིམས་མི་ཐོ་འགོད་བྱེད་པའི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་ཉེར་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མཚམས་འཇོག་བྱེད་པའམ་ཡང་ན་དེའི་ཐོ་འགོད་ཀྱི་ནང་དོན་བསྒྱུར་དགོས་ཚེ།   དེ་སྔའི་ཐོ་འགོད་དོ་དམ་ལས་ཁུངས་ལ་ཕྱིན་ནས་ཐོ་ཁོངས་ནས་བསུབས་པའམ་ཡང་ན་ཐོ་ཁོངས་བསྒྱུར་བའི་འགྲོ་ལུགས་འགྲིམ་དགོས།

དོན་ཚན་ཉེར་ལྔ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་དོ་དམ་རྩ་འཛུགས་བཙུགས་ཏེ།  དམངས་གཙོས་དོ་དམ་བྱ་དགོས།   ཆོས་ལུགས་དོ་དམ་རྩ་འཛུགས་ཀྱི་ཁོངས་མི་རྣམས་དམངས་གཙོས་གྲོས་མོལ་བྱས་པ་བརྒྱུད་འདེམས་བསྐོ་བྱ་དགོས་པ་མ་ཟད།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེའི་ཐོ་འགོད་དོ་དམ་ལས་ཁུངས་ལ་ཐོ་འགོད་བྱ་རྒྱུའི་སྙན་ཞུ་འབུལ་དགོས།

དོན་ཚན་ཉེར་དྲུག་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ནང་ཁུལ་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འབྲེལ་ཡོད་ཀྱི་བཅའ་ཁྲིམས་དང་།  ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་གཏན་འབེབས་ལྟར།  མི་སྣ།  ནོར་དོན།  རྒྱུ་ནོར། རྩིས་གཉེར།  བདེ་འཇགས།  མེ་ཟོན།  རིག་དངོས་སྲུང་སྐྱོབ།  འཕྲོད་བསྟེན་རིམས་འགོག་སོགས་ཀྱི་དོ་དམ་ལམ་ལུགས་མེད་པ་གསར་བཟོ་དང་ཡོད་པ་འཐུས་ཚང་དུ་བཏང་ནས།   ས་གནས་དེའི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱི་མཛུབ་ཁྲིད་དང་། ལྟ་སྐུལ།  ཞིབ་བཤེར་བཅས་དང་ལེན་བྱ་དགོས།

དོན་ཚན་ཉེར་བདུན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་བཅའ་ཁྲིམས་དང་།  ཁྲིམས་སྲོལ།  སྒྲིག་སྲོལ་བཅས་ལ་བརྩི་སྲུང་བྱས་པའི་གནས་ཚུལ་དང་།  བྱེད་སྒོ་སྤེལ་ཡུལ་ལ་དོ་དམ་བྱེད་པའི་ལམ་ལུགས་གསར་འཛུགས་དང་ལག་ལེན་བྱས་པའི་གནས་ཚུལ།  རྣམ་གྲངས་ཀྱི་ཐོ་ཁོངས་བསྒྱུར་བའི་གནས་ཚུལ།  དེ་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་དང་ཕྱི་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་གནས་ཚུལ་བཅས་ལ་ཆོས་དོན་སྡེ་ཁག་གིས་ལྟ་སྐུལ་དང་ཞིབ་བཤེར་བྱ་དགོས།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཆོས་དོན་སྡེ་ཁག་གི་ལྟ་སྐུལ་དང་ཞིབ་བཤེར་དང་ལེན་བྱ་དགོས།

དོན་ཚན་ཉེར་བརྒྱད་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ནང་ཆོས་ལུགས་ཀྱི་ཡོ་ཆས་དང་།  ཆོས་ལུགས་ཀྱི་སྒྱུ་རྩལ་དངོས་པོ།  ཆོས་ལུགས་ཀྱི་པར་སྐྲུན་དཔེ་རིགས་བཙོང་ཆོག

དོན་ཚན་ཉེར་དགུ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་བྱེད་སྒོ་སྤེལ་ཡུལ་འདིའི་ནང་ལས་འཛོལ་ཚབས་ཆེའི་རིགས་བྱུང་བའམ་ཡང་ན་ཆོས་ཕྱོགས་ཀྱི་འཛེམ་བྱ་དང་འགལ་བ་སོགས་ཆོས་དད་སྤྱི་དམངས་ཀྱི་ཆོས་ལུགས་འདུ་ཤེས་ལ་གནོད་པ་དང་།  མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག  སྤྱི་ཚོགས་བརྟན་ལྷིང་ལ་གནོད་སྐྱོན་བཟོ་བ་བཅས་ཀྱི་དོན་རྐྱེན་འབྱུང་བར་དོགས་ཟོན་བྱ་དགོས། གོང་གསལ་དོན་ཚན་ནང་དྲངས་པའི་ལས་འཛོལ་ལམ་ཡང་ན་དོན་རྐྱེན་རྣམས་བྱུང་ན།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་འཕྲལ་དུ་གནས་ཡུལ་དེའི་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་སྙན་སེང་ཞུ་དགོས།

དོན་ཚན་སུམ་ཅུ་པ། ཆོས་ལུགས་ཚོགས་པ་དང་།  དགོན་ལྷ་ཆོས་ཁང་བཅས་ཀྱིས་དགོན་ལྷ་ཆོས་ཁང་གི་ཕྱི་རོལ་གྱི་མཐོངས་ཡངས་སུ་སྐུ་རྟེན་བཞེངས་རྩིས་ཡོད་ན། ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་ཆོས་ལུགས་ཚོགས་པས་ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་རེ་འདུན་སྙན་ཞུ་འབུལ་དགོས།  ཞིང་ཆེན་དང་།  རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་རེ་ཞུ་ལག་འབྱོར་བྱུང་རྗེས་ཀྱི་ཉིན་30ཡི་ནང་ཚུན་དུ་བསམ་འཆར་བཏོན་ཏེ།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་ནས་ཆོག་མཆན་ཞུ་དགོས། རྒྱལ་སྲིད་སྤྱི་ཁྱབ་གི་ཆོས་དོན་སྡེ་ཁག་གིས་མཐོངས་ཡངས་སུ་སྐུ་རྟེན་ཆེ་གྲས་བཞེངས་རྒྱུའི་སྙན་ཞུ་ལག་འབྱོར་བྱུང་རྗེས་ཀྱི་ཉིན་60ཡི་ནང་ཚུན་དུ་ཆོག་མཆན་སྤྲོད་མིན་གྱི་གྲོས་ཐག་གཅོད་དགོས།  ཆོས་ལུགས་ཚོགས་པ་དང་དགོན་ལྷ་ཆོས་ཁང་མིན་པའི་རྩ་འཛུགས་དང་དེ་བཞིན་མི་སྒེར་གྱིས་མཐོངས་ཡངས་སུ་སྐུ་རྟེན་ཆེ་གྲས་བཞེངས་མི་ཆོག  དགོན་ལྷ་ཆོས་ཁང་གི་ཕྱི་རོལ་ཏུ་སྐུ་རྟེན་ཆེ་གྲས་བཞེང་བར་བཀག་འགོག་བྱ་དགོས།

དོན་ཚན་སོ་གཅིག་པ།  འབྲེལ་ཡོད་ཚན་པ་དང་མི་སྒེར་གྱིས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ཚོང་ལས་ཞབས་ཞུ་དྲ་ཚིགས་འཛུགས་པ།  བཤམས་སྟོན་དང་འགྲེམ་སྟོན་དོན་གཉེར།  གློག་བཪྙན་དང་བཪྙན་འཕྲིན་པར་ལེན།  དེ་མིན་གྱི་བྱེད་སྒོ་གཞན་པ་སྤེལ་བ་སོགས་བྱས་ན།  སྔོན་ལ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་བཀའ་བསྐོར་ནས་དེར་མོས་མཐུན་ཡོང་བ་བྱ་དགོས།

དོན་ཚན་སོ་གཉིས་པ། ས་གནས་མི་དམངས་སྲིད་གཞུང་རིམ་པ་ཁག་གིས་དགོས་མཁོ་དངོས་ལ་གཞིགས་ནས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་འཛུགས་སྐྲུན་རྣམས་ས་ཆ་བཀོལ་སྤྱོད་ཀྱི་ཁྱོན་ཡོངས་འཆར་འགོད་དང་གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད་ནང་འཇུག་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་མཐོངས་ཡངས་སུ་སྐུ་རྟེན་ཆེ་གྲས་གསར་བཞེངས་བྱས་ན།  ས་ཆ་བཀོལ་སྤྱོད་ཀྱི་ཁྱོན་ཡོངས་འཆར་འགོད་དང་།  གྲོང་ཁྱེར་དང་གྲོང་གསེབ་འཛུགས་སྐྲུན་གྱི་འཆར་འགོད།  ལས་གྲྭའི་འཛུགས་སྐྲུན།  རིག་དངོས་སྲུང་སྐྱོང་ལ་སོགས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་མཐུན་དགོས།

དོན་ཚན་སོ་གསུམ་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ནང་ལོགས་སུ་བཟོ་བཀོད་བསྐྱར་བཟོ་དང་གསར་བཟོ་བྱས་ན།  གནས་ཡུལ་དེའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ནས་བཀའ་འཁྲོལ་ཆོག་མཆན་བྱུང་བའི་རྗེས།  ཁྲིམས་ལྟར་འཆར་འགོད་དང་འཛུགས་སྐྲུན་ལ་སོགས་ཀྱི་འགྲོ་ལུགས་འགྲིམ་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་རྒྱ་བསྐྱེད་དང་གནས་གཞན་དུ་གསར་བཞེངས་བྱ་དགོས་ན།  སྲོལ་ཡིག་འདིའི་དོན་ཚན་ཉེར་གཅིག་པའི་གཏན་འབེབས་ལྟར་འགྲོ་ལུགས་འགྲིམ་དགོས།

དོན་ཚན་སོ་བཞི་པ། ཡུལ་ལྗོངས་ཁུལ་དུ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཡོད་ན།  གནས་ཡུལ་འདིའི་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དང་ཡུལ་ལྗོངས་ཁུལ་གྱི་དོ་དམ་རྩ་འཛུགས་དེ་བཞིན་སྐྱེད་ཚལ་དང་།  ནགས་ལས། རིག་དངོས།  ཡུལ་སྐོར་སོགས་ཐད་ཀྱི་ཁེ་ཕན་གྱི་འབྲེལ་བ་མཐུན་སྦྱོར་དང་ཐག་གཅོད་བྱས་ནས།   ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་།  ཆོས་ལུགས་ལས་རིགས་མི་སྣ།  དད་ལྡན་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོབ་དང་།  རྒྱུན་ལྡན་གྱི་ཆོས་ལུགས་བྱེད་སྒོར་སྲུང་སྐྱོབ་བྱ་དགོས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་ཡུལ་སྐོར་སྤྲོ་འཆམ་གྱི་ནང་དོན་གཙོ་བོ་ཡིན་པའི་ཡུལ་ལྗོངས་ཁུལ་འཆར་འགོད་འཛུགས་སྐྲུན་བྱེད་སྐབས།  དེའི་རྣམ་པ་དང་ཁོར་ཡུག་རྣམས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་གཅིག་མཚུངས་ཡོང་བ་བྱ་དགོས།

དོན་ཚན་སོ་ལྔ་པ། དད་ལྡན་སྤྱི་དམངས་རྣམས་ཀྱིས་རྟག་ཏུ་ཐུན་མོང་ཐོག་ཆོས་ལུགས་བྱེད་སྒོ་སྤེལ་བའི་དགོས་མཁོ་ཡོད་རུང་།  ད་ཕན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གསར་འཛུགས་བྱས་འཐུས་ཀྱི་རེ་ཞུ་བྱེད་པའི་མཐུན་རྐྱེན་མ་འཛོམས་པའི་རིགས།  དད་ལྡན་སྤྱི་དམངས་ཀྱི་སྐུ་ཚབ་ཀྱིས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་རེ་ཞུ་བྱ་དགོས།  རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་གནས་ཡུལ་འདིའི་ཆོས་ལུགས་ཚོགས་པ་དང་ཤང་རིམ་པའི་མི་དམངས་སྲིད་གཞུང་ལ་བསམ་འཆར་བསྡུ་ལེན་བྱས་པའི་རྗེས།  དེར་གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་གཏན་འཁེལ་བྱས་ཆོག རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གི་ཁྲིད་སྟོན་འོག  གནས་ཡུལ་དེའི་ཤང་རིམ་པའི་མི་དམངས་སྲིད་གཞུང་གིས་གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་བྱེད་སྒོ་དག་ལ་ལྟ་སྐུལ་དོ་དམ་བྱ་དགོས།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གསར་འཛུགས་བྱེད་པའི་མཐུན་རྐྱེན་འཛོམས་པའི་རྗེས།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཙུགས་ཆོག་པའི་ཞིབ་བཤེར་ཆོག་མཆན་དང་ཐོ་འགོད་འགྲོ་ལུགས་འགྲིམ་དགོས། གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཆོས་ལུགས་བྱེད་སྒོ་རྣམས་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས།

ལེའུ་ལྔ་པ།  ཆོས་ལུགས་ལས་རིགས་མི་སྣ།

དོན་ཚན་སོ་དྲུག་པ། ཆོས་ལུགས་ལས་རིགས་མི་སྣ་རྣམས་ཆོས་ལུགས་ཚོགས་པས་ངོས་འཛིན་བྱས་པ་བརྒྱུད།  རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུས་པའི་རྗེས།  གཞི་ནས་ཆོས་ལུགས་ཀྱི་བྱ་བ་རྣམས་དོན་གཉེར་བྱས་ཆོག བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་རྒྱུན་འཛིན་ཁྲི་གསོལ་བྱེད་སྐབས།  ཆོས་ལུགས་ཚོགས་པའི་ཁྲིད་སྟོན་འོག  ཆོས་ལུགས་ཀྱི་འགྲོ་ལུགས་དང་ལོ་རྒྱུས་ཀྱི་གཏན་འབེབས་ལྟར་བསྒྲུབས་ནས།  ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གམ་ཡང་ན་ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་ནས་ཆོག་མཆན་ཞུ་དགོས།  གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་དེ་གནམ་བདག་ཆོས་ལུགས་ཀྱི་རྒྱལ་ཡོངས་རང་བཞིན་གྱི་ཆོས་ལུགས་ཚོགས་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས། ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པའམ་ཡང་ན་ཐོབ་ཐང་ཤོར་བའི་རིགས་ཀྱིས་ཆོས་ལུགས་ལས་རིགས་མི་སྣའི་མིང་ཐོག་ནས་བྱེད་སྒོ་གང་ཡང་སྤེལ་མི་ཆོག

དོན་ཚན་སོ་བདུན་པ། ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ལས་སྣེ་གཙོ་བོའི་ཐུགས་འགན་ཁུར་བའམ་ཡང་ན་ལས་གནས་དེ་ལས་བྲལ་དགོས་བྱུང་ན།  ཆོས་ལུགས་དེའི་ཆོས་ལུགས་ཚོགས་པའི་མོས་མཐུན་བྱུང་བའི་རྗེས།  རྫོང་རིམ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་ཐོ་འགོད་སྙན་སེང་ཞུ་དགོས།

དོན་ཚན་སོ་བརྒྱད་པ། ཆོས་ལུགས་ལས་རིགས་མི་སྣས་ཆོས་ལུགས་བྱེད་སྒོ་གཙོ་སྐྱོང་དང་།  ཆོས་ལུགས་ཀྱི་ཆོ་ག་བཤམས་སྐྱོང་།  ཆོས་ལུགས་ཀྱི་དཔེ་གཞུང་བསྡུ་སྒྲིག  ཆོས་ལུགས་རིག་གནས་ཞིབ་འཇུག   སྤྱི་ཕན་དགེ་སྒྲུབ་ལ་སོགས་ཀྱི་བྱེད་སྒོ་སྤེལ་བར།  བཅའ་ཁྲིམས་ནས་སྲུང་སྐྱོབ་ཡོད།

དོན་ཚན་སོ་དགུ་པ། ཆོས་ལུགས་ལས་རིགས་མི་སྣ་རྣམས་ཁྲིམས་ལྟར་སྤྱི་ཚོགས་འགན་སྲུང་ནང་ཞུགས་ཆོག་པ་མ་ཟད་འབྲེལ་ཡོད་ཀྱི་ཁེ་དབང་ལོངས་སུ་སྤྱད་ཆོག  ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་གཏན་འབེབས་ལྟར་ཆོས་ལུགས་ལས་རིགས་མི་སྣར་སྤྱི་ཚོགས་འགན་བཅོལ་གྱི་ཐོ་འགོད་བྱ་དགོས།

ལེའུ་དྲུག་པ།  ཆོས་ལུགས་བྱེད་སྒོ།

དོན་ཚན་བཞི་བཅུ་པ། དད་ལྡན་སྤྱི་དམངས་ཐུན་མོང་གི་ཆོས་ལུགས་བྱེད་སྒོ་རྣམས་སྤྱིར་ན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་སྤེལ་དགོས་ལ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་ཚོགས་པའམ་ཆོས་ལུགས་སློབ་གླིང་གིས་སྒྲིག་འཛུགས་བྱ་དགོས་པ་དང་།  ཆོས་ལུགས་ལས་རིགས་མི་སྣའམ་ཡང་ན་ཆོས་ལུགས་དེའི་གཏན་འབེབས་དང་འཚམ་པའི་མི་སྣ་གཞན་དག་གིས་གཙོ་སྐྱོང་བྱས་ཏེ།  ཆོས་ལུགས་ཀྱི་ནང་དོན་དང་འགྲོ་ལུགས་ལྟར་སྤེལ་དགོས།

དོན་ཚན་ཞེ་གཅིག་པ། ཆོས་ལུགས་ཚོགས་པ་མིན་པ་དང་།  ཆོས་ལུགས་སློབ་གླིང་མིན་པ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མིན་པ།  དམིགས་འཛུགས་བྱས་པའི་གནས་སྐབས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ས་མིན་པ་བཅས་ཀྱིས་ཆོས་ལུགས་ཀྱི་བྱེད་སྒོ་སྒྲིག་འཛུགས་དང་དོན་གཉེར་བྱས་མི་ཆོག་པ་དང་།  ཆོས་ལུགས་ཀྱི་ངོ་བོ་ལྡན་པའི་ཞལ་འདེབས་ཀྱི་རིགས་དང་ལེན་བྱས་མི་ཆོག ཆོས་ལུགས་ཚོགས་པ་མིན་པ་དང་།  ཆོས་ལུགས་སློབ་གླིང་མིན་པ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མིན་པས་ཆོས་ལུགས་སློབ་གསོའི་སྦྱོང་བརྡར་བྱས་མི་ཆོག་པ་དང་།  སྤྱི་དམངས་ཕྱི་ཕྱོགས་ལ་འཁྲིད་དེ་ཆོས་ལུགས་ཐད་ཀྱི་སྦྱོང་བརྡར་དང་།  ཚོགས་འདུ།  བྱེད་སྒོ་སོགས་ལ་ཞུགས་སུ་འཇུག་པའི་རིགས་བྱས་མི་ཆོག

དོན་ཚན་ཞེ་གཉིས་པ།  ཞིང་ཆེན་དང་། རང་སྐྱོང་ལྗོངས།  ཐད་གཏོགས་གྲོང་ཁྱེར་གང་རུང་ཞིག་གི་ས་མཚམས་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ས་ཁོངས་ལས་བརྒལ་བའི་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་རིགས་སྤེལ་བའམ་ཡང་ན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཕྱི་རོལ་ཏུ་ཆོས་ལུགས་བྱེད་སྒོ་ཆེ་རིགས་སྤེལ་ཚེ།  གཙོ་གཉེར་བྱེད་མཁན་ཆོས་ལུགས་ཚོགས་པ་དང་དགོན་ལྷ་ཆོས་ཁང་གིས་བྱེད་སྒོ་སྤེལ་རྩིས་ཡོད་པའི་ཉིན་དེའི་གོང་གི་ཉིན་30ནང་ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་ཡུལ་གྱི་ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་རེ་ཞུ་འབུལ་དགོས།  ཆུས་བཙུགས་པའི་གྲོང་ཁྱེར་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་གིས་སྙན་ཞུ་ལག་འབྱོར་བྱུང་རྗེས་ཀྱི་ཉིན་15ཡི་ནང་ཚུན་དུ།  རིམ་པ་དེ་གའི་མི་དམངས་སྲིད་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱས་པའི་རྗེས།  ཆོག་མཆན་ཡོད་མེད་སྐོར་གྱི་གྲོས་ཐག་གཅོད་དགོས།  ཆོག་མཆན་བྱུང་བའི་རིགས་རྣམས།  ཆོག་མཆན་སྤྲོད་མཁན་ལས་ཁུངས་ཀྱིས་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་ཕུལ་ནས་ཐོ་འགོད་བྱ་དགོས། ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་རྣམས་བཀའ་འཁྲོལ་བརྡ་ཐོའི་ནང་འཁོད་བླང་བྱ་དང་ཆོས་ལུགས་ཀྱི་འགྲོ་ལུགས་ལྟར་སྤེལ་དགོས་པ་ལས།  སྲོལ་ཡིག་འདིའི་དོན་ཚན་བཞི་པ་དང་ལྔ་པའི་འབྲེལ་ཡོད་གཏན་འབེབས་དང་འགལ་མི་ཆོག   གཙོ་གཉེར་བྱེད་མཁན་ཆོས་ལུགས་ཚོགས་པ་དང་དགོན་ལྷ་ཆོས་ཁང་གིས་བྱ་ཐབས་ནུས་ལྡན་སྤྱད་དེ་བསམ་ཡུལ་ལས་འདས་པའི་དོན་རྐྱེན་འབྱུང་བར་སྔོན་འགོག་བྱས་ནས།  ཆོས་ལུགས་བྱེད་སྒོ་ཆེ་གྲས་རྣམས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྤེལ་ཐུབ་པའི་འགན་ལེན་བྱ་དགོས།   ཆོས་ལུགས་བྱེད་སྒོ་ཆེ་གྲས་གཉེར་ཡུལ་ཤང་རིམ་པའི་མི་དམངས་སྲིད་གཞུང་དང་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཚན་གྱིས་ངེས་པར་དུ་རང་ངོས་གྱི་འགན་འཁྲི་ལྟར་དགོས་ངེས་ཀྱི་དོ་དམ་དང་ཁྲིད་སྟོན་བྱ་དགོས།

དོན་ཚན་ཞེ་གསུམ་པ། དབྱི་སི་ལན་གྱི་ཆོས་ལ་དད་པ་བྱེད་མཁན་གྱི་ཀྲུང་གོའི་སྤྱི་དམངས་ཕྱི་རྒྱལ་དུ་གནས་མཇལ་དུ་འགྲོ་བའི་རིགས་དབྱི་སི་ལན་ཆོས་ལུགས་ཀྱི་རྒྱལ་ཡོངས་རང་བཞིན་ཆོས་ལུགས་ཚོགས་པས་སྒྲིག་འཛུགས་བྱེད་འགན་ཁུར་དགོས།

དོན་ཚན་ཞེ་བཞི་པ། ཆོས་ལུགས་སློབ་གླིང་ཕུད་པའི་སློབ་གྲྭ་དང་དེ་མིན་གྱི་སློབ་གསོ་ལས་ཁུངས་གཞན་པར་ཆོས་ལུགས་བརྒྱུད་སྤེལ་བྱེད་པ་དང་།  ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ།  ཆོས་ལུགས་ཀྱི་རྩ་འཛུགས་འཛུགས་པ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཟོ་བ་སོགས་གཏན་ནས་བྱས་མི་ཆོག 

དོན་ཚན་ཞེ་ལྔ་པ། ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་།  དགོན་ལྷ་ཆོས་ཁང་བཅས་ཀྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར།  ཆོས་ལུགས་ནང་ཁུལ་གྱི་དཔྱད་གཞིའི་རང་བཞིན་ལྡན་པའི་པར་སྐྲུན་ཡིག་རིགས་རྩོམ་སྒྲིག་པར་འདེབས་དང་མཁོ་འདོན་བྱས་ཆོག  ཡོངས་བསྒྲགས་ངང་འགྲེམས་སྤེལ་བྱ་རྒྱུའི་ཆོས་ཕྱོགས་ཀྱི་ཡིག་རིགས་དཔེ་སྐྲུན་བྱེད་སྐབས་རྒྱལ་ཁབ་གཞུང་གི་དཔེ་སྐྲུན་དོ་དམ་བྱེད་ཐབས་སྐོར་གྱི་གཏན་འབེབས་ལྟར་ལག་བསྟར་བྱ་དགོས། ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་པར་སྐྲུན་ཡིག་རིགས་རྣམས་རྒྱལ་ཁབ་གཞུང་གི་དཔེ་སྐྲུན་དོ་དམ་བྱེད་ཐབས་སྐོར་གྱི་གཏན་འབེབས་དང་མཐུན་དགོས་པ་མ་ཟད།  གཤམ་གསལ་གྱི་ནང་དོན་རྣམས་ལྷག་མི་ཆོག(གཅིག)ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་དང་ཆོས་ལ་དད་པ་མེད་པའི་སྤྱི་དམངས་འཆམ་མཐུན་ངང་འཚོ་གནས་བྱེད་པར་གཏོར་བཤིག་གཏོང་བའི་རིགས་དང་། (གཉིས།)ཆོས་ལུགས་མི་འདྲ་བའི་བར་གྱི་འཆམ་མཐུན་དང་ཆོས་ལུགས་ནང་ཁུལ་བར་གྱི་འཆམ་མཐུན་ལ་གཏོར་བཤིག་གཏོང་བའི་རིགས། (གསུམ།)ཆོས་ལ་དད་པ་བྱེད་མཁན་སྤྱི་དམངས་སམ་ཡང་ན་ཆོས་ལ་དད་པ་མེད་པའི་སྤྱི་དམངས་ལ་མཐོང་ཆུང་དང་དམའ་འབེབས་བྱེད་པའི་རིགས། (བཞི།)ཆོས་ལུགས་ཐལ་དྲགས་རིང་ལུགས་དྲིལ་བསྒྲགས་བྱེད་པའི་རིགས། (ལྔ།)ཆོས་ལུགས་ཀྱི་རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་དང་འགལ་བའི་རིགས་བཅས་སོ།།

དོན་ཚན་ཞེ་དྲུག་པ། མི་སྒེར་རང་ཉིད་ཀྱི་དགོས་མཁོ་དང་ལུགས་མཐུན་གྱི་གྲངས་ཚད་ལས་བརྒལ་བའི་ཆོས་ལུགས་ཀྱི་ཁྱབ་ཁོངས་སུ་གཏོགས་པའི་པར་སྐྲུན་ཡིག་རིགས་དང་པར་རིས་རྣམས་རྒྱལ་ནང་དུ་ཁྱེར་ཡོང་བའམ་ཡང་ན་ཐབས་ལམ་གཞན་པར་བརྟེན་ནས་ནང་འདྲེན་བྱས་ན།  རྒྱལ་ཁབ་གཞུང་གི་འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་འགྲིམ་དགོས།

དོན་ཚན་ཞེ་བདུན་པ།  འཕྲིན་དྲའི་ཐོག་ནས་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་དོན་གཉེར་བྱ་དགོས་ན།  ཞིང་ཆེན་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ནས་ཞིབ་བཤེར་ཆོག་མཆན་བྱུང་བའི་རྗེས།  རྒྱལ་ཁབ་གཞུང་གི་འཕྲིན་དྲའི་ཆ་འཕྲིན་ཞབས་ཞུ་དོ་དམ་བྱེད་ཐབས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་བསྒྲུབ་དགོས།

དོན་ཚན་ཞེ་བརྒྱད་པ། འཕྲིན་དྲའི་ཐོག་ནས་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་པའི་ནང་དོན་རྣམས་བཅའ་ཁྲིམས་དང་།  ཁྲིམས་སྲོལ།  སྒྲིག་ཡིག  ཆོས་ལུགས་ལས་དོན་ལ་དོ་དམ་བྱེད་ཐབས་བཅས་ཀྱི་འབྲེལ་ཡོད་གཏན་འབེབས་དང་མཐུན་དགོས། འཕྲིན་དྲའི་ཐོག་ནས་ཆོས་ལུགས་ཀྱི་ཆ་འཕྲིན་ཞབས་ཞུ་མཁོ་འདོན་བྱེད་པའི་ནང་དོན་རྣམས་སྲོལ་ཡིག་འདིའི་དོན་ཚན་ཞེ་ལྔ་པའི་ནང་གསེས་དོན་ཚན་གཉིས་པའི་གཏན་འབེབས་ལས་འགལ་མི་ཆོག

ལེའུ་བདུན་པ།  ཆོས་ལུགས་ཀྱི་རྒྱུ་ནོར། 

དོན་ཚན་ཞེ་དགུ་པ།  ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཁྲིམས་མཐུན་ངང་རང་ཉིད་ལ་དབང་བའི་རྒྱལ་ཁབ་དང་ཐུན་མོང་གི་རྒྱུ་ནོར་དག་བཅའ་ཁྲིམས་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་བདག་གཉེར་དང་བེད་སྤྱོད་བྱས་ཆོག  ཁྲིམས་མཐུན་གྱི་རྒྱུ་ནོར་གཞན་དག་ལ་ཁྲིམས་ལྟར་བདག་དབང་དང་རྒྱུ་ནོར་གྱི་དབང་ཆ་གཞན་དག་ལོངས་སུ་སྤྱད་ཆོག

དོན་ཚན་ལྔ་བཅུ་པ།  ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཁྲིམས་མཐུན་དུ་བེད་སྤྱོད་བྱེད་བཞིན་པའི་ས་ཆ་དང་། ཁྲིམས་ལྟར་རང་ཉིད་ལ་དབང་བའམ་ཡང་ན་བེད་སྤྱོད་བྱེད་པའི་ཁང་པ་དང་། བཟོ་སྐྲུན་དངོས་པོ། སྒྲིག་བཀོད་བཅས་དང་དེ་བཞིན་ཁྲིམས་མཐུན་གྱི་རྒྱུ་ནོར་དང་ཡོང་སྒོ་གཞན་དག་བཅས་ལ་བཅའ་ཁྲིམས་ཐོག་ནས་སྲུང་སྐྱོབ་ཡོད།  རྩ་འཛུགས་སམ་ཡང་ན་མི་སྒེར་སུ་ཡིན་རུང་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁྲིམས་མཐུན་རྒྱུ་ནོར་བཙན་བཟུང་། ཧམ་འཕྲོག སྒེར་བགོས་བྱེད་པ་དང་དེར་གཏོར་སྐྱོན་གཏོང་བའམ་ཡང་ན་ཁྲིམས་འགལ་གྱིས་ཐམ་ག་རྒྱག་པ།    བཀག་ཉར།  བཀག་སྡོམ། གཞུང་བཞེས། ཆད་འགེལ་བྱེད་པའི་རིགས་བྱས་མི་ཆོག   ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་བདག་པོ་བརྒྱབ་ནས་བེད་སྤྱོད་གཏོང་བཞིན་པའི་རིག་དངོས་ལ་གཏོར་སྐྱོན་བཏང་མི་ཆོག 

དོན་ཚན་ང་གཅིག་པ།  ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་དབང་བའི་ཁང་པ་དང་བེད་སྤྱོད་བྱེད་བཞིན་པའི་ས་ཆ་ལ་སོགས་པའི་གཏན་འཇགས་རྒྱུ་ནོར་རྣམས་ཁྲིམས་ལུགས་ལྟར་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གི་གཏན་འཇགས་རྒྱུ་ནོར་ཐོ་བཀོད་ལས་ཁུངས་ལ་གཏན་འཇགས་རྒྱུ་ནོར་དུ་ཐོ་བཀོད་བྱ་རྒྱུར་རེ་ཞུ་བྱས་ཏེ། གཏན་འཇགས་རྒྱུ་ནོར་གྱི་ལག་ཁྱེར་ལེན་དགོས་པ་དང་། བདག་དབང་བསྒྱུར་བ་དང་སྤོ་བསྒྱུར་བྱེད་སྐབས་དུས་ཐོག་ཏུ་དེ་འབྲེལ་གྱི་འགྲོ་ལུགས་འགྲིམ་དགོས།  ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ས་ཆ་བེད་སྤྱོད་བྱེད་དབང་བསྒྱུར་བའམ་སྤོ་བསྒྱུར་བྱེད་སྐབས་སུ། གཏན་འཇགས་རྒྱུ་ནོར་ཐོ་འགོད་ལས་ཁུངས་ཀྱིས་རིམ་པ་འདིའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་དོན་སྡེ་ཚན་གྱི་བསམ་འཆར་བསྡུ་ལེན་བྱ་དགོས།

དོན་ཚན་ང་གཉིས་པ། ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ནི་ཁེ་འབབ་མེད་པའི་རྩ་འཛུགས་ཡིན་པས།  དེ་རིགས་ཀྱི་རྒྱུ་ནོར་དང་ཡོང་སྒོ་རྣམས་རྩ་འཛུགས་དེའི་དམིགས་ཡུལ་དང་འཚམས་པའི་བྱེད་སྒོ་དང་སྤྱི་ཕན་དགེ་སྒྲུབ་ཀྱི་བྱ་གཞག་ཐད་སྤྱོད་དགོས་པ་ལས། བགོ་བཤའ་རྒྱག་བྱེད་དུ་སྤྱད་མི་ཆོག

དོན་ཚན་ང་གསུམ་པ། མ་དངུལ་ཞལ་འདེབས་བསྐྱོན་ནས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གསར་བཞེངས་བྱེད་མཁན་རྩ་འཛུགས་སམ་ཡང་ན་མི་སྒེར་སུ་འདྲ་ཞིག་ཡིན་རུང་། དེར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འདིའི་བདག་དབང་དང་བེད་སྤྱོད་བྱེད་དབང་མེད་ལ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེ་ནས་དཔལ་འབྱོར་གྱི་ཁེ་ཕན་ཡང་བླང་མི་ཆོག ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལམ་མཐོངས་ཡངས་ཀྱི་སྐུ་རྟེན་ཆེ་གྲས་ལ་མ་རྩ་གཏོང་བ་དང་གཉེར་འགན་གཙང་ལེན་པའི་རིགས་ལ་བཀག་འགོག་བྱ་དགོས་པ་དང་། ཆོས་ལུགས་ཀྱི་མིང་ཐོག་ནས་ཚོང་དོན་དྲིལ་བསྒྲགས་བྱེད་པར་བཀག་འགོག་བྱ་དགོས།

དོན་ཚན་ང་བཞི་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཆོས་ལུགས་བྱེད་སྒོ་སྤེལ་སའི་ཁང་པ་དང་བཟོ་བཀོད་དེ་བཞིན་དེ་ཁོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་འཚོ་བར་སྤྱོད་བྱེད་ཀྱི་ཁང་པ་བཅས་ནང་བཤུག་གཏོང་བ་དང་གཏའ་མར་འཇོག་པའམ་ཡང་ན་དངོས་པོར་བརྩིས་ཏེ་མ་རྩ་འཇོག་པ་བཅས་བྱས་མི་ཆོག

དོན་ཚན་ང་ལྔ་པ།  སྤྱི་པའི་ཁེ་ཕན་གྱི་དགོས་མཁོའི་དབང་གིས་ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་། ཡང་ན་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཁང་པ་བསྡུ་ལེན་བྱ་དགོས་ཚེ། རྒྱལ་ཁབ་ཀྱི་ཁང་པ་བསྡུ་ལེན་བྱེད་ཐབས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ལག་བསྟར་བྱ་དགོས།  ཆོས་ལུགས་ཚོགས་པ་དང་ཆོས་ལུགས་སློབ་གླིང་ངམ་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་དངུལ་ལོར་གྱི་ཁ་གསབ་གདམ་ག་བྱས་ཆོག་ལ། ཁང་པའི་བདག་དབང་བརྗེ་པོ་བརྒྱག་པའམ་ཡང་ན་བསྐྱར་བཞེངས་བྱ་རྒྱུའི་གདམ་གའང་བྱས་ཆོག

དོན་ཚན་ང་དྲུག་པ།  ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་ཁྲིམས་མཐུན་ལྟར་སྤྱི་ཕན་དགེ་སྒྲུབ་བྱ་གཞག་གཉེར་ཆོག རྩ་འཛུགས་སམ་མེ་སྒེར་སུས་ཀྱང་སྤྱི་ཕན་དགེ་སྒྲུབ་ཀྱི་བྱེད་སྒོར་ཁ་གཡར་ནས་ཆོས་ལུགས་བརྒྱུད་སྤེལ་བྱེད་པའི་རིགས་བྱས་མི་ཆོག

དོན་ཚན་ང་བདུན་པ།  ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་རྒྱལ་ཁབ་ཕྱི་ནང་གི་རྩ་འཛུགས་དང་མེ་སྒེར་གྱི་ཞལ་འདེབས་དང་ལེན་བྱས་ཆོག   དང་ལེན་བྱས་པའི་ཞལ་འདེབས་རྣམས་རང་འཁྲིའི་ལས་གནས་དང་འཚམ་པའི་བྱེད་སྒོར་སྤྱོད་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཕྱི་རྒྱལ་གྱི་རྩ་འཛུགས་དང་མི་སྒེར་གྱི་ཆ་རྐྱེན་ཡོད་པའི་ཞལ་འདེབས་དང་ལེན་བྱས་མི་ཆོག  སྒོར་ཁྲི་10ལས་བརྒལ་བའི་ཞལ་འདེབས་དང་ལེན་བྱ་དགོས་ཚེ། རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་ཆོག་མཆན་ཞུ་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་ཆོས་ལུགས་ཀྱི་གོམས་སྲོལ་ལྟར་སྤྱི་དམངས་ཀྱི་ཞལ་འདེབས་དང་ལེན་བྱས་ཆོག་རུང་།   བཙན་ཤེད་དང་བསྡུ་ཆ་རྒྱག་པའི་རིགས་བྱས་མི་ཆོག

དོན་ཚན་ང་བརྒྱད་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རྒྱལ་ཁབ་ཀྱི་གཅིག་གྱུར་ནོར་དོན་དང་། རྒྱུ་ནོར། རྩིས་གཉེར་ལམ་ལུགས་ལག་བསྟར་བྱས་ནས། རང་ཉིད་གནས་ཡུལ་གྱི་རྫོང་རིམ་པ་ཡན་གྱི་མི་དམངས་སྲིད་གཞུང་གི་ཆོས་དོན་སྡེ་ཁག་ལ་ནོར་དོན་གནས་ཚུལ་དང་། གཏོང་ཡོང་གི་གནས་ཚུལ། ཞལ་འདེབས་དང་ལེན་དང་བེད་སྤྱོད་བྱས་པའི་གནས་ཚུལ་སྙན་སེང་ཞུ་དགོས་པ་མ་ཟད།  བྱ་ཐབས་འོས་འཚམ་གྱི་སྒོ་ནས་དད་ལྡན་སྤྱི་དམངས་ལ་ཡོངས་བསྒྲགས་བྱ་དགོས།  ཆོས་དོན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཁག་གི་འབྲེལ་ཡོད་ཀྱི་དོ་དམ་ཆ་འཕྲིན་མཉམ་སྤྱོད་བྱ་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རྒྱལ་ཁབ་ཀྱི་འབྲེལ་ཡོད་ནོར་དོན་དང་། རྩིས་གཉེར་ལམ་ལུགས་གཞིར་བཟུང་། རྩིས་གཉེར་རྩིས་བཤེར་དང་། ནོར་དོན་སྙན་ཞུ། ནོར་དོན་ཡོངས་བསྒྲགས་སོགས་ཀྱི་ལམ་ལུགས་མེད་པ་གསར་བཟོ་དང་ཡོད་པ་འཐུས་ཚང་དུ་གཏོང་དགོས་པ་དང་། ནོར་དོན་དོ་དམ་ཚན་པ་འཛུགས་སྐྱོང་འཐུས་ཚང་བཟོས་ནས།   དགོས་ངེས་ཀྱི་ནོར་དོན་རྩིས་གཉེར་མི་སྣ་བསྐོ་གཞག་བྱས་ཏེ།  ནོར་དོན་དོ་དམ་ལ་ཤུགས་སྣོན་རྒྱག་དགོས། སྲིད་གཞུང་གི་འབྲེལ་ཡོད་ཚན་པས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་ནོར་དོན་དང་རྒྱུ་ནོར་ཞིབ་བཤེར་དང་རྩིས་བཤེར་བྱ་རྒྱུའི་སྒྲིག་འཛུགས་བྱས་ཆོག

དོན་ཚན་ང་དགུ་པ། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཀྱིས་ཁྲིམས་ལྟར་ཁྲལ་དོན་ཐོ་འགོད་བྱ་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། དེ་བཞིན་ཆོས་ལུགས་ལས་རིགས་མི་སྣ་བཅས་ཀྱིས་ཁྲིམས་ལྟར་ཁྲལ་འཇལ་སྙན་ཞུ་འབུལ་དགོས།  རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་ཁྲལ་འབབ་ཆག་ཡང་གི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱད་ཆོག ཁྲལ་བསྡུ་ཚན་ཁག་གིས་བཅའ་ཁྲིམས་ལྟར་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་ལུགས་ལས་རིགས་མི་སྣ་བཅས་ལ་ཁྲལ་བསྡུའི་དོ་དམ་བྱ་དགོས།

དོན་ཚན་དྲུག་ཅུ་པ།  ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ཐོ་ཁོངས་ནས་བསུབས་པའམ་ཡང་ན་གཉེར་མཚམས་བཞག་ཚེ།  རྒྱུ་ནོར་རྩིས་བཤེར་བྱ་དགོས།   རྩིས་བཤེར་བྱས་རྗེས་ཀྱི་རྒྱུ་ནོར་ལྷག་མ་རྣམས་རང་འཁྲིའི་ལས་གནས་དང་འཚམ་པའི་བྱ་གཞག་ཐོག་སྤྱོད་དགོས།

ལེའུ་བརྒྱད་པ།  ཁྲིམས་ལུགས་ཀྱི་འགན་འཁྲི།

དོན་ཚན་རེ་གཅིག་པ། རྒྱལ་ཁབ་ཀྱི་ལས་བྱེད་པས་ཆོས་ལུགས་བྱ་བར་དོ་དམ་བྱེད་པའི་ལས་དོན་ཁྲོད་དབང་ཆ་གང་བྱུང་དུ་སྤྱོད་པ་དང་།  རང་འཁྲིའི་འགན་ནུས་སྣང་མེད་དུ་འཇོག་པ། ཉེར་ཕྱོགས་གཡོ་ཟོལ་བཅས་བྱས་ནས། ཆད་པ་གཅོད་དགོས་པའི་རིགས་རྣམས་ལ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་དང་།  ཉེས་གསོག་གི་ཚད་ལ་སླེབས་ཚེ། བཅའ་ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་རེ་གཉིས་པ། སྤྱི་དམངས་ལ་བཙན་ཤེད་ཀྱིས་ཆོས་དད་བྱེད་དུ་འཇུག་པའམ་ཡང་ན་ཆོས་དད་བྱེད་དུ་མི་འཇུག་པ་དང་། ཡང་ན་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རྒྱུན་ལྡན་ལྟར་ཆོས་ལུགས་བྱེད་སྒོ་སྤེལ་བར་འགོག་རྐྱེན་བཟོས་ཚེ། ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཡོ་བསྲང་བྱེད་དུ་འཇུག་དགོས།  བདེ་འཇགས་སྐོར་གྱི་དོ་དམ་སྲོལ་ཡིག་དང་འགལ་བའི་བྱ་སྤྱོད་ཡོད་ཚེ། ཁྲིམས་ལྟར་བདེ་འཇགས་སྐོར་གྱི་དོ་དམ་སྲོལ་ཡིག་ལྟར་ཆད་པ་གཅོད་དགོས། ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། ཆོས་དད་སྤྱི་དམངས་བཅས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་ཚེ།  ཁྲིམས་ལྟར་དམངས་དོན་འགན་འཁྲི་འཁུར་དགོས།  ཉེས་གསོག་གི་ཚད་ལ་སླེབས་ཚེ།  ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་རེ་གསུམ་པ།  ཆོས་ལུགས་ཐལ་དྲགས་རིང་ལུགས་དྲིལ་བསྒྲགས་དང་། དེར་རྒྱབ་སྐྱོར་དང་རྒྱུ་ནོར་གྱི་རོགས་སྐྱོར་བྱེད་པ།  ཡང་ན་ཆོས་ལུགས་བེད་སྤྱད་དེ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ།   མེས་རྒྱལ་ཁ་ཕྲལ་དུ་གཏོང་བ། འཇིགས་སྐུལ་གྱི་བྱེད་སྒོ་སྤེལ་བ།  སྤྱི་དམངས་ཀྱི་མི་ལུས་དབང་ཆ་དང་དམངས་གཙོའི་དབང་ཆར་གནོད་འཚེ་གཏོང་བ།  སྤྱི་ཚོགས་དོ་དམ་གྱི་སྒྲིག་ལམ་ལ་གནོད་འཚེ་གཏོང་བ། གཞུང་སྒེར་གྱི་རྒྱུ་ནོར་ལ་གནོད་འཚེ་གཏོང་བ་ལ་སོགས་ཁྲིམས་འགལ་གྱི་བྱེད་སྒོ་སྤེལ་ནས་ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།  ཉེས་གསོག་གི་ཚད་ལ་སླེབས་མེད་ན། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས། སྤྱི་དམངས་དང་ཁྲིམས་མིའམ་ཡང་ན་རྩ་འཛུགས་གཞན་དག་སོགས་ལ་གྱོང་གུན་བཟོས་ཚེ། ཁྲིམས་ལྟར་དམངས་དོན་འགན་འཁྲི་རྩད་གཅོད་བྱ་དགོས། ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལ་གོང་གསལ་བྱ་སྤྱོད་ཡོད་པ་མ་ཟད། བྱས་ཉེས་ཚབས་ཆེན་ཡིན་རིགས། འབྲེལ་ཡོད་སྡེ་ཚན་གྱིས་དགོས་ངེས་ཀྱི་བྱ་ཐབས་སྤྱད་དེ་དེར་དག་ཐེར་བྱ་དགོས། དག་ཐེར་དང་ལེན་མ་བྱས་ན། ཐོ་འགོད་དོ་དམ་ལས་ཁུངས་སམ་དེ་འཛུགས་རྒྱུར་ཆོག་མཆན་སྤྲོད་མཁན་སྡེ་ཚན་གྱིས་ཁྲིམས་ལྟར་དེའི་ཐོ་འགོད་ལག་ཁྱེར་རམ་འཛུགས་འཐུས་འཁྲོལ་འཛིན་ཕྱིར་བསྡུ་བྱ་དགོས།

དོན་ཚན་རེ་བཞི་པ། ཆོས་ལུགས་བྱེད་སྒོ་ཆེ་གྲས་སྤེལ་རིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་པའི་བདེ་འཇགས་ལ་གནོད་འཚེ་གཏོང་བའམ་ཡང་ན་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་གཏོར་བཤིག་ཚབས་ཆེན་བཏང་བའི་གནས་ཚུལ་ཐོན་ཚེ། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་ཐག་གཅོད་དང་ཆད་པ་གཅོད་དགོས། གཙོ་གཉེར་བྱེད་མཁན་ཆོས་ལུགས་ཚོགས་པ་དང་དགོན་ལྷ་ཆོས་ཁང་ལ་འགན་འཁྲི་ཡོད་ན། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་དེའི་འགན་འཁུར་བ་གཙོ་བོའི་གོ་གནས་མེད་པ་བཟོ་དགོས།  བྱས་ཉེས་ཚབས་ཆེན་ཡིན་རིགས། ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་དེའི་ཐོ་འགོད་ལག་ཁྱེར་ཕྱིར་བསྡུ་བྱ་དགོས།  ཆོས་ལུགས་བྱེད་སྒོ་ཆེ་གྲས་རང་དགར་གཉེར་ཚེ། ཆོས་དོན་སྡེ་ཁག་གིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་སྦྲགས།   སྒོར་ཁྲི་10ཡན་དང་ཁྲི་30མན་གྱི་དངུལ་ཆད་བཅད་ཆོག  ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྒྱུ་དངོས་ཡོད་ཚེ་གཞུང་བཞེས་གཏོང་དགོས།  དེ་རིགས་ལས།  ཆོས་ལུགས་བྱེད་སྒོ་ཆེ་གྲས་དེ་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རང་དགར་སྤེལ་བའི་རིགས་ཤིག་ཡིན་ན།  ཐོ་འགོད་དོ་དམ་ལས་ཁུངས་ཀྱིས་ད་དུང་ཆོས་ལུགས་ཚོགས་པ་དང་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཐད་ཀའི་འགན་འཁྲི་ཡོད་མཁན་གྱི་ལས་གནས་མེད་པ་བཟོ་དགོས།

དོན་ཚན་རེ་ལྔ་པ།  ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་གཤམ་གསལ་གྱི་བྱ་སྤྱོད་དག་ལས་གང་རུང་ཞིག་ཡོད་ཚེ། ཆོས་ལུགས་ལས་དོན་སྡེ་ཚན་གྱིས་ཡོ་བསྲང་བྱ་དགོས།   གནས་ཚུལ་ཚབས་ཆེ་ཙམ་ཡོད་ཚེ། ཐོ་འགོད་དོ་དམ་ལས་ཁུངས་སམ་དེ་འཛུགས་རྒྱུར་ཆོག་མཆན་སྤྲོད་མཁན་སྡེ་ཚན་གྱིས་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཐད་ཀའི་འགན་འཁྲི་ཡོད་མཁན་གྱི་ལས་གནས་མེད་པ་བཟོ་དགོས།  གནས་ཚུལ་ཚབས་ཆེན་པོ་ཡོད་ཚེ། ཐོ་འགོད་དོ་དམ་ལས་ཁུངས་སམ་དེ་འཛུགས་རྒྱུར་ཆོག་མཆན་སྤྲོད་མཁན་སྡེ་ཚན་གྱིས་རྒྱུན་ལྡན་གྱི་བྱེད་སྒོ་སྤེལ་མཚམས་འཇོག་པ་དང་།  དོ་དམ་རྩ་འཛུགས་བཅོས་སྒྲིག  དུས་བཀག་ནང་ཡོ་བསྲང་བཅས་བྱེད་དུ་འཇུག་དགོས།  དག་ཐེར་དང་ལེན་མ་བྱས་ཚེ། ཁྲིམས་ལྟར་དེའི་ཐོ་འགོད་ལག་ཁྱེར་རམ་འཛུགས་འཐུས་འཁྲོལ་འཛིན་ཕྱིར་བསྡུ་བྱ་དགོས།  ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྒྱུ་དངོས་ཡོད་ཚེ་གཞུང་བཞེས་གཏོང་དགོས། (གཅིག)གཏན་འབེབས་ལྟར་ཐོ་འགོད་སྒྱུར་བཅོས་མི་བྱེད་པའམ་ཡང་ན་ཐོ་འགོད་སྙན་སེང་གི་འགྲོ་ལུགས་མི་སྒྲིམ་མཁན་དང་། (གཉིས། )ཆོས་ལུགས་སློབ་གླིང་གིས་གསོ་སྐྱོང་དམིགས་ཡུལ་དང་། སློབ་གཉེར་སྒྲིག་ཡིག སློབ་ཚན་བཀོད་སྒྲིག་བཅས་ཀྱི་བླང་བྱ་ལས་འགལ་རིགས། (གསུམ།)ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་སྲོལ་ཡིག་འདིའི་དོན་ཚན་ཉེར་དྲུག་པའི་གཏན་འབེབས་དང་འགལ་ཏེ།  འབྲེལ་ཡོད་དོ་དམ་ལམ་ལུགས་མ་བཙུགས་པའམ་ཡང་ན་དོ་དམ་ལམ་ལུགས་དེ་བླང་བྱ་དང་མ་འཚམ་པ། (བཞི།)ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་སྲོལ་ཡིག་འདིའི་དོན་ཚན་ང་བཞི་པའི་གཏན་འབེབས་དང་འགལ་ཏེ། ཆོས་ལུགས་བྱེད་སྒོར་བེད་སྤྱོད་བྱེད་བཞིན་པའི་ཁང་པ་དང་།  བཟོ་བཀོད།  ཞོར་གཏོགས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་འཚོ་བར་སྤྱོད་བྱེད་ཀྱི་ཁང་པ་ནང་བཤུག་གཏོང་བ་དང་གཏའ་མར་འཇོག་པའམ་ཡང་ན་དངོས་པོར་བརྩིས་ཏེ་ཚོང་གཉེར་བྱེད་མཁན། (ལྔ།)ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དུ་ལས་འཛོལ་ཚབས་ཆེན་བྱུང་བ་དང་།  དོན་རྐྱེན་ཚབས་ཆེན་བྱུང་ནའང་འཕྲལ་དུ་སྙན་ཞུ་མ་བྱས་པར་མཇུག་འབྲས་ངན་པ་བཟོས་རིགས།(དྲུག)སྲོལ་ཡིག་འདིའི་དོན་ཚན་ལྔ་པའི་གཏན་འབེབས་དང་འགལ་ནས།  ཆོས་ལུགས་ཀྱི་རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་དང་འགལ་རིགས། (བདུན།)རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས།  རྒྱལ་ཁབ་ཕྱི་ནང་གི་ཞལ་འདེབས་དང་ལེན་བྱས་རིགས།  (བརྒྱད།)སྲིད་འཛིན་དོ་དམ་ལས་ཁུངས་ཀྱིས་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་པར་དང་ལེན་མི་བྱེད་པ་བཅས་སོ།།

དོན་ཚན་རེ་དྲུག་པ།  གནས་སྐབས་བྱེད་སྒོ་སྤེལ་སའི་བྱེད་སྒོ་རྣམས་སྲོལ་ཡིག་འདིའི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཚེ།  ཆོས་དོན་སྡེ་ཁག་གིས་ཡོ་བསྲང་བྱེད་དུ་འཇུག་དགོས།  གནས་ཚུལ་ཚབས་ཆེན་ཡིན་ན། བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་མ་ཟད།  གནས་སྐབས་བྱེད་སྒོ་སྤེལ་ས་དེ་མེད་པ་བཟོ་དགོས། ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྒྱུ་དངོས་ཡོད་ཚེ་གཞུང་བཞེས་གཏོང་དགོས།

དོན་ཚན་རེ་བདུན་པ།  ཆོས་ལུགས་ཚོགས་པ་དང་།  ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱིས་རྒྱལ་ཁབ་ཀྱི་ནོར་དོན་དང་། རྩིས་གཉེར། རྒྱུ་ནོར། ཁྲལ་དོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལས་འགལ་ཚེ།  ནོར་སྲིད་དང་ཁྲལ་དོན་ལ་སོགས་ཚན་པས་འབྲེལ་ཡོད་ཀྱི་གཏན་འབེབས་གཞིར་བཟུང་ཆད་པ་གཅོད་དགོས།  བྱས་ཉེས་ཚབས་ཆེན་ཡིན་རིགས།  ནོར་སྲིད་དང་ཁྲལ་དོན་ཚན་པས་བཏོན་པ་བརྒྱུད།  ཐོ་འགོད་དོ་དམ་ཚན་པའམ་འཛུགས་འཐུས་ཆོག་མཆན་གནང་མཁན་ཚན་པས་དེའི་ཐོ་འགོད་ལག་ཁྱེར་དང་འཛུགས་འཐུས་འཁྲོལ་འཛིན་ཕྱིར་བསྡུ་བྱ་དགོས།

དོན་ཚན་རེ་བརྒྱད་པ། ཆོས་ལུགས་ཀྱི་ནང་དོན་དང་འབྲེལ་བ་ཡོད་པའི་དཔེ་སྐྲུན་དཔེ་ཆའམ་ཡང་ན་དྲ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུར་སྲོལ་ཡིག་འདིའི་དོན་ཚན་ཞེ་ལྔ་པའི་ནང་གསེས་དོན་ཚན་གཉིས་པར་གཏན་ལ་ཕབ་པའི་བཀག་བྱའི་ནང་དོན་ཡོད་ཚེ།  དེ་འབྲེལ་གྱི་འགན་འཁྲི་ཡོད་པའི་ལས་ཁུངས་དང་མི་སྣར་འབྲེལ་ཡོད་ཚན་པས་ཁྲིམས་ལྟར་སྲིད་འཛིན་གྱི་ཆད་པ་གཅོད་དགོས།  ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས། དྲ་རྒྱའི་ཆོས་ལུགས་ཆ་འཕྲིན་ཞབས་ཞུ་རང་དགར་གཉེར་བའམ་ཡང་ན་ཆོག་མཆན་དང་ཐོ་འགོད་རྣམ་གྲངས་ལས་འགལ་ཏེ་ཞབས་ཞུ་མཁོ་འདོན་བྱས་ཚེ། འབྲེལ་ཡོད་ཚན་པས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་བྱ་དགོས།

དོན་ཚན་རེ་དགུ་པ།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་རང་དགར་བཙུགས་རིགས་དང་།   ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གྱི་ཐེམ་ཐོ་མེད་པ་བཟོས་པའམ་ཐོ་འགོད་ལག་ཁྱེར་ཕྱིར་བསྡུ་བྱས་པའི་རིགས་ཀྱིས་སྔར་བཞིན་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་བ།  ཡང་ན་ཆོས་ལུགས་སློབ་གླིང་རང་དགར་གཉེར་བ་ལ་སོགས་བྱས་ཚེ།  ཆོས་དོན་སྡེ་ཁག་གིས་འབྲེལ་ཡོད་ཚན་པ་དང་མཉམ་དུ་དེ་མེད་པ་བཟོ་དགོས།   ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྒྱུ་དངོས་ཡོད་ན་གཞུང་བཞེས་གཏོང་དགོས།  ཁྲིམས་འགལ་གྱི་ཡོང་འབབ་གཏན་འཁེལ་བྱེད་ཐབས་མེད་ན། སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་དགོས།  ཁྲིམས་འགལ་གྱི་ཁང་པ་དང་བཟོ་བཀོད་ཀྱི་རིགས་ཡོད་ཚེ།  འཆར་འགོད་དང་འཛུགས་སྐྲུན་སྡེ་ཚན་གྱིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས། བདེ་འཇགས་སྐོར་གྱི་དོ་དམ་སྲོལ་ཡིག་དང་འགལ་བའི་བྱ་སྤྱོད་ཡོད་ཚེ། ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས། ཆོས་ལུགས་ཚོགས་པ་མིན་པ་དང་།  ཆོས་ལུགས་སློབ་གླིང་མིན་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་མིན་པ། དམིགས་འཛུགས་བྱས་པའི་གནས་སྐབས་བྱེད་སྒོ་སྤེལ་ས་མིན་པ་རྣམས་ཀྱིས་ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས་དང་གཉེར་སྐྱོང་བྱས་ནས་ཆོས་ལུགས་ཀྱི་རང་བཞིན་ལྡན་པའི་ཞལ་འདེབས་དང་ལེན་བྱེད་མཁན་ལ་ཆོས་དོན་སྡེ་ཚན་གྱིས་སྤྱི་བདེ་དང་། དམངས་སྲིད། འཛུགས་སྐྲུན། རིག་གནས། ཡུལ་སྐོར། རིག་དངོས་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་དགོས། ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྒྱུ་དངོས་ཡོད་ན་གཞུང་བཞེས་གཏོང་དགོས་པ་མ་ཟད།   ཁྲིམས་འགལ་གྱི་ཡོང་འབབ་ཡོངས་ཀྱི་ལྡབ་1ཡན་དང་ལྡབ་3མན་གྱི་དངུལ་ཆད་བཅད་ཆོག  ཁྲིམས་འགལ་གྱི་ཡོང་འབབ་གཏན་འཁེལ་བྱེད་ཐབས་མེད་ན། སྒོར་ཁྲི་5མན་གྱི་དངུལ་ཆད་གཅོད་དགོས། ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་བདུན་ཅུ་པ། རང་དགར་སྤྱི་དམངས་སྒྲིག་འཛུགས་བྱས་ནས་ཕྱི་རྒྱལ་དུ་ཆོས་ལུགས་ཐད་ཀྱི་སྦྱོང་བརྡར་དང་། ཚོགས་འདུ། གནས་མཇལ་སོགས་ཀྱི་བྱེད་སྒོར་ཞུགས་སུ་འཇུག་པ་དང་།  ཡང་ན་རང་དགར་ཆོས་ལུགས་སློབ་གསོའི་སྦྱོང་བརྡར་གཉེར་ན།  ཆོས་དོན་སྡེ་ཁག་གིས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་སྦྲགས།   སྒོར་ཁྲི་2ཡན་དང་ཁྲི་20མན་གྱི་དངུལ་ཆད་བཅད་ཆོག  ཁྲིམས་འགལ་གྱི་ཡོང་འབབ་ཡོད་ན།   ཁྲིམས་འགལ་གྱི་ཡོང་འབབ་དེ་དག་གཞུང་བཞེས་གཏོང་དགོས།  ཉེས་གསོག་གི་ཚད་ལ་སླེབས་ན། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས། ཆོས་ལུགས་སློབ་གླིང་ཕུད་པའི་སློབ་གྲྭ་གཞན་དང་དེ་བཞིན་སློབ་གསོའི་སྡེ་ཚན་དུ་ཆོས་ལུགས་བརྒྱུད་སྤེལ་དང་། ཆོས་ལུགས་བྱེད་སྒོ་སྤེལ་བ། ཆོས་ལུགས་རྩ་འཛུགས་འཛུགས་པ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པ་བཅས་བྱས་ན།  དེ་གའི་ཆོག་མཆན་སྤྲོད་མཁན་ལས་ཁུངས་སམ་འབྲེལ་ཡོད་ཚན་པ་གཞན་དག་གིས་དུས་བཀག་ལྟར་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད་ཐ་ཚིག་སྒྲོག་དགོས།  ཁྲིམས་འགལ་གྱི་ཡོང་འབབ་ཡོད་ན།  ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས། ཉེས་ཚབས་ཆེན་པོ་ཡོད་ན། སློབ་མ་བསྡུ་མཚམས་འཇོག་ཏུ་འཇུག་དགོས་པ་དང་སློབ་གཉེར་འཁྲོལ་འཛིན་ཕྱིར་བསྡུ་བྱ་དགོས།  ཉེས་གསོག་གི་ཚད་ལ་སླེབས་ན། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་དོན་གཅིག་པ། ཁྲིམས་འགལ་གྱི་ཆོས་ལུགས་བྱེད་སྒོར་མཐུན་རྐྱེན་བསྐྲུན་ཚེ།  ཆོས་དོན་སྡེ་ཁག་གིས་ཐ་ཚིག་སྒྲོག་དགོས།   ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྒྱུ་དངོས་ཡོད་ན།  ཁྲིམས་འགལ་གྱི་ཡོང་འབབ་དང་རྒྱུ་དངོས་རྣམས་གཞུང་བཞེས་གཏོང་དགོས།  ཉེས་ཚབས་ཆེན་པོ་ཡོད་ན། སྒོར་ཁྲི་2ཡན་དང་ཁྲི་20མན་གྱི་དངུལ་ཆད་གཅོད་དགོས།  ཁྲིམས་འགལ་གྱི་ཁང་པ་དང་བཟོ་བཀོད་ཡོད་ན། འཆར་འགོད་དང་འཛུགས་སྐྲུན་སྡེ་ཚན་གྱིས་ཁྲིམས་ལྟར་ཐག་གཅོད་བྱ་དགོས།  བདེ་འཇགས་སྐོར་གྱི་དོ་དམ་སྲོལ་ཡིག་དང་འགལ་བའི་བྱ་སྤྱོད་ཡོད་ན།  ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།

དོན་ཚན་དོན་གཉིས་པ།  སྲོལ་ཡིག་འདིའི་གཏན་འབེབས་དང་འགལ་ནས་མཐོངས་ཡངས་སུ་སྐུ་རྟེན་ཆེ་གྲས་བཞེངས་ན།   ཆོས་དོན་སྡེ་ཁག་གིས་རྒྱལ་ཁབ་ས་ཆ་ཐོན་ཁུངས་དང་། འཆར་བཀོད། འཛུགས་སྐྲུན། ཡུལ་སྐོར་ལ་སོགས་ཚན་པ་དང་མཉམ་དུ་དེ་བཞེངས་མཚམས་འཇོག་ཏུ་འཇུག་དགོས་པ་དང་དུས་བཅད་ལྟར་བཤིག་ཏུ་འཇུག་དགོས།  ཁྲིམས་འགལ་གྱི་ཡོང་འབབ་ཡོད་ན།   ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས།  ཉེས་ཚབས་ཆེན་པོ་ཡོད་ན།   དེ་དང་མཉམ་དུ་སྐུ་རྟེན་བཞེང་བར་མཁོ་བའི་མ་གནས་ཡོངས་ཀྱི་བརྒྱ་ཆ་ལྔ་ཡན་དང་བརྒྱ་ཆ་བཅུ་མན་གྱི་དངུལ་ཆད་གཅོད་དགོས།  ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ལམ་ཡང་ན་མཐོངས་ཡངས་སུ་སྐུ་རྟེན་ཆེ་གྲས་བཞེང་བར་མ་དངུལ་བཏང་བ་དང་གཉེར་སྐྱོང་བྱེད་འགན་གཙང་ལེན་བྱས་ཚེ། ཆོས་དོན་སྡེ་ཁག་གིས་བཟོ་ཚོང་དང་། འཆར་བཀོད། འཛུགས་སྐྲུན་སོགས་ཚན་པ་དང་མཉམ་དུ་ཡོ་བསྲང་བྱེད་དུ་འཇུག་དགོས་པ་མ་ཟད། ཁྲིམས་འགལ་གྱི་ཡོང་འབབ་རྣམས་གཞུང་བཞེས་གཏོང་དགོས།  ཉེས་ཚབས་ཆེན་པོ་ཡོད་རིགས། ཐོ་འགོད་དོ་དམ་ཚན་པས་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དེའི་ཐོ་འགོད་ལག་ཁྱེར་ཕྱིར་བསྡུ་བྱ་དགོས་པ་མ་ཟད། ཁྲིམས་ལྟར་འབྲེལ་ཡོད་མི་སྣའི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་དོན་གསུམ་པ།  ཆོས་ལུགས་ལས་རིགས་མི་སྣར་གཤམ་གསལ་གྱི་བྱ་སྤྱོད་དག་ལས་གང་རུང་ཞིག་ཡོད་ཚེ།  ཆོས་དོན་སྡེ་ཁག་གིས་ཐ་ཚིག་སྒྲོག་དགོས་པ་དང་སྦྲགས།  ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་འགལ་གྱི་རྒྱུ་དངོས་རྣམས་གཞུང་བཞེས་གཏོང་དགོས།  ཉེས་ཚབས་ཆེན་པོ་ཡོད་ན།  ཆོས་དོན་སྡེ་ཁག་གིས་འབྲེལ་ཡོད་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་བཅས་ལ་གྲོས་འགོ་བཏོན་ནས།  ཆོས་དོན་བྱེད་སྒོ་དེ་གནས་སྐབས་རིང་སྤེལ་མཚམས་འཇོག་ཏུ་འཇུག་དགོས་པ་དང་དེ་འབྲེལ་གྱི་ཆོས་ལུགས་ལས་རིགས་མི་སྣའི་ཐོབ་ཐང་མེད་པ་བཟོ་དགོས་པ་མ་ཟད།  འབྲེལ་ཡོད་ཆོས་ལུགས་ཚོགས་པ་དང་། ཆོས་ལུགས་སློབ་གླིང་། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་འགན་འཁུར་མི་སྣའི་འགན་འཁྲི་རྩད་གཅོད་བྱ་དགོས།  བདེ་འཇགས་སྐོར་གྱི་དོ་དམ་སྲོལ་ཡིག་དང་འགལ་བའི་བྱ་སྤྱོད་ཡོད་ན།   ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས།  ཉེས་གསོག་གི་ཚད་ལ་སླེབས་ཚེ། ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།(གཅིག)ཆོས་ལུགས་ཐལ་དྲགས་རིང་ལུགས་དྲིལ་བསྒྲགས་དང་། དེར་རྒྱབ་སྐྱོར་དང་རྒྱུ་ནོར་གྱི་རོགས་སྐྱོར། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག    མེས་རྒྱལ་ཁ་ཕྲལ།  འཇིགས་སྐུལ་གྱི་བྱེད་སྒོ་སྤེལ་བའམ་ཡང་ན་དེ་འབྲེལ་གྱི་བྱེད་སྒོར་ཞུགས་པ།(གཉིས།)ཕྱི་རྒྱལ་གྱི་སྟོབས་ཤུགས་འོག་ཚུད་པ།  ཕྱི་རྒྱལ་གྱི་ཆོས་ལུགས་ཚོགས་པའམ་ཚན་པས་བསྐོ་གཞག་བྱས་པའི་ཆོས་གནས་རང་དགར་དང་ལེན།  དེ་བཞིན་ཆོས་ལུགས་ཀྱི་རང་ཚུགས་རང་བདག་རང་གཉེར་གྱི་རྩ་དོན་དང་འགལ་།(གསུམ།)རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་དང་འགལ་ནས་རྒྱལ་ཁབ་ཕྱི་ནང་གི་ཞལ་འདེབས་དང་ལེན་བྱས་རིགས།(བཞི།)ཆོག་མཆན་མེད་པར་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་གྱི་ཕྱི་རོལ་ཏུ་ཆོས་ལུགས་བྱེད་སྒོ་སྒྲིག་འཛུགས་དང་གཙོ་གཉེར་བྱས་རིགས།(ལྔ།)བཅའ་ཁྲིམས་དང་། ཁྲིམས་སྲོལ། སྒྲིག་སྲོལ་བཅས་ལས་འགལ་བའི་བྱ་སྤྱོད་གཞན་པ་བཅས་སོ།།

དོན་ཚན་དོན་བཞི་པ། ཆོས་ལུགས་ལས་རིགས་མི་སྣར་བརྫུས་ནས་ཆོས་ལུགས་བྱེད་སྒོ་སྤེལ་བའམ་ཡང་ན་དངུལ་དང་རྒྱུ་ནོར་གཡོ་ལེན་སོགས་ཀྱི་བྱེད་སྒོ་སྤེལ་ན།   ཆོས་དོན་སྡེ་ཁག་གིས་བྱེད་སྒོ་སྤེལ་མཚམས་འཇོག་ཏུ་འཇུག་དགོས།  ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་མཐུན་མིན་པའི་རྒྱུ་དངོས་ཡོད་ན།  ཁྲིམས་འགལ་གྱི་ཡོང་འབབ་དང་ཁྲིམས་མཐུན་མིན་པའི་རྒྱུ་དངོས་རྣམས་གཞུང་བཞེས་གཏོང་དགོས་པ་མ་ཟད།  སྒོར་ཁྲི་1མན་གྱི་དངུལ་ཆད་གཅོད་དགོས།  བདེ་འཇགས་སྐོར་གྱི་དོ་དམ་སྲོལ་ཡིག་དང་འགལ་བའི་བྱ་སྤྱོད་ཡོད་ན།  ཁྲིམས་ལྟར་བདེ་འཇགས་དོ་དམ་གྱི་ཆད་པ་གཅོད་དགོས། ཉེས་གསོག་གི་ཚད་ལ་སླེབས་ཚེ།  ཁྲིམས་ལྟར་ཉེས་དོན་གྱི་འགན་འཁྲི་རྩད་གཅོད་བྱ་དགོས།

དོན་ཚན་དོན་ལྔ་པ། ཆོས་དོན་སྡེ་ཁག་གི་སྲིད་འཛིན་བྱ་སྤྱོད་ལ་མོས་མཐུན་མེད་ན།  ཁྲིམས་ལྟར་སྲིད་འཛིན་བསྐྱར་གྲོས་ཡོང་བའི་རེ་འདུན་ཞུས་ཆོག  སྲིད་འཛིན་བསྐྱར་གྲོས་བྱས་འབྲས་ལ་མོས་མཐུན་མེད་ན། ཁྲིམས་ལྟར་སྲིད་འཛིན་གཏུག་བཤེར་བྱས་ཆོག

ལེའུ་དགུ་པ།  ཞར་བྱུང་།

དོན་ཚན་དོན་དྲུག་པ།  ནང་ས་དང་།  ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ། ཐའེ་ཝེན་ས་ཁུལ་བཅས་དང་ཆོས་ཕྱོགས་ཀྱི་འགྲོ་འོང་བྱ་དགོས་ན། བཅའ་ཁྲིམས་དང་།  སྲིད་འཛིན་ཁྲིམས་སྲོལ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར་འགྲོ་ལུགས་འགྲིམ་དགོས།

དོན་ཚན་དོན་བདུན་པ། སྲོལ་ཡིག་འདི་2018ལོའི་ཟླ་2ཚེས་1ཉིན་ནས་ལག་བསྟར་དགོས།