ཅོ་འདྲི་ཟིང་སློང་གི་ཉེས་སྤྱོད་སྐོར།

 

ཉེས་ཁྲིམས་ཀྱི་ནང་དུ་ཅོ་འདྲི་ཟིང་སློང་ངམ་སྙེད་འཚོལ་འཁྲུག་སློང་གི་ཉེས་སྤྱོད་(寻衅滋事罪)ཅེས་པའི་ཉེས་མིང་ཞིག་ཡོད་པ་དང་། འདིར་ཉེས་མིང་དེ་བསྡུས་ཏེ་ཅོ་ཉེས་ཞེས་བརྗོད་རྒྱུ་ཡིན། ཅོ་ཉེས་ཀྱི་རྐྱེན་གྱིས་ཉེས་འགན་བདའ་འདེད་ཐེབས་པ་དང་བཙོན་ཁང་ལ་ལྷུང་བའི་མི་ཤིན་ཏུ་མང་། མི་དེ་དག་གི་ནང་ན་ཉེས་ཆད་ཕོག་འོས་པའི་མི་ངན་ཡོད་ལ་ཉེས་ཆད་རྩ་་བ་ཉིད་ནས་བཅད་ན་མི་འགྲིག་པའི་མི་བཟང་ཉེས་མེད་ཅན་ཡང་མང་། ཉེ་སྔོན་མགོ་ལོག་ཁུལ་དགའ་བདེ་རྫོང་ཁྲིམས་ཁང་གིས་ཉེས་མིང་འདི་ལ་བརྟེན་ནས་རྨ་ཆེན་རྫོང་གི་ལྐོག་ཟ་རུལ་སུངས་ཀྱི་གནད་དོན་སུན་འབྱིན་ཐེར་འདོན་བྱེད་མཁན་ཨ་ཉ་སེང་སྒྲ་དང་འབྲེལ་ཐོགས་ཀྱི་མི་བརྒྱད་ལ་ལོ་བདུན་ལ་སོགས་པའི་བཙོན་འཇུག་གི་ཉེས་ཆད་བཅད་པ་ལྟ་བུ་ནི་ཉེས་པ་མེད་པར་ཉེས་མིང་འདི་ལ་བརྟེན་ནས་ཉེས་འཛུགས་ཐེབས་ཏེ་ཉེས་ཆད་ཕོག་པའི་སྤྱི་དམངས་ཡིན། ཅོ་ཉེས་ལ་མཚན་ཉིད་མི་གསལ་ཞིང་ངོ་ཏིའི་ཁྱབ་ཆེ་བ། ཉེས་ཆད་ལྗིད་དྲགས་པ། སྲིད་གཞུང་གིས་ཅོ་ཉེས་ལོག་སྤྱོད་བྱས་ཏེ་གཞུང་དང་དྲེགས་ཅན་དང་རྒྱུ་ཆེན་སོགས་ལ་མི་མཐུན་པའི་བསམ་འཆར་བཤད་པའི་སྤྱི་དམངས་

རྣམས་ཚར་གཅོད་པ་དང་གཉའ་གནོན་བྱེད་སྤྱད་ཀྱི་ལག་ཆར་འགྱུར་ཉེན་ཆེ་བ་བཅས་པའི་ཉེས་དམིགས་ཀྱི་ཕུང་བོ་སྦོམ་པོ་ལྡན་པ་དེ་ལ་དམིགས་ཏེ་ཉེས་ཁྲིམས་སྨྲ་བའི་དཔུང་སྡེ་དང་ཁྱུ་མཆོག་མང་པོས་ཉེས་མིང་འདི་མ་བཅས་པའི་སྔ་རོལ་དང་བཅས་པའི་ཚུར་རོལ་ནས་ད་ལྟའི་བར་སྐྱོན་བརྗོད་ཟམ་མི་ཆད་པར་མཛད་མོད་ཀྱང་བོང་བུའི་རྣ་ནང་དུ་གསེར་བླུགས་པའི་དཔེ་བཞིན་གོ་ཅི་ཡང་མ་ཆོད་པ་མ་ཟད། ༢༠༡༡་ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་ཉེས་ཁྲིམས་ལ་འཕར་བཅོས་ཆུང་ངུ་བྱེད་སྐབས་ཅོ་ཉེས་ཀྱི་ཉེས་ཆད་ལྗིད་ཤོས་ལོ་ལྔར་བཙོན་འཇུག་བཅད་ཆོག་པ་དེ་ལོ་བཅུ་བར་དུ་བསྲིངས་པའི་ལྗིད་བཅོས་ཀྱི་འགྱུར་བ་བཏང་། འདིས་ཀྱང་རྒྱལ་ཁབ་འདིས་སྤྱི་དམངས་ཀྱི་ཐོབ་ཐང་ལས་སྲིད་གཞུང་གི་དབང་ཐང་གཙིགས་ཆེ་བ་དང་། མི་དམངས་ཀྱི་རང་དབང་ལས་སྤྱི་བའི་འགྲིག་ལམ་གཙིགས་ཆེ་བར་འཛིན་པའི་བསམ་སྦྱོར་དེ་མཚོན་ནུས། 

ཉེས་ཁྲིམས་ཀྱི་དོན་ཚན་༢༩༣་དང་ཆེས་མཐོ་ཁྲིམས་ཁང་གིས་དེའི་འབྲེལ་གྱི་ཁྲིམས་འཛིན་གསེད་བཀྲོལ་བཅས་ཀྱིས་གཏན་ཁུལ་ལ་གཞིར་བཟུང་སྟེ་བཤད་ན། ཅོ་ཉེས་ཀྱི་བསམ་པའི་ཡན་ལག་སྤྱི་བའི་འགྲིག་ལམ་གཏོར་བརླག་གི་ཀུན་སློང་ཐུན་མོང་བའི་དགག་བྱའི་སྟེང་གཤམ་གྱི་རིག་བྱེད་གང་རུང་གི་ཀུན་སློང་ཐུན་མིན་པས་ཐོགས་དྲངས་པའི་སྦྱོར་བ་འདི་རིགས་ནི་ཅོ་ཉེས་ཀྱི་བསམ་སྦྱོར་གྱི་རྣམ་པ་ཡིན། 

  1. མི་གཞན་ལ་རང་མོས་ཀྱིས་རྡུང་བརྡེགས་བྱས་ཏེ་གནས་ཚུལ་སྡུག་ཅག་་བྱུང་བ། 
  2. མི་གཞན་ལ་བསྡིག་དམོད་དང་བཀག་འགོག་དང་བདའ་འདེད་བྱས་ཏེ་གནས་ཚུལ་སྡུག་ཅག་བྱུང་བ། 
  3. གཞན་གྱི་རྒྱུ་ནོར་བཙན་ལེན་དང་གཏོར་བརླག བདག་གིར་བཟུང་བ་ལ་སོགས་པའི་དབང་གིས་གནས་ཚུལ་ཚབས་ཆེན་ལྷགས་པ། 
  4. སྤྱི་བ་འདུ་ས་ནས་ཟིང་བསླངས་ཏེ་སྤྱི་བའི་འགྲིག་ལམ་འཆོལ་བ་ལ་སོགས་པའི་ཚབས་ཆེན་གྱི་རྣམ་པ་བྱུང་བ།

ཉེས་དོན་རྩོལ་ནུས་ཀྱི་ལུས་དང་བསམ་པའི་ཡན་ལག་ཚང་བའི་གང་ཟག་གང་རུང་གིས་གོང་འཁོད་ཀྱི་སྦྱོར་བ་གང་རུང་བསྐྱེད་ན་དེ་ནི་ཅོ་ཉེས་རྫོགས་པར་བསྐྱེད་པ་ཡིན། ༢༠༡༣་ལོའི་ཟླ་༩་པ་ནང་དུ། ཆེས་མཐོ་མི་དམངས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་དྲ་རྒྱ་ཡི་སྟེང་ནས་མི་གཞན་ལ་སྐུར་བ་བཏབ་ཏེ་ཅོ་འདྲི་ཟིང་སློང་བྱས་ནས་རྣམ་པ་སྡུག་ཅག་བཟོས་པའི་ཚད་གཞིའི་སྐོར་ལ་འགྲེལ་བཤད་ཅིག་སྤེལ་ཏེ། སྦྱོར་བ་བོ་གང་རུང་ཞིག་གིས་མི་གཞན་ལ་མ་ཉེས་ཁག་གཡོག་གིས་སྐུར་བ་འདེབས་ཆེད་གནས་ཚུལ་རྫུན་བཟོ་བྱས་ཏེ་དྲ་ཐོག་ཏུ་སྤེལ་བའམ་སྤེལ་དུ་བཅུག་པ་སོགས་བྱས་ན། སྦྱོར་བ་དེ་རིགས་ལའང་ཅོ་ཉེས་ཀྱི་མིང་ཐོག་ནས་དེད་དེ་ཉེས་ཆད་བཅད་ཆོག་ཅེས་གཏན་འཁེལ་བྱས་ཏེ། གལ་ཏེ་རྫུན་བཟོ་བྱས་པའི་གནས་ཚུལ་དེ་དྲ་ཐོག་ཏུ་གཞན་གྱིས་ཐེངས་ལྔ་སྟོང་ཡན་ལ་བསྣུན་པའམ་བཀླགས་པ། ཡང་ན་ཐེངས་ལྔ་བརྒྱ་ཡན་ལ་བརྒྱུད་བསྐུར་བྱས་པ་ཡིན་ན་རྫུན་བཟོ་བྱས་པའི་གནས་ཚུལ་དེས་རྣམ་པ་དང་ཤན་ཤུགས་སྡུག་ཅག་བཟོས་པ་ལ་ངོས་འཛིན་བྱས་ཆོག་པའི་ཚད་གཞི་བཞག་པ་མ་ཟད། གལ་ཏེ་རྫུན་བཟོ་བྱས་པའི་གནས་ཚུལ་དེའི་རྐྱེན་གྱིས་མི་གཞན་སྨྱོ་བར་གྱུར་བའམ་རང་སྲོག་བཅད་པའམ་རང་གི་ཡན་ལག་ལ་གནོད་སྐྱོན་བྱས་ཏེ་དབང་བོ་སྐྱོན་ཅན་ཏུ་གྱུར་ན་དེ་ཡང་རྣམ་པ་སྡུག་ཅག་བཟོས་པའི་ཁོངས་སུ་གཏོགས་པར་གཏན་འཁེལ་བྱས། འགྲེལ་བཤད་འདི་ལ་བརྟེན་ནས་དེང་སྐབས་ས་གནས་ཀྱི་ཁྲིམས་འཛིན་ལས་ཁུངས་ཀྱིས་དྲ་ཐོག་ནས་གཞན་ལ་གཞི་མེད་སྐྱོན་བརྗོད་དང་ཅོ་འདྲི་བྱེད་མཁན་། ཡང་ན་དྲ་ཐོག་ནས་གནས་ཚུལ་རྫུན་བཟོ་ཡི་རྒྱུ་ཆ་བརྒྱུད་སྤེལ་བྱེད་མཁན་དག་གི་ཉེས་འགན་འདེད་བཞིན་ཡོད། ༢༠༡༨་ལོར་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ཡང་ཐག་བཅད་ཅིག་སྤེལ་ཏེ་སྤྱི་དམངས་ཀྱིས་ཞུ་གཏུག་བྱེད་པའི་གོ་རིམ་མ་བརྒྱུད་པར་གོང་རིམ་ལས་ཁུངས་ལ་ཞུ་གཏུག་བྱས་ན་ཅོ་ཉེས་ཀྱི་གྲས་སུ་བཞག་སྟེ་ཞུ་གཏུག་བྱེད་མཁན་གྱི་ཉེས་ཆད་དེད་ན་ཆོག་པའི་གཏན་འཁེལ་ཞིག་ཀྱང་བྱས།  

སྤྱིར་དྲ་ལམ་སོགས་དངོས་བརྒྱུད་གང་རུང་ནས་ཅི་འདོད་ཀྱིས་མི་གཞན་ལ་སྐུར་བ་འདེབས་པ་དང་བརྙས་བཅོས་བྱེད་པ། ཅོ་འདྲི་བ་དང་གསེག་འདྲི་བ། སྤྱི་ཚོགས་ཕུ་དཀྲུག་མདའ་དཀྲུག་གི་མི་ངན་ཉེས་ཅན་ཁག་ལ་ཉེས་མིང་འདིས་ཉེས་ཆད་བཅད་ན་འགྲིག་མོད་ཀྱང་། སྲིད་གཞུང་དང་ལས་བྱེད་པ་ཁག་གི་དྲང་བདེན་མིནཔའི་བྱ་སྤྱོད་ལ་ཐེར་འདོན་དང་དགག་པ་དང་སུན་འབྱིན་བྱས་དང་བྱེད་བཞིན་གྱི་སྤྱི་དམངས་ལ་ཁྲིམས་ཁང་གིས་ཉེས་མིང་འདི་སྤྱད་དེ་ཉེས་ཆད་བཅད་ན་མི་འགྲིག རྩ་ཁྲིམས་ཀྱི་ནང་དུ་སྤྱི་དམངས་ལ་རྒྱལ་ཁབ་ཀྱི་ལས་ཁང་གང་རུང་དང་ལས་བྱེད་པ་གང་རུང་ལ་སྐྱོན་བརྗོད་དང་གྲོས་འདོན་ཀྱི་ཐོབ་ཐང་ཡོད་པ་མ་ཟད། སྤྱི་དམངས་ཀྱི་སྐྱོན་བརྗོད་ལ་རྒྱལ་ཁབ་ཀྱི་ལས་ཁུངས་དང་ལས་བྱེད་པས་འཁོན་ལན་སློག་པའམ་གནོད་པ་བསྐྱེལ་མི་ཆོག་པའི་གཏན་འཁེལ་བྱས་ཡོད། ཉེས་དོན་གཏུག་བཤེར་ཁྲིམས་སོགས་ཀྱི་ནང་ནས་ཀྱང་ཐེར་འདོན་བྱེད་མཁན་གྱི་ཐེར་འདོན་ནང་དོན་བདེན་པར་མ་གྲུབ་ནའང་སྲིད་གཞུང་གིས་ཁོང་ལ་མ་ཉེས་ཁ་གཡོག་གི་ཉེས་འཛུགས་བྱས་མི་ཆོག་ཅེས་གསལ་ཁ་བཏོད་ཡོད་པས་ན། མགོ་ལོག་ཨ་ཉ་སེང་སྒྲ་སོགས་ཀྱིས་དགའ་བདེ་རྫོང་སོགས་ཀྱི་ལས་བྱེད་པ་དང་འགོ་ཁྲིད་ལ་དྲང་བདེན་མིན་པའི་གནད་དོན་འདུག་ཅེས་གནས་ཚུལ་ཡར་ཞུ་བྱས་པ་དེ་ལ་གཞུང་གིས་རྩད་བཅད་དེ། ལྐོག་ཟའི་གནས་ཚུལ་ཡོད་ན་ཁྲིམས་ལྟར་དག་ཐེར་བྱེད་དགོས་པ་དང་། གནས་ཚུལ་དེ་འདྲ་མེད་ན་མི་འདུག་ཅེས་ཨ་ཉ་སེང་སྒྲ་འཁོར་བཅས་ལ་བདེན་དཔང་དང་བཅས་ཏེ་ལན་ལྡོན་དགོས་པ་ལས། ཨ་ཉ་སེང་སྒྲ་འཁོར་བཅས་ཀྱིས་ཡར་ཞུ་བྱས་པ་ཙམ་གྱིས་ཅོ་ཉེས་ཀྱི་མིང་ཐོག་ནས་བཙོན་འཇུག་གི་ཉེས་ཆད་བཅད་ན་དྲང་བདེན་དང་ཁྲིམས་མཐུན་མིན་པ་མ་ཟད། སྤྱི་དམངས་ཀྱིས་ཁྲིམས་འཛིན་གྱོད་གཞི་འདིའི་ནང་དུ་འདྲ་མཉམ་དྲང་བདེན་མྱོང་རོལ་མི་ཐུབ་པའི་གྱོད་གཞི་ཞིག་ཏུའང་ཆགས།