གཏའ་བཞག་རླངས་འཁོར་ཉོས་ན་ཉེན་ཁ་གང་དག་ཡོད་དམ།

 

ཁྲིམས་རྩོད་པ་དུང་དཀར་མཚོས་ཁྲིམས་གླེང་ཚོགས་པ་རུ་སྤེལ་བའི་གཏམ་བཤད།

ནམ་རྒྱུན་མི་རྣམས་ཀྱིས་གླེང་བཞིན་པའི་གཏའ་བཞག་རླངས་འཁོར་ཞེས་པ་ནི་གཏའ་རྫས་གཏའ་བདག་གི་ལག་ཏུ་བཞག་པའི་བཞག་གཏའ་(质押)དང་། གཏའ་རྫས་གཏའ་བདག་ལ་མ་བྱིན་པར་རྫས་བདག་གམ་དོམ་པས་བཟུང་བའི་འཛིན་གཏའ་འམ་རྟགས་གཏའ་(抵押)རང་བཞིན་ཅན་གྱི་གཏའ་བཞག་རླངས་འཁོར་ཞེས་རིགས་འདི་གཉིས་ལ་གོ གཏའ་བཞག་རླངས་འཁོར་གྱི་རིན་གོང་ཕལ་ཆེ་བ་ཤིན་ཏུ་དམའ་ཞིང་ཚོང་རའི་ནང་གི་རླངས་འཁོར་ལས་རིན་གོང་ཕྱེད་ཙམ་དང་ཡང་ན་དེ་ལས་ཀྱང་ཉུང་བ་ཡིན་པས་རླངས་འཁོར་དེ་རིགས་ཉོ་མཁན་མང་། དེས་ན་གཏའ་བཞག་རླངས་འཁོར་ཉོ་བ་ལ་ཉེན་ཁ་ཅི་ཞིག་ཡོད་པ་དང་། ཉོ་བདག་གིས་ཉོ་སྐབས་དོ་སྣང་བྱེད་དགོས་པའི་གནད་གང་གང་ཡོད་པ་དང་། ཉོ་བདག་གིས་ཉོས་ཟིན་པའི་རྗེས་སུ་ཁྲིམས་ལུགས་ཀྱི་ཉེན་ཁ་གང་དག་ཡོད་དམ་ཞེ་ན། 

དང་པོ། རྒྱབ་ལྗོངས། 

དེང་སྐབས་རླངས་འཁོར་རྙིང་པའམ་གཞན་ལག་བརྒྱུད་པའི་རླངས་འཁོར་ཉོ་ཚོང་བྱེད་པའི་ཚོང་ར་ཇེ་ཆེར་སོང་བ་དང་བསྟུན་ནས། རླངས་འཁོར་དེ་རིགས་འཚོང་མཁན་དང་ཚད་ལྡན་གྱི་ལྟ་རྟོག་བྲལ་བའི་དམངས་ཁྲོད་དངུལ་བུན་གཏོང་བའི་ལམ་ལུགས་གཉིས་མཉམ་དུ་འདུས་པའི་མཐར་གཏའ་བཞག་རླངས་འཁོར་བཙོང་རྒྱུ་ཁྱབ་བརྡལ་དུ་སོང་བའི་གནད་དོན་འདི་རིགས་བྱུང་། ཡང་གཅིག་བཤད་ན། རླངས་འཁོར་གྱི་བདག་པོ་མང་པོ་ཞིག་གིས་རང་གི་རླངས་འཁོར་གཏའ་མར་བཞག་སྟེ་དོམ་བླངས་ནས་ཕྱིས་སུ་དོམ་འཇལ་མ་ཐུབ་ཅིང་། རླངས་འཁོར་བཙོང་མཁན་གྱིས་གཏའ་མར་བཞག་པའི་རླངས་འཁོར་དེ་རིགས་རླངས་འཁོར་བདག་པོའི་མོས་མཐུན་ཡོད་མེད་ལ་མ་ལྟོས་ཤིང་། ཚད་ལྡན་གྱི་རླངས་འཁོར་བཙོང་བའི་འགྲོ་ལུགས་མ་བསྒྲུབ་པར་རླངས་འཁོར་རིན་གོང་ཉུང་ངུའི་སྒོ་ནས་གཞན་ལ་བཙོང་ནས་དོམ་པས་མ་འཕྲོད་པའི་དོམ་འཕྲོ་གསབ་ཐབས་བྱས། གཏའ་བཞག་རླངས་འཁོར་འདི་རིགས་ཀྱི་རྒྱུ་སྤུས་བཟང་ཞིང་བདག་སྐྱོང་ཡང་ལེགས་པ་མ་ཟད་རིན་གོང་ཡང་དམའ་བའི་དབང་གིས། ཁྲིམས་ལུགས་ཀྱི་ཉེན་ཁ་ཅི་ཡོད་ལ་ཚོད་དཔག་དང་ཤེས་ཡོན་གྱི་ཆུ་ཚད་ཞན་པའི་རྒྱ་ཆེའི་ཉོ་མཁན་རྣམས་ཀྱིས་རླངས་འཁོར་གྱི་རིན་གོང་དང་འགྲོ་ལུགས་བསྒྲུབ་སླ་བ་དེ་ཁོ་ན་ལ་དམིགས་ཏེ། རླངས་འཁོར་བཙོང་མཁན་ལ་རླངས་འཁོར་འཚོང་བའི་ཐོབ་ཐང་ཆ་ཚང་ཡོད་པར་ཡིད་ཆེས་བྱེད་བཞིན་པ་མ་ཟད། རླངས་འཁོར་གྱི་བདག་པོ་ངོ་མ་ཕྱིས་སུ་རླངས་འཁོར་གྱི་ར་མདར་ཡོང་མི་སྲིད་སྙམ་པའི་ངང་ནས་གཏའ་བཞག་རླངས་འཁོར་བཙོང་མཁན་དང་གན་རྒྱ་ནི་བཞག རིག་གོང་ནི་སྤྲད། མཛུབ་ཐེལ་ནི་མནན་ཏེ་རླངས་འཁོར་བླངས། འོན་ཀྱང་རླངས་འཁོར་འདི་རིགས་ཀྱི་ཐོབ་ཐང་ལ་ཁྲིམས་ལུགས་སྟེང་གི་ཤན་དང་ཐོབ་ཐང་གི་སེལ་བ་ཡོད་པ་སྨྲོས་མེད་ཡིན་པས། མི་ལ་ལས་རླངས་འཁོར་ཉོས་ནས་ཅང་མ་འགོར་བར་ཁྲིམས་ཁང་ཡོང་སྟེ་རླངས་འཁོར་ཁྱེར་ཏེ་གཞན་ལ་རྡེག་བཙོང་བྱེད་པའམ། དོམ་བདག་སུ་ཡིན་འདི་ཡིན་མི་ཤེས་པ་ཞིག་གིས་རླངས་འཁོར་བསྐོར་ནས་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་རབ་དང་རིམ་པ་བྱུང་བཞིན་པ་རེད། འདི་འདྲའི་དོན་དག་བྱུང་བའི་རྗེས་སུ་ཉོ་བདག་གཏའ་བཞག་རླངས་འཁོར་བཙོང་མཁན་གྱི་གམ་ལ་བསྐྱར་དུ་སོང་སྟེ་གྱོད་བརྒྱབ་ཚེ་དེས་རང་གིས་ཀྱང་མི་གོ་བའི་གན་རྒྱ་དོན་ཚན་སྣ་རིང་མ་དྲུད་ཡོང་ནས་ཉོ་མཁན་ལ་མི་ཕན་པའི་ལོ་རབས་མང་པོ་བཤད་ན་ཉོ་མཁན་གྱིས་ཁྲིམས་ལ་གཏུག་བསམ་ཀྱང་རྒྱལ་ཁ་མེད་པའི་གནས་སུ་ལྷུང་སྟེ་མཐར་སྒོར་མོ་ཤོར་ལ་རླངས་འཁོར་ཡང་ཤོར་བའི་ཐབས་རྡུགས་པའི་གནས་སུ་ལྷུང་བ་ལས་གཞན་མེད། 

གཉིས་པ། གཏའ་མའི་ཁྱད་པར་དང་གོ་དོན། 

རླངས་འཁོར་གཏའ་བདག་གི་ལག་ཏུ་ཡོད་པའི་བཞག་གཏའ་དང་རླངས་འཁོར་གཏའ་བདག་གི་ལག་ཏུ་མེད་པར་འཚོང་མཁན་སོགས་ཀྱི་ལག་ཏུ་ཡོད་པའི་རྟགས་གཏའི་བར་ལ་ཁྱད་པར་ཆེན་པོ་ཡོད་ཏེ། མི་མང་པོས་འདི་གཉིས་རིགས་གཅིག་ཏུ་ཡིན་པར་བསམ་ཀྱང་དེ་ལྟ་བུ་ཞིག་མིན། ཁྲིམས་ལུགས་ཀྱི་ངོས་ནས་བཤད་ན་རླངས་འཁོར་གཏའ་མར་འཇོག་དུས་འཇོག་སྟངས་གཉིས་ཡོད་པ་དང་། རླངས་འཁོར་ཀྱི་བདག་པོས་དོམ་བདག་གི་ལག་ནས་དོམ་ལེན་སྐབས་དོམ་མ་འཕྲོད་ན་རླངས་འཁོར་ཁྱེར་ཤིག་ཅེས་ཁས་འཆའ་བའམ་འཕྲུལ་འཁོར་དོ་དམ་ཁང་ནས་རླངས་འཁོར་དེ་གཏའ་མར་བཞག་པའི་རྟགས་བརྒྱབ་པའི་འགྲོ་ལུགས་རྫོགས་ཏེ་རླངས་འཁོར་དོམ་བདག་ལ་མ་སྤྲད་པར་སྔར་བཞིན་དོམ་པའམ་རླངས་འཁོར་གྱི་བདག་པོས་བཀོལ་སྤྱོད་བྱས་ཏེ། གལ་ཏེ་རྗེས་སུ་དོམ་པས་དོམ་མ་འཕྲོད་ན་དོམ་བདག་གིས་ཁྲིམས་ཁང་སོགས་བརྒྱུད་ནས་རླངས་འཁོར་བཙོང་སྟེ་དེའི་རིན་གོང་ལས་རང་གི་དོམ་ཐོག་མར་དམིགས་བསལ་གྱིས་བསལ་དགོས་པ་དེ་ལ་རྟགས་གཏའ་དང་ཡང་ན་འཛིན་གཏའ་ཟེར། བཞག་གཏའ་ཞེས་པ་ནི་རང་ལ་དབང་བའི་རླངས་འཁོར་དེ་དོམ་བདག་གི་ལག་ཏུ་བཞག་སྟེ་དོམ་བདག་གི་ལག་ནས་རླངས་འཁོར་དེའི་རིན་ཐང་དང་འཚམས་པའི་དོམ་བླངས་ཤིང་། ཕྱིས་སུ་དོམ་པས་དོམ་མ་འཕྲོད་ཚེ་དོམ་བདག་གིས་དོམ་པའམ་རླངས་འཁོར་བདག་པོའི་མོས་མཐུན་ཡོད་མེད་ལ་མ་ལྟོས་བར་དངོས་པོ་དེ་བཙོང་ནས་དོམ་བསལ་བའི་གཏའ་སྟངས་དེ་དང་གཏའ་རྫས་དོམ་བདག་གི་ལག་ཏུ་བཞག་པ་ཡིན་པས་ན་བཞག་གཏའ་ཞེས་བརྗོད་པའོ། 

གསུམ་པ། གཏའ་བཞག་རླངས་འཁོར་ཚོང་ལས་ཀྱི་གནས་སྟངས། 

དངོས་ཡོད་ཀྱི་འཚོ་བའི་ཁྲོད་བྱུང་བཞིན་པའི་གནད་དོན་ཁ་ཤས་ནི། དང་པོ། རླངས་འཁོར་བདག་པོས་དངུལ་ཁང་དུ་རླངས་འཁོར་ལ་རྟགས་གཏའི་འགྲོ་ལུགས་བསྒྲུབས་ཏེ་དོམ་བླངས། དེ་ནས་ཕྱིར་རླངས་འཁོར་བཙོང་མཁན་ནམ་གཞན་ཞིག་ལ་བཞག་གཏའི་འགྲོ་ལུགས་བསྒྲུབས་ཏེ་རླངས་འཁོར་བཙོང་མཁན་དང་གཞན་གྱི་ལག་ལ་རླངས་འཁོར་བཞག་དེ་དེ་དག་གི་ལག་ནས་དོམ་བླངས། མཐར་དོམ་པས་རླངས་འཁོར་བཙོང་མཁན་སོགས་ལ་དོམ་མ་འཕྲོད་པས་དེ་དག་གིས་དོམ་ཐང་བརྒྱུད་སྐོར་(债权转让)དང་བཞག་གཏའི་རྫས་དངོས་བརྒྱུད་སྐོར་བཅས་ཀྱི་ཐབས་ལམ་ལ་བརྟེན་ནས་གཏའ་བཞག་རླངས་འཁོར་ཉོ་འདོད་ཀྱི་ཉོ་བདག་ལ་བཙོང་སྟེ་རང་གི་དོམ་བསལ་སྤྱད་བྱས། འདི་འདྲའི་གསན་སྟངས་འོག་ཏུ་བཙོང་མཁན་གྱིས་ཉོ་མཁན་ལ་རླངས་འཁོར་གྱི་ཐོབ་ཐང་ཡི་གེ་བསྐོར་བའི་འགྲོ་ལུགས་བསྒྲུབ་མི་ཐུབ་ཅེས་གསལ་འདེབས་བྱེད་ངེས་ཡིན་ཀྱང་། མི་ལ་ལས་གསལ་འདེབས་དང་ཉེན་ཁ་སྣང་མེད་དུ་བཞག་སྟེ་ཉོས་པ་ཡང་མང་། གཉིས་པ་ནི། རླངས་འཁོར་གྱི་བདག་པོས་རླངས་འཁོར་བཙོང་མཁན་གྱི་ལག་ཏུ་རླངས་འཁོར་བཞག་སྟེ་དོམ་བླངས་ཤིང་ཕྱིས་སུ་དོམ་པས་དོམ་མ་འཕྲོད་པའི་དབང་གིས་རླངས་འཁོར་བཙོང་མཁན་གྱིས་རླངས་འཁོར་བདག་པོའི་མོས་མཐུན་ཡོད་མེད་ལ་མ་ལྟོས་པར་གཏའ་བཞག་རླངས་འཁོར་གཞན་ལ་བཙོང་ཤིང་། བཙོང་སྐབས་རླངས་འཁོར་གྱི་ཐོབ་ཐང་ཡི་གེ་བསྐོར་མི་ཐུབ་པའི་གནས་ཚུལ་གསལ་འདེབས་བྱས། གསུམ་པ། རླངས་འཁོར་བདག་པོས་རླངས་འཁོར་དོམ་བདག་ལ་གཏའ་མར་བཞག་སྟེ་དོམ་བླངས་པའི་རྗེས་སུ་དུས་ལྟར་དོམ་སྤྲད་ཀྱང་རླངས་འཁོར་དོ་དམ་ཁང་དུ་གཏའ་ཐོ་བཀོད་པ་དེ་བསུབ་པའི་ཆོ་ག་མ་བསྒྲུབས་པར་གཞན་ལ་བཙོང་ཞིང་། གཏའ་ཐོ་མ་བསུབ་པའི་དབང་གིས་རླངས་འཁོར་བདག་དབང་གི་ཐོབ་ཐང་ཉོ་མཁན་ལ་བསྐོར་མ་ཐུབ་པ། 

བཞི་བ། ཉེན་ཁ།

རླངས་འཁོར་གྱི་ཐོབ་ཐང་ཡི་གེ་ཚུར་ཉོ་བདག་ལ་བསྐོར་མི་ཐུབ་པ་ནི་གོང་གི་གནས་ཚུལ་ལས་བྱུང་བའི་ཉེན་ཁ་ཡིན། དེས་མི་ཚད་ཉོ་བདག་གིས་མི་ཤེས་པའི་གཏའ་བདག་གཞན་ཀྱང་ཡོད་སྲིད། ཁྲིམས་ལུགས་ཀྱི་ངོས་ཐད་ནས་བཤད་ན་དོམ་བདག་གིས་ཁྲིམས་ལུགས་ཀྱི་བརྒྱུད་རིམ་ལ་བརྟེན་ནས་རླངས་འཁོར་བདག་པོའི་རྒྱུ་ནོར་བཙན་བཙོང་གིས་དོམ་བསལ་བའི་ཐོབ་ཐང་ཡོད། དཔེར་ན་དོམ་བདག་སྔ་མོས་ཁྲིམས་ཁང་ལ་རླངས་འཁོར་བཙན་བཙོང་བྱེད་པའི་རེ་འདུན་བཏོན་པ་ལྟ་བུ། དེར་བརྟེན། གཏའ་བཞག་རླངས་འཁོར་ཉོས་པའི་ཉོ་བདག་གིས་རླངས་འཁོར་བདག་པོས་མི་གཞན་ལ་དོམ་ཆད་ནས་རླངས་འཁོར་ད་དུང་མི་གཞན་ལ་གཏའ་མར་བཞག་ཡོད་མེད་ཤིན་ཏུ་ཤེས་དཀའ་བའི་གནས་ཤིག་ཡིན། རླངས་འཁོར་འདི་མི་སུ་ཡིན་འདི་ཡིན་མི་ཤེས་པ་ཞིག་གིས་ནམ་ཞིག་གི་ཚེ་ན་ཁྱེར་འགྲོ་བར་དོགས་པའམ། རླངས་འཁོར་དེ་ཐེངས་གང་མང་ཞིག་ལ་གཏའ་མར་བཞག་ཅེས་དོགས་པ། ཡང་ན་རླངས་འཁོར་བདག་པོས་བཙོང་མཁན་ལ་དོམ་བསལ་པའི་རྗེས་སུ་རླངས་འཁོར་བདག་པོས་ཁྲིམས་ཁང་ལ་གཏུག་ནས་རླངས་འཁོར་སླར་ལེན་པར་དོགས་ནས་ཉོ་མཁན་བདེ་བར་འདུག་པའི་གོ་སྐབས་དབེན། དེའི་ཕྱིར་གཏའ་བཞག་རླངས་འཁོར་ཉོས་ནས་ཅང་མ་འགོར་བར་ཁྲིམས་ཁང་གིས་རླངས་འཁོར་དེ་ཕྱིར་བླངས་ཏེ་བཙོང་བའམ་ཡང་ན་གཏའ་བཞག་རླངས་འཁོར་གློ་བུར་དུ་སུ་ཡིན་མི་ཤེས་པའི་གཏའ་བདག་གིས་དྲུད་དེ་བཙོང་བའི་གནས་ཚུལ་མང་བོ་བྱུང་། 

བཙན་གྱིས་མི་གཞན་གྱི་བདག་དུ་བཟུང་བའི་རླངས་འཁོར་དྲུད་ན་ཁྲིམས་དང་འགལ་མོད་ཀྱང་། ཉོ་བདག་ལ་མཚོན་ནའང་རང་གིས་རླངས་འཁོར་ཕྱིར་ལེན་པར་ཁྲིམས་གཏུག་བྱེད་པ་ནི་ལས་སླ་བོ་ཞིག་མིན། གོང་གི་གནས་ཚུལ་དེ་གསུམ་ཅིས་ཀྱང་མི་འབྱུང་ཞེས་ཁ་ཚོན་གཅོད་དཀའ་བར་སྣང་བས། གལ་ཏེ་རླངས་འཁོར་གྱི་བདག་པོས་ཁོང་གི་རླངས་འཁོར་རིན་གོང་དམའ་བའི་སྒོ་ནས་གཞན་ལ་བཙོང་ཟིན་པ་ཤེས་ན་ཁོང་གིས་དོམ་བསལ་ཏེ་ཕྱིར་ར་མདར་སྦྲན་སྲིད་པ་དང་། ཉོ་བདག་གིས་གནས་ཚུལ་འདི་ཤེས་བཞིན་གྱིས་ཉོས་པའི་དབང་གིས་འདུན་བཟང་གང་ཟག་གསུམ་པའམ་གང་ཟག་ཕུང་གསུམ་པའི་( 善意第三人 )གྲས་སུ་མི་གཏོགས་ཤིང་། ཉོས་རིན་ཡང་ཤིན་ཏུ་དམའ་བའི་རྐྱེན་གྱིས་གཏའ་བཞག་རླངས་འཁོར་གྱི་བདག་པོ་ངོ་མས་ཉོ་བདག་ལ་གཏུག་བཤེར་བྱས་ཏེ་ཕྱིར་རླངས་འཁོར་ཁྱེར་ཉེན་ཆེ། མི་མང་བོས་གཏའ་བཞག་རླངས་འཁོར་ཉོ་སྐབས་དེ་ལ་ཐོབ་ཐང་གི་གནད་དོན་ཡོད་པ་ཤེས་མེད་ཅེས་བརྗོད་ནའང་དངོས་ཡོད་གནས་ཚུལ་གྱི་ཁྲོད་དུ་ཉོ་བདག་འདུན་བཟང་གང་ཟག་གསུམ་པའི་གྲས་སུ་ཚུད་ཤིན་ཏུ་དཀའ། 

ལྔ་བ། ཐབས་ལམ་སྐོར། 

དེས་ན་ཐབས་ལམ་གང་དག་ལ་བརྟེན་ནས་རང་གི་ཐོབ་ཐང་བསྲུང་དགོས་ཞེ་ན། གལ་ཏེ་རླངས་འཁོར་ཉོ་སྐབས་ཉོ་བདག་གིས་རླངས་འཁོར་ལ་ཐོབ་ཐང་གི་སེལ་བ་ཞུགས་ཡོད་པའི་གཏའ་བཞག་སོགས་ཀྱི་གནས་ཚུལ་མི་ཤེས་པ་དང་། བཙོང་མཁན་གྱིས་དེ་རིགས་ཀྱི་གནད་དོན་འཆབ་སྦེད་བྱས་ཏེ་བཙོངས་པ་ཡིན་པ་བདེན་དཔང་བྱེད་ཐུབ་ན། འདིའི་སྐབས་སུ་ཉོ་བདག་ནི་འདུན་བཟང་གང་ཟག་གསུམ་པའི་གྲས་སུ་གཏོགས་པས་རླངས་འཁོར་གྱི་རིན་པ་ཕྱིར་ལེན་ཐུབ། ཡང་ན། གཏའ་བཞག་རླངས་འཁོར་ཉོ་མཁན་དོམ་གྱི་ཐོབ་ཐང་སྤོས་པའི་དོམ་བདག་ཡིན་པས། དེས་དོམ་པ་སྟེ་རླངས་འཁོར་གྱི་བདག་པོའི་ཚབ་བྱས་ཏེ་དོམ་བསལ་བས་། ཁོང་གིས་རླངས་འཁོར་གྱི་བདག་པོ་ལ་གཏུག་བཤེར་བྱས་ཏེ་སྤྲད་ཟིན་པའི་ཉོ་རིན་དེ་རླངས་འཁོར་བདག་པོས་ཕྱིར་སྤྲོད་དགོས་ཞེས་བཤད་ན་ཆོག 

གཏའ་བཞག་རླངས་འཁོར་བཙོང་མཁན་མང་ཆེ་བ་ལ་ཉམས་མྱོང་མང་པོ་ཡོད་པས། དེས་ཉོ་བདག་དང་འག་རྒྱ་འཇོག་སྐབས་རང་གི་འགན་ཁུར་མེད་པར་བཏང་སྟེ་ཉོ་བདག་གི་འགན་ཁུར་ལྗིད་པར་བཏང་བའི་དོན་ཚན་བཞག་ཡོད་པ་དང་། དེས་ཉོ་བདག་གིས་ཁྲིམས་ལ་བརྟེན་ནས་ཐོབ་ཐང་སྲུང་སྐྱོབ་བྱེད་པར་གེགས་དང་བར་ཆད་མང་པོ་བཟོས། དེའི་སྟབས་ཀྱིས་ཉོ་བདག་གིས་གན་རྒྱ་དང་འབྲེལ་ཡོད་ཀྱི་ཡིག་ཆ་བཟུང་སྟེ་ཁྲིམས་རྩོད་པ་ཞིག་ལ་བློ་འདྲི་བྱས་པའི་རྗེས་སུ་རླངས་འཁོར་ཉོ་བའམ་མི་ཉོ་བའི་ཐག་བཅད་ན་བཟང་། 

གཏམ་བཤད་ཀྱི་རྒྱུ་ཆ་བོད་ཡིག་ལ་བསྒྱུར་མཁན་ནི་ཁྲིམས་གླེང་ཡིན།