ནད་ཡམས་ཁྲོད་ཀྱི་སྤྱི་དམངས་ཐོབ་ཐང་།

 

ད་ལོའི་སྤྱི་ཟླ་དང་པོའི་ནང་དུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཕྲོད་བསྟེན་བདེ་ཐང་ལྷན་ཁང་གིས་ཏོག་གསར་གློ་ཚད་འགོས་ནད་དེ་རིམ་པ་གཉིས་པ་ཅན་གྱི་འགོས་ནད་ལ་ངོས་བཟུང་སྟེ་འགོག་ཐབས་རིམ་པ་དང་པོ་བསྟེན་དགོས་ཞེས་བཀའ་ཡིག་བསྒྲགས་པ་ནས་བཟུང་སྟེ། ཧུའུ་པེ་ཞིང་ཆེན་གཙོ་བྱས་པའི་ས་གནས་ཀྱི་སྲིད་གཞུང་མང་པོ་ཞིག་གིས་ནད་ཡམས་འགོག་བཅོས་ཀྱི་མིང་ཐོག་ནས་གཞུང་གི་དབང་ཐང་རྒྱ་ཆེར་བསྐྱེད་ཅིང་མི་དམངས་ཀྱི་ཐོབ་ཐང་བྲི་བ་དང་ཉུང་ངུར་བཏང་བའི་ཐབས་ལམ་མི་ཉུང་བ་བཀོལ་དེ་ཁྲིམས་ཀྱི་བཅས་མཚམས་ལས་བརྒལ་བའི་སྒོ་ནས་སྤྱི་དམངས་བྱིངས་ཀྱི་ཐོབ་ཐང་ལ་གནོད་པ་བསྐྱལ་ཡོད།། དཔེར་ན་ཉེ་ཆར་ས་གནས་སྲིད་གཞུང་ཞིག་གིས་རང་གི་དབང་འོག་གི་གྲོང་མི་རིས་མེད་ཚང་མ་སྒོར་ཡོང་མི་ཆོག་པར་ནང་དུ་འདུག་དགོས་པའི་བཀའ་ཁྱབ་ཅིག་བསྒྲགས་ཏེ་གལ་ཏེ་འགལ་མཁན་ཡོད་ན་དེ་ལ་ཉིན་བཅུའི་བཀག་ཉར་གྱི་ཆད་པ་གཅོད་རྒྱུ་ཞེས་པའི་ཡིག་ཆ་གཏན་ལ་ཕབ་ཏེ་ལག་བསྟར་བྱས་པ་དང་། དོ་དམ་གྱི་དབང་ཐང་ཅུང་ཙམ་ཡོད་པའི་སྡེ་དམངས་ལྷན་ཁང་གི་ལས་བྱེད་་དང་གཞིས་ཁུལ་དོ་དམ་པ་སོགས་ཀྱིས་ནད་ཡམས་

འགོག་པ་ལ་ཁ་གཡར་་སྟེ་མི་གཞན་གྱི་བགྲོད་ལམ་འགོག་པ་དང་། རང་ཚོད་ཀྱིས་མི་གཞན་མཐར་བསྐྲོད་པ། བཀག་བཀྱིག་དང་ཆད་པ་གཅོད་པ་ལ་སོགས་པའི་མཐོང་ཆོས་སུ་གྱུར་བའི་སྣང་ཚུལ་འདི་དག་ནི་དཔེ་མཚོན་ཙམ་ཡིན། སྤྱིར་སྲིད་གཞུང་དང་གཞུང་གི་དབང་ཐང་ཅུང་ཙམ་བདོག་པའི་ཚོགས་པ་དང་གང་ཟག་གིས་འགན་ཁུར་ཏེ་ནད་ཡམས་འགོག་བཅོས་ཀྱི་ལས་དོན་ལ་འབད་བརྩོན་བྱེད་པ་ནི་དགའ་འོས་པའི་གནས་ཡིན་མོད། འོན་ཀྱང་གཞུང་དོན་སྒྲུབ་སྐབས་གཤམ་གྱི་གང་ཟག་གམ་སྤྱི་དམངས་ཀྱི་རྩ་ཁྲིམས་དང་གཞི་རྩའི་ཐོབ་ཐང་ལ་མཐོང་ཆེན་བྱས་ཏེ་འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་དེ་དག་ལ་རྡོག་རོལ་དང་གནོད་པ་མེད་པའི་སྒོ་ནས་སྒྲུབ་ན་ད་གཟོད་ཁྲིམས་ལྟར་གཞུང་དོན་སྒྲུབ་པའི་དོན་འགྲུབ་ཡོད་པ་མ་ཟད་གཞུང་དམངས་གཉིས་ཕན་གྱི་རྒྱུ་རུ་ཡང་འགྲོ་བས་ན་རྗེས་སུ་ཡི་རང་བྱ་འོས། 

དང་པོ། འཚོ་གནས་ཀྱི་ཐོབ་ཐང་། 

ས་གནས་སྲིད་གཞུང་གིས་ནད་ཡམས་འགོག་བཅོས་ཀྱི་ཆེད་དུ་འགྲིམ་འགྲུལ་གྱི་བཀག་རྒྱ་བསྡམས་དེ་འགྲོ་འོང་གི་ལམ་བཅད་པ་དང་། ཚོང་ཟོག་བརྗེ་རེས་ཀྱི་རྒྱུན་བཅད་ན། དེའི་ཉེར་ལེན་ལས་མི་མང་གི་རྒྱུན་ལྡན་གྱི་འཚོ་བ་ལ་སྟབས་མི་བདེ་བ་དང་དཀའ་ངལ་སྤྲད་པས་མི་ཚད། ས་ཆ་ལ་ལའི་མང་ཚོགས་དང་ལྷག་པར་དུ་དཔལ་འབྱོར་གྱི་འཁོས་ཁ་ཞན་པའི་གྲོང་ཁྱེར་ཆུང་ངུ་ན་གནས་པའི་གྲོང་མི་བཅས་ལ་ཟ་མ་དང་འབུད་ཤིང་སོགས་རྒྱུན་མཁོའི་འཚོ་བའི་ཡོ་བྱད་ཀྱིས་མི་འདང་བའི་དཀའ་ངལ་འཕར་མ་བཟོས་ཡོད། ཉེ་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་དྲ་གྲོགས་ཤིག་གིས་ཁོང་གི་ས་ཁུལ་གྱི་སྲིད་གཞུང་གིས་ཁོང་གི་གཞིས་ཁུལ་ཉེ་འགྲམ་གྱི་ཚོང་ཁང་དང་ཟ་ཁང་ཚང་མ་སྒོ་བརྒྱབ་པས་མི་ཚད། གཞིས་ཁུལ་གྱི་ཡུལ་མི་སྒོ་ཕྱི་ནང་ལའང་འགྲོ་མི་ཆོག་པའི་སྒྲིག་ལམ་བཅས་པའི་དབང་གིས། གཞིས་ཁུལ་ནང་གི་མི་ལ་ལར་ཟ་མ་་དང་དྲོད་འབྱིན་གྱི་འབུད་ཤིང་དང་རྡོ་སོལ་སོགས་ཟད་ནས་དཀའ་ངལ་ལ་འཕྲད་ཅིང་དེ་ལ་ཅི་ཞིག་བྱེད་དགོས་ཞེས་དྲི་བ་ཞིག་ཀྱང་དྲིས་སོང། དཀའ་ངལ་འདི་དག་བསལ་ཏེ་སྤྱི་དམངས་ཀྱི་འཚོ་གནས་ཐོབ་ཐང་ལ་འགན་བསྲུང་བ་ནི་ས་གནས་སྲིད་གཞུང་གི་འགན་ཁུར་ཡིན། འཚོ་གནས་ཀྱི་ཐོབ་ཐང་ནི་འགྲོ་བ་མིའི་ཐོབ་ཐང་ནང་གི་ཐོབ་ཐང་གལ་ཆེན་ཞིག་ཡིན་པ་མ་ཟད་སྲིད་གཞུང་གིས་རང་གི་ཡུལ་མིར་ངེས་པར་དུ་ཁག་ཐེག་དང་འགན་སྲུང་བྱེད་དགོས་པའི་མ་མཐའི་སྤྱི་དམངས་ཀྱི་ཐོབ་ཐང་ཞིག་ཡིན། དེ་ནི་ནམ་རྒྱུན་ཕྱི་རྒྱལ་སྲིད་གཞུང་གིས་ཀྲུང་གོ་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ལ་སྐྱོན་བརྗོད་བྱེད་སྐབས། ཀྲུང་གོ་རྒྱལ་ཁབ་ཀྱིས་ཕྱིར་རྒོལ་ལན་སློག་དུས་འཚོ་གནས་ཀྱི་ཐོབ་ཐང་ནི་ཐོབ་ཐང་ཡོངས་ཀྱི་གལ་ཆེ་ཤོས་ཀྱི་ཐོབ་ཐང་ཡིན་པས་ཀྲུང་གོ་སྲིད་གཞུང་གི་སྤྱི་དམངས་ཀྱི་འཚོ་གནས་ཐོབ་ཐང་དེ་ཐོབ་ཐང་གཞན་ལས་མཆོག་ཏུ་བཀར་ཏེ་སྲུང་སྐྱོབ་བྱེད་བཞིན་ཡོད་ཅེས་ལན་ལྡོན་པར་དགའ་བའི་ཐོབ་ཐང་དེ་ཡང་ཡིན། དེས་ན་ཅི་ཞིག་ལ་འཚོ་གནས་ཐོབ་ཐང་ཟེར་ཞེ་ན། འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་དང་། དཔལ་འབྱོར་དང་སྤྱི་ཚོགས། རིག་གནས་བཅས་ཀྱི་ཐོབ་ཐང་སྐོར་གྱི་རྒྱལ་སྤྱིའི་སྤྱི་ཆིངས་ཞེས་པའི་ཡིག་ཆ་འདི་གཉིས་ཀྱི་ནང་འཚོ་གནས་ཀྱི་ཐོབ་ཐང་ཞེས་པ་ནི་མི་རེ་རེ་ལ་རང་ཉིད་དང་། རང་གི་ནང་མི་བཅས་ལ་ཟས་གོས་དང༌། སྡོད་ཁང༌། སྨན་བཅོས། དེ་མིན་སྤྱི་ཚོགས་ཞབས་འདེགས་ཀྱི་མཐུན་རྐྱེན་དགོས་ངེས་བཅས་ལ་བརྟེན་ནས་ལུས་པོ་བདེ་ཐང་དང༌། བདེ་ཐབས་འགྲིགས་ངེས་ཀྱི་འཚོ་བའི་གནས་སྟངས་ཤིག་དགོས་པའི་ཐོབ་ཐང་དེ་ལ་གོ དེ་འབྲེལ་ལས་ཀ་མ་ཐོབ་པ་དང༌། ནད་ཀྱིས་མནར་བ། དབང་པོ་ཡན་ལག་ཉམས་ཤིང་ལུས་ཀྱི་ནུས་སྟོབས་ཤོར་བ། བཟའ་ཟླ་གྲོངས་པའི་ཕོ་ཧྲེང་མོ་ཧྲེང༌། རྒས་འཁོགས་བཅས་ཀྱི་སྐབས་སམ། གཞན་དག་རང་གི་ནུས་པས་ལྡེང་མིན་གྱིས་རྐྱེན་པའི་འཚོ་ཐབས་ལ་དཀའ་ངལ་བྱུང་སྐབས་དེ་ལ་འཚོ་སྐྱོབ་བྱ་དགོས་ཀྱི་ཐོབ་ཐང་ཡོད་ཅེས་ངོས་བཟུང་ཞིང་། ཀྲུང་གོ་རྒྱལ་ཁབ་ཀྱིས་༢༠༠༡་ལོར་སྤྱི་ཆིངས་འདི་ལ་ངོས་ལེན་བྱས་ཏེ་མིང་རྟགས་བཀོད་ཡོད་པས་ན། ཀྲུང་གོའི་རྒྱལ་ཁབ་ཀྱི་སྲིད་གཞུང་གིས་རང་གི་སྤྱི་དམངས་ཀྱི་མ་མཐའི་འཚོ་བའི་མཐུན་རྐྱེན་དང་འབྱུང་བའི་བར་ཆད་དང་གནོད་པ། ནད་ཡམས་ལ་སོགས་པའི་རྐྱེན་ངན་གྱིས་མནར་བའི་སྤྱི་དམངས་ལ་འཚོ་ཚིས་ཀྱི་མཐུན་རྐྱེན་སྦྱོར་དགོས་པའི་འགན་ཁུར་ཡོད། དེའི་ཕྱིར་ནད་ཡམས་དང་ནད་ཡམས་འགོག་བཅོས་ཀྱི་དབང་གིས་ནམ་རྒྱུན་གྱི་འཚོ་བའི་མཁོ་ཆས་ཀྱི་རྒྱུན་ཆད་ཏེ་འཚོ་བ་ལ་དཀའ་ཁག་བྱུང་བའི་སྤྱི་དམངས་ལ་འདིའི་སྐབས་སུ་སྲིད་གཞུང་གིས་ཁོང་ཚོར་ཟས་གོས་གནས་མལ་འབུད་ཤིང་སོགས་ཀྱི་མཐུན་རྐྱེན་སྦྱོར་བའི་འོས་འགན་ཡོད། འཕྲལ་བྱུང་ཛ་དྲག་དོན་རྐྱེན་གདོང་ལེན་གྱི་ཁྲིམས་(突发事件应对法)ཀྱི་དོན་ཚན་༤༩་ཡི་ཚན་པ་༧་ནང་དུའང་ནད་ཡམས་ལ་སོགས་པའི་དོན་རྐྱེན་བྱུང་ན་སྲིད་གཞུང་གིས་ས་ཁུལ་དེའི་མི་མང་ལ་ཟས་རིགས་དང་བཏུང་ཆུ། འབུད་ཤིང་ལ་སོགས་པའི་མ་མཐའི་འཚོ་བའི་ཡོ་ཆས་མཁོ་སྤྲོད་བྱེད་ཐུབ་པར་ཁག་ཐེག་བྱེད་དགོས་ཞེས་གཏན་ལ་ཕབ་ཡོད་པས་ན། ཟས་གོས་དང་གནས་མལ། འབུད་ཤིང་སོགས་མེད་པའམ་ཟད་པའི་སྤྱི་དམངས་ལ་ས་གནས་ཀྱི་མི་དམངས་སྲིད་གཞུང་གིས་རོགས་རམ་བྱས་ཏེ་མ་མཐའི་འཚོ་བའི་ཆུ་ཚད་དང་བསྟུན་ནས་འཚོ་བ་རོལ་ཐུབ་པར་སྡོང་གྲོགས་བྱེད་པའི་འགན་ཁུར་ཡོད། འགན་ཁུར་དེ་དག་ཁྲིམས་ལུགས་ཀྱིས་བཅས་པའི་འགན་ཁུར་ཡིན་པས་སྲིད་གཞུང་ལ་སྤང་བླང་གི་གདམ་ག་མེད་པར་ངེས་པར་དུ་སྒྲུབ་དགོས་པའི་འགན་འཁུར་ཡིན། 

གཉིས་པ། གང་ཟག་རང་དབང་གི་ཐོབ་ཐང་། 

གང་ཟག་རང་དབང་གི་ཐོབ་ཐང་ངམ་མི་ལུས་རང་དབང་གི་ཐོབ་ཐང་(人身自由权)ཞེས་པ་ནི་སྤྱི་དམངས་ལ་ཁྲིམས་ལུགས་ཀྱི་བཅས་མཚམས་ཀྱི་ནང་དུ་རང་གི་འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་དབང་བསྒྱུར་བའི་ཐོབ་ཐང་ཡོད་པ་དེར་གཞན་གྱིས་བཟུང་བཀྱིག་དང་བཀག་སྡོམ། འཛིན་བཟུང་དང་བསྔོག་བཤེར།གནོད་འཚེ་སོགས་བྱས་མི་ཆོག་པའི་ཐོབ་ཐང་ལ་ཟེར། རྩ་ཁྲིམས་ཀྱི་དོན་ཚན་སོ་བདུན་ཀྱིས་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་གཞན་གྱིས་གནོད་འཚེ་བྱས་མི་ཆོག་ཅེས་གཏན་ལ་ཕབ། འགོས་ནད་འགོག་བཅོས་ཀྱི་ཁྲིམས་དང་འཕྲལ་བྱུང་ཛ་དྲག་དོན་རྐྱེན་གདོང་ལེན་གྱི་ཁྲིམས་ལ་སོགས་ཀྱིས་ནད་ཡམས་ཁྱབ་བརྡལ་དུ་འགྲོ་བར་བཀག་འགོག་བྱེད་ཆེད། ས་གནས་སྲིད་གཞུང་ལ་སྤྱི་དམངས་ཀྱི་མི་ལུས་རང་དབང་ལ་ཚོད་འཛིན་བྱེད་པའི་ཐབས་ལམ་དཔེར་ན་ལོགས་སུ་བཀར་བ། བཀག་སྡོམ། འཕྲོད་བསྟེན་བརྟག་དཔྱད། འགོས་ནད་ཀྱི་རྒྱུ་ལམ་གཅོད་པའི་ཐབས་ལམ་གཞན་པ་བཅས་བསྟེན་ཆོག་པའི་དབང་བསྐུར་ཡོད་པས་ན། སྲིད་གཞུང་གིས་འཕྲལ་བྱུང་གི་དཀའ་ངལ་སེལ་ཆེད་སྤྱི་དམངས་ཀྱི་འགྲོ་འདུག་ཉལ་འཆག་གི་སྤྱོད་ལམ་གནས་སྐབས་ཚོད་འཛིན་བྱས་ཆོག་མོད། འོན་ཀྱང་སྤྱི་དམངས་ཀྱི་མི་ལུས་རང་དབང་གི་ཐོབ་ཐང་ནི་གཞི་རྩའི་ཐོབ་ཐང་གི་ཁོངས་སུ་གཏོགས་པའི་ཐོབ་ཐང་གལ་ཆེན་ཞིག་ཡིན་ཕྱིན། གང་ཟག་དང་ཚོགས་པ་གང་རུང་གིས་ཁྲིམས་ལུགས་ཀྱི་བཅས་པ་དང་དབང་བསྐུར་མེད་པར་ཚོད་འཛིན་བྱས་མི་ཆོག རྩ་ཁྲིམས་ཀྱི་རྩ་དོན་འདི་ཁྲིམས་བཅའ་བའི་ཁྲིམས་(立法法)དང་། ཆེས་མཐོ་མི་དམངས་ཁྲིམས་ཁང་གི་སྲིད་འཛིན་གཏུག་བཤེར་གྱི་ཁྲིམས་ལུང་འདྲེན་ཐད་ཀྱི་འགྲེལ་བཤད་(最高人民法院关于适用中华人民共和国行政诉讼法的解释)ཀྱི་དོན་ཚན་༡༤༨་ནང་དུ། ཁྲིམས་ལུགས་དང་ཁྲིམས་སྲོལ། སྒྲིག་སྲོལ་བཅས་ཀྱི་རྒྱབ་རྟེན་མེད་པར་སྤྱི་དམངས་ཀྱི་ཐོབ་ཐང་འཕྲི་འཐེན་དང་འོས་འགན་འཕར་སྣོན་གྱི་ཡིག་ཆ་གཏན་དབབ་སྒོས་ལག་བསྟར་བྱས་མི་ཆོག་ཅེས་བཅས་པས་ན། ས་གནས་སྲིད་གཞུང་དང་ཞིང་སྡེ་དང་གཞིས་ཁུལ་གྱི་དོ་དམ་པ་ལ་ལས་ཁྲིམས་ཀྱི་རྒྱབ་རྩ་མེད་པར་འགོས་ནད་ཀྱི་མཐོང་ཐོས་དོགས་གསུམ་མེད་པའི་སྤྱི་དམངས་ལ་བཙན་ཤེད་ཀྱིས་བདའ་འདེད་བཀག་སྡོམ་དང་བཟུང་བཀྱིག་ལ་སོགས་པའི་ཆད་པ་གཅོད་པ་ནི་ཁྲིམས་དང་ཡེ་ནས་མི་མཐུན་པའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། དེས་སྤྱི་དམངས་ཀྱི་མི་ལུས་རང་དབང་གི་ཐོབ་ཐང་ལ་གནོད་པ་བསྐྱལ་ཡོད། ཉེ་ཆར་ཧུའུ་ནན་་ཞིང་ཆེན་ཕུ་ཡང་གྲོང་ཁྱེར་(濮阳市)གྱི་ཞིང་སྡེ་ས་ཁུལ་ཞིག་ནས་ནད་འགོག་མི་སྣས་སྡེ་བའི་སྡེ་མི་ཞིག་གི་ཁ་ཐུམ་མ་གྱོན་པའི་དབང་གིས་གདུང་མའི་སྟེང་ལ་བཀྱིགས་ཏེ་ཆད་པ་བཅད་པ་འདི་ནི་སྤྱི་དམངས་ཀྱི་མི་ལུས་རང་དབང་གི་ཐོབ་ཐང་ལ་གནོད་འཚེ་བྱས་པའི་དཔེ་མཚོན་ཞིག་ཡིན་པ་དང་། དེ་བཞིན་དུ་གོང་གི་འགོས་ནད་དང་འབྲེལ་བ་ཡོད་པའི་མཐོང་ཐོས་དོགས་གསུམ་ཡོད་མེད་ལ་མ་ལྟོས་པར་ཕྱི་རོལ་དུ་འགྲོ་མི་ཆོག་པའི་བཀའ་ཁྱབ་བསྒྲགས་ཡོད་པ་དེ་ཡང་ཁྲིམས་ལུགས་ཀྱི་དབང་བསྐུར་མེད་པར་ས་ཁུལ་དེའི་སྤྱི་དམངས་ཀྱི་གང་ཟག་གམ་མི་ལུས་རང་དབང་གི་ཐོབ་ཐང་ལ་གནོད་པ་ཡོད་པའི་ཁྲིམས་འགལ་གྱི་ཡིག་ཆ་ཞིག་ཡིན། 

གསུམ་པ། རྒྱུ་ནོར་གྱི་ཐོབ་ཐང་། 

འགོས་ནད་འགོག་བཅོས་ཀྱི་ཁྲིམས་ལྟར་ན། ནད་ཡམས་ཁྱབ་བརྡལ་དུ་འགྲོ་བའི་སྐབས་སུ། ས་གནས་སྲིད་གཞུང་གིས་ནད་ཡམས་འགོག་བཅོས་ཀྱི་ཆེད་དུ་སྤྱི་དམངས་ཀྱི་རྒྱུ་ནོར་དང་ཁང་ཁྱིམ་སོགས་གཞུང་དུ་སྡུད་པ་དང་གཞུང་དུ་བླངས་དེ་བཀོལ་སྤྱོད་ཀྱི་དབང་ཆ་དང་དམིགས་བསལ་སྤྲད་ཡོད་པས། གལ་ཏེ་དགོས་མཁོ་བྱུང་ན་སྲིད་གཞུང་གིས་དེ་ལྟར་ལས་ཆོག་པ་ཞིག་ཡིན། འོན་ཀྱང་རྒྱུ་ནོར་ཐོབ་ཐང་ནི་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་གལ་ཆེན་ཞིག་ཡིན་པས་ན། རྩ་ཁྲིམས་ཀྱི་ནང་དུ་སྤྱི་དམངས་སྒེར་ལ་དབང་བའི་ཁྲིམས་མཐུན་གྱི་རྒྱུ་ནོར་ལ་གཞན་གྱིས་གནོད་པ་བསྐྱེད་མི་ཆོག་ཅིང་། རྒྱལ་ཁབ་ཀྱིས་ཁྲིམས་ལྟར་སྤྱི་དམངས་ཀྱི་སྒེར་ལ་དབང་བའི་རྒྱུ་ནོར་གྱི་ཐོབ་ཐང་དང་ཤུལ་འཛིན་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ་ཡིན་ཞེས་གཏན་ལ་ཕབ་ཡོད། དེས་ན་ནད་ཡམས་འགོག་པའི་ཆེད་དུ་སྤྱི་དམངས་ཀྱི་ཁྲིམས་མཐུན་གྱི་སྒེར་དབང་རྒྱུ་ནོར་གཞུང་དུ་ལེན་དགོས་ན། སྲིད་གཞུང་གིས་ངེས་པར་དུ་རྒྱུ་བདག་ལ་གུན་གསབ་སྤྲོད་དགོས་པའམ་རྒྱུ་རྫས་ཕྱིར་སྤྲོད་ཀྱི་ཆོ་ག་བསྒྲུབ་དགོས། དཔེར་ན་གང་ཟག་སྒེར་ལ་དབང་བའི་མགྲོན་ཁང་ཞིག་སྲིད་གཞུང་གིས་གཞུང་སྡུད་བྱས་ཏེ་འགོས་ནད་ནད་པ་ཉར་བ་ཡིན་ན། ནད་ཡམས་ཡལ་བའི་རྗེས་སུ་སྲིད་གཞུང་གིས་མགྲོན་ཁང་དེ་གཙང་སྦྲ་བྱས་ཏེ་ཕྱིར་བདག་པོ་ལ་སྤྲོད་དགོས་པ་དང་མགྲོན་ཁང་ཚོང་གཉེར་ལ་བར་ཆད་ཤོར་བའི་གུན་གསབ་འོས་འཚམས་ཀྱང་སྤྲོད་དགོས་ལ་ལྟ་བུའོ། དེ་མིན་སྤྱི་དམངས་ལ་དབང་བའི་རྒྱུན་མཁོའི་འཚོ་བའི་ཡོ་ཆས་དཔེར་ན་ཟས་གོས་དང་ནད་འགོག་གི་སྨན་རྫས་སོགས་སྲིད་གཞུང་གིས་གཞུང་སྡུད་བྱས་ན་མི་འགྲིག 

བཞི་བ། ཁང་ཁྱིམ་གྱི་ཐོབ་ཐང་། 

ཁང་ཁྱིམ་ནི་མི་རེ་རེའི་སྒེར་ངོས་ཀྱི་བཙན་རྫོང་ཞིག་ཡིན་པས། དེའི་ཞི་བདེ་དང་ལྷིང་འཇགས་ལ་མི་གཞན་གྱིས་རང་འདོད་དུ་དཀྲོག་པའམ་གཏོར་བརླག་གམ་བཙན་འཛུལ་སོགས་བྱས་མི་ཆོག དུས་རབས་བཅུ་བདུན་པའི་སྨད་དེ་རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་སྐུ་ཐོག་ཏུ། དབྱིན་ཇིའི་རྒྱལ་ཁབ་ཀྱི་མདུན་ན་འདོན་ཞིག་གིས་རང་ཁྱིམ་ཐེད་པོའི་ནང་དུ་རླུང་དང་ཆར་བ་ཡོང་ཆོག་ཀྱང་། དབྱིན་ཇུའི་རྒྱལ་པོ་ནང་དུ་ཡོང་མི་ཆོག་ཅེས་པའི་གཏམ་བཤད་གྲགས་ཅན་སྤེལ་པ་དེ་ཡིས་ཀྱང་གང་ཟག་ལ་མཚོན་ན་རང་གི་ཁང་ཁྱིམ་གྱི་ཐོབ་ཐང་ནི་ལྷན་སྐྱེས་དང་རང་བཞིན་གྱི་ཐོབ་ཐང་ཡིན་པས་རྒྱལ་པོ་སོགས་ཀྱིས་མཚོན་པའི་གཞུང་གི་དབང་ཐང་གིས་བར་མེད་དུ་གནོད་པ་བྱས་མི་ཆོག་པའི་མཚོན་བྱ་བསྟན། རྩ་ཁྲིམས་ཀྱི་དོན་ཚན་༣༩་ཡི་ནང་དུ་སྤྱི་དམངས་ཀྱི་ཁང་ཁྱིམ་ལ་གཞན་གྱིས་གནོད་པ་བསྐྱེད་མི་ཆོག་ཅིང་། ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་ཁང་ཁྱིམ་དུ་འཛུལ་བའམ་བསྔོག་བཤེར་སོགས་གཏན་ནས་བྱས་མི་ཆོག་ཅེས་གཏན་ལ་ཕབ་ཡོད་པས། སྲིད་གཞུང་དང་ནད་འགོག་མི་སྣ་ལ་ཁྲིམས་མཐུན་གྱི་ཆོག་མཆན་མེད་པར་སྤྱི་དམངས་ཀྱི་ཁང་ཁྱིམ་དུ་འཛུལ་ན་ཁྲིམས་འགལ་ཡིན་པ་ཟད། གཞན་གྱི་ཆོག་མཆན་མེད་པར་དེའི་ཁང་ཁྱིམ་ལ་ཕྱི་ནས་ཟྭ་རྒྱག་པའམ་བཀག་སྡོམ་བྱེད་པ། གཞན་གྱི་ཁང་ཁྱིམ་ལ་འཛུལ་དེ་ཁྱིམ་མི་བདའ་འདེད་རྡུང་གསུམ་སོགས་་བྱེད་པའི་སྦྱོར་བ་སོགས་ནི་ཁྲིམས་འགལ་གྱིས་སྤྱི་དམངས་ཀྱི་ཁང་ཁྱིམ་གྱི་ཐོབ་ཐང་དང་བདེ་འཇགས་ལ་གཏོར་བརླག་དང་དཀྲོགས་དཀྲུགས་བཏང་བའི་ཁྲིམས་འགལ་གྱི་སྦྱོར་བ་སྦོམ་པོ་ཡིན། སྦྱོར་བ་འདི་རིགས་ཡང་མོ་ཡིན་ན་ཁྲིམས་འགལ་ཙམ་དུ་སྣང་ཡང་། གནས་ཚུལ་ཚབས་ཆེ་བའི་མཇུག་འབྲས་སོགས་བསྐྱེད་ན་ཉེས་ལྟུང་གི་སྦྱོར་བ་ཡིན་པ་ཉེས་ཁྲིམས་ཀྱི་དོན་ཚན་༢༤༥་ཡི་ནང་དུ་ཁྲིམས་འགལ་གྱིས་མི་གཞན་གྱི་ཁང་ཁྱིམ་དུ་འཛུལ་ན་དེ་ལ་ལོ་གསུམ་མན་གྱི་བཙོན་འཇུག་གི་ཉེས་ཆད་བཅད་ན་ཆོག་པ་དང་། ཁྲིམས་འཛིན་མི་སྣས་དབང་ཆ་ལོག་སྤྱོད་ཀྱིས་མི་གཞན་གྱི་ཁང་ཁྱིམ་ལ་འཛུལ་ན་དེ་ལ་ཉེས་ཆད་ལྗིད་མོ་གཅོད་དགོས་ཞེས་པའི་གཏན་འཁེལ་ལ་འགལ་བས་ཉེས་ཆད་ཕོག་འོས་པའི་སྦྱོར་བ་ཡིན། གང་ཟག་གི་ཁང་ཁྱིམ་གྱི་ཐོབ་ཐང་ནི་རྩ་ཁྲིམས་ལས་མཆེད་པའི་ཐོབ་ཐང་ཞིག་ཡིན་པས་ན་ནད་ཡམས་འགོག་བཅོས་དང་འབྲེལ་ཐོགས་ཀྱི་མི་སྣ་རང་འདོད་དུ་སྤྱི་དམངས་ཀྱི་ཁྱིམ་ཚང་ལ་གོམ་པ་སྤོ་བར་འཛེམ་དགོས། རྒྱལ་ཁབ་ལ་ལ་ནས་ཆོག་མཆན་མེད་པར་རང་གི་ཁྱིམ་དུ་འཛུལ་བའི་མི་ལ་བསད་རྨས་བཏང་ན་འགན་ཁུར་མི་དགོས་པའི་ཁྲིམས་ཡོད་པ་དེའང་ཐོབ་ཐང་འདི་ལ་དམིགས་ཏེ་བཅས། ད་ལོའི་ཟླ་༢་པའི་ཚེས་༡༨་ཉིན། ཧུའུ་པེ་ཞིང་ཆེན་ཞའོ་གན་ས་ཁུལ་(湖北孝感)གྱི་ནད་འགོག་མི་སྣ་ཁ་ཤས་ས་ཁུལ་དེའི་མི་ཚང་ཞིག་ལ་འཛུལ་ཏེ་ཁྱིམ་དེར་རྒྱན་པོའི་རྩེད་འཇོ་ལ་རོལ་བཞིན་པའི་བཟའ་མི་གསུམ་པོར་སྡིགས་དམོད་དང་རྡུང་རྡེག་བྱས་པའི་དོན་རྐྱེན་དེའི་བརྙན་དྲ་ཐོག་ཏུ་སྤེལ་རྗེས་རྒྱ་ཆེའི་དྲ་དམངས་ནས་སྐྱོན་བརྗོད་བྱས་མཐར་རྫོང་དེའི་སྲིད་གཞུང་གི་དཔོན་པོས་ཁྱིམ་ཚང་དེ་ལ་དགོངས་དག་ཞུ་དགོས་བྱུང་བའང་སྤྱི་དམངས་ཀྱི་ཁང་ཁྱིམ་ཐོབ་ཐང་ལ་གཞུང་གིས་བརྩི་བཀུར་བྱེད་དགོས་པའི་དགག་བྱ་བསྟན།