གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་དམའ་འབེབས་བྱས་ན་ཉེས་ཁྲིམས་ལ་འགལ། 

 

མི་རིགས་བར་དུ་དགྲར་འཛིན་དང་ཁྱད་གསོད་དབྱེ་འབྱེད་ལ་ངན་བསྐུལ་གྱི་ཉེས་སྤྱོད་( 煽动民族仇恨、民族歧视  )ཀྱི་ངོ་བོ་ནི་གང་ཟག་དང་ཚོགས་པ་གང་རུང་གིས་བསམ་པ་ཤེས་བཞིན་གྱིས་བརྗོད་བྱེད་ཀྱི་རྣམ་པ་གང་རུང་གིས་མི་རིགས་དང་མི་རིགས་བར་ལ་དཀྲུགས་ཤིང་དང་སྡང་ཟུག་སློང་ངེས་པའི་བརྗོད་བྱ་མངོན་སུམ་འཛེམ་མེད་ཀྱིས་སྤེལ་སྟེ་མི་རིགས་ཕན་ཚུན་དབར་དགྲར་འཛིན་འཁོན་འཛིན་གྱི་འབྲས་བུ་འབྱུང་བ་ལ་བསྐུལ་སློང་བྱས་པའམ། མི་རིགས་གང་རུང་ཞིག་གི་སྐད་ཡིག་འདུས་པའི་རིག་གནས་དང་ལོ་རྒྱུས་དང་གོམས་སྲོལ་སོགས་ལ་ཆེད་དུ་དམིགས་ཏེ་ཁྱད་དུ་བསད་པ་དང་བརྙས་བཅོས་སྐུར་འདེབས་སོགས་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་འདྲ་མཉམ་ལ་མངོན་གྱུར་ཡོང་བ་ལ་བཀག་འགོག་བར་ཆད་བཟོས་པ། དམའ་འབེབས་ཐེབས་པའི་མི་རིགས་དེའི་བྱིངས་ཀྱི་ཆེ་མཐོང་ངམ་ལ་རྒྱ(尊严)ལ་གནོད་དེ་སེམས་ལ་མི་བཟོད་པའི་ཞེ་སྡང་དང་ཡི་མུག་པའི་སྡུག་བསྔལ་བསྐྱེད་པ། ཏང་དང་རྒྱལ་ཀབ་ཀྱི་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས་ལ་བསྐུར་བ་བཏབས་ནས་དེ་དག་ལག་ལེན་དུ་བསྟར་བ་ལ་གནོད་པ། གང་སྤེལ་བའི་བརྗོད་བྱ་ངན་པ་དེ་དྲ་ཐོག་ཏུ་བསྣུན་གྲངས་༥༠༠༠་བརྒལ་བའམ་

བརྒྱུད་བསྐུར་༥༠༠་ཡན་ལ་བུད་པའི་རྒྱུར་གྱུར་བའི་ལུས་ངག་གི་རྣམ་པར་རིག་བྱེད་གང་རུང་གིས་གྲུབ་པའི་ཉེས་སྤྱོད་དེ་ཡིན། ཉེས་སྤྱོད་འདི་ལ་ཉེས་ཁྲིམས་ཀྱི་དོན་ཚན་༢༤༩་ནང་སྦྱོར་བ་བོ་ལ་ལོ་གསུམ་མན་གྱི་བཙོན་འཇུག་གི་ཉེས་ཆད་འགེལ་དགོས་པ་དང་གལ་ཏེ་གནས་ཚུལ་ཤིན་ཏུ་ཚབས་ཆེ་བ་བསྐྱེད་ན་ལོ་གསུམ་ཡན་དང་ལོ་བཅུའི་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་དགོས་འགེལ་དགོས་ཞེས་གཏན་འབེབ་བྱས་ཡོད། 

དྲ་ཐོག་ཏུ་རྒྱུ་བཞིན་པའི་བོད་སྐད་ཡིག་དང་མི་རིགས་གཞན་གྱི་སྐད་ཡིག་ལ་དམའ་འབེབས་བྱེད་པའི་བརྙན་ཐུང་ནང་གི་མི་དེས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་རབ་ཏུ་དམོད་དེ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་སྦྱངས་ན་ཁ་བྲལ་རིང་ལུགས་ཡིན་པ་ཁྱབ་པས་གསོད་རུང་བ་ཡིན་ཞེས་བཙན་གཏམ་ཚོད་མེད་པ་བཤད་པ་དེ་དྲ་རྒྱར་མངོན་སུམ་གྱིས་བཞག་ཅིང་། བརྙན་ཐུང་དེར་ལྟ་མཁན་ཁྲི་ཕྲག་བརྒལ་བས་སྦྱོར་བ་དེ་ཉེས་ཁྲིམས་དང་ཆེས་མཐོ་ཁྲིམས་འཛིན་ལས་ཁུངས་ཀྱི་ཁྲིམས་འཛིན་འགྲེལ་བཤད་ལྟར་ན་སྐུར་འདེབས་ཀྱི་གནས་ཚུལ་ཚབས་ཆེན་ཡིན་པའི་གྲས་སུ་གཏོགས་པ་དང་། རྒྱལ་ཁབ་ཀྱི་མི་རིགས་སྲིད་ཇུས་དང་ཁྲིམས་ལུགས་བསྲུང་བྱར་ཐད་གར་གནོད་པ་བསྐྱེད་དེ་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་དང་ལ་རྒྱར་གནོད་པ་ཡོད་པས་ཁོང་གི་ཉེས་འགན་ངེས་པར་དུ་འདེད་དགོས། གལ་ཏེ་མི་འདི་དག་གི་གཏམ་བཤད་རྒྱ་ཡན་དུ་བཞག་ན་དེས་གྲངས་ཉུང་མི་རིགས་ཀྱིས་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས། ཉེས་ཁྲིམས་བཅས་ཀྱིས་རིགས་སོ་སོའི་མི་དམངས་ཀྱི་ཐོབ་ཐང་དང་རང་དབང་ལ་འདྲ་མཉམ་ངང་བསྲུང་སྐྱོབ་བྱེད་པའི་ཁྲིམས་དང་སྲིད་ཇུས་ལ་ཡིད་ཆེས་མི་ཆེ་བར་ལོག་ལྟ་སྐྱེས་པའི་རྒྱུ་རུ་སོང་སྟེ་མི་རིགས་མཐུན་སྒྲིལ་ལ་དངོས་སམ་བརྒྱུད་པའི་སྒོ་ནས་གནོད་པ་བསྐྱེད་ངེས། དེ་མིན་ཉེས་ཁྲིམས་ཀྱི་དོན་ཚན་༢༥༠་ནང་གྲངས་ཉུང་མི་རིགས་ལ་དབྱེ་འབྱེད་དང་དམའ་འབེབས་ཀྱི་བརྗོད་བྱ་པར་བསྐྲུན་གྱི་ཉེས་སྤྱོད་(出版歧视、侮辱少数民族作品罪)ཅེས་པ་ཞིག་གཏན་ལ་ཕབ་ཡོད་པ་དང་། གོང་འཁོད་ཀྱི་བརྙན་ཐུང་དེ་ཁྱབ་སྤེལ་བྱེད་པའི་སྡིངས་ཆ་དེ་ལ་ངེས་པར་དུ་བརྙན་ཐུང་དེ་འཕྲལ་དུ་གཙང་སེལ་བྱེད་པའི་འགན་ཁུར་ཡོད་པ་དང་། གལ་ཏེ་གཙང་སེལ་མ་བྱས་ན་སྡིངས་ཆ་ཚོང་གཉེར་བྱེད་མཁན་ལ་གྱི་ཉེས་འགན་འདེད་དགོས།