མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་ཡིག་རྨོངས་སེལ་བའི་བྱ་བའི་སྲོལ་ཡིག

 

(1997ལོའི་ཟླ5བའི་ཚེས23ཉིན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུལ་མི་ཚོགས་ཆེན་སྐབས་བཅུ་བའི་གྲོས་ཚོགས་ཐེངས་གཉིས་པའི་ཐོག་གྲོས་འཆམ་བྱུང་བ་དང་། 1998ལོའི་ཟླ9བའི་ཚེས25ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་དགུ་བའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་བཞི་བའི་ཐོག་ཆོག་མཆན་བཀོད)
  དོན་ཚན་དང་པོ། རང་ཁུལ་གྱི་ཡིག་རྨོངས་སེལ་བའི་བྱ་བ་སྤེལ་བར་ཁག་ཐེག་བྱེད་པ་དང་། ངལ་རྩོལ་བའི་རིག་གནས་བྱང་ཚད་ཇེ་མཐོར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དངོས་པོའི་དཔལ་ཡོན་དང་བསམ་པའི་དཔལ་ཡོན་འཛུགས་སྐྲུན་བྱེད་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི«ཡིག་རྨོངས་སེལ་བའི་སྲོལ་ཡིག་»དང་«མཚོ་སྔོན་ཞིང་ཆེན་གྱི་ཡིག་རྨོངས་སེལ་བའི་སྐབས་སྤྱོད་སྲོལ་ཡིག» «མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རང་སྐྱོང་སྲོལ་ཡིག»སོགས་འབྲེལ་ཡོད་ཁྲིམས་སྲོལ་གཞིར་བཟུང་ཏེ། སྲོལ་ཡིག་འདི་གཏན་འབེབས་བྱས་པ་ཡིན།

དོན་ཚན་གཉིས་པ། ཡིག་རྨོངས་སེལ་ཡུལ་གཙོ་བོ་ནི་ལོ་ཧྲིལ་བོ15ནས40བར་གྱི་ཡིག་རྨོངས་པ་དང་ཡིག་རྨོངས་ཕྱེད་ཙམ་པ་ཡིན།

  ཐག་རིང་འབྲོག་ཁུལ་གྱི་སློབ་ལོ་རན་པའི་བྱིས་པ་རྣམས་ཆ་རྐྱེན་གྱི་དབང་གིས་སློབ་གྲྭར་ཞུགས་ནས་དམའ་རིམ་འོས་འགན་སློབ་གསོ་དང་ལེན་བྱེད་མི་ཐུབ་པ་རྣམས་ཡིག་རྨོངས་སེལ་བའི་སློབ་གསོར་ཞུགས་དགོས། དོན་ཚན་གསུམ་པ། ཡིག་རྨོངས་སེལ་བའི་སློབ་གསོ་དེ་རིག་གནས་སློབ་པ་དང་ཕྱུགས་ཞིང་ལས་ཐོན་སྐྱེད་ཀྱི་ཤེས་བྱ་སློབ་པ། སྤྱོད་གོ་ཆོད་པའི་ལག་རྩལ་སློབ་པ་བཅས་དང་ཟུང་དུ་སྤྲེལ་ནས། དཔལ་འབྱོར་གོང་དུ་སྤེལ་བ་དང་དབུལ་ཐར་ཕྱུག་སྒྱུར་བྱེད་པར་ཞབས་འདེགས་ཞུ་དགོས། ཡིག་རྨོངས་སེལ་བའི་སློབ་གསོ་དེ་ཡུལ་བབ་དང་བསྟུན་དགོས། ས་དེ་གའི་སློབ་གྲྭའི་དགེ་རྒན་དང་སྒྲིག་ཆས་བེད་སྤྱོད་བྱེད་དགོས་ཤིང་། ཁག་བགོས་འགན་ལེན་དང་ཁྲིད་སློབ་འགན་ལེན། ཡིག་རྨོངས་སེལ་བའི་འཛིན་གྲྭ་རྩ་འཛུགས་བཅས་བྱེད་པའི་བྱེད་ཐབས་སྣ་མང་སྤྱད་ནས་ཡིག་རྨོངས་སེལ་བའི་སློབ་གསོ་སྤེལ་དགོས། དགོན་པ་དང་དགེ་རྒན། ལས་བྱེད་པ་བཅས་ཡིག་རྨོངས་སེལ་བའི་བྱ་བར་ཞུགས་པར་སྐུལ་མ་དང་རྒྱབ་སྐྱོར་བྱེད་དགོས། ཡིག་རྨོངས་སེལ་བའི་སློབ་གསོར་ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་གྱིས་རྩོམ་སྒྲིག་པར་འདེབས་བྱས་པའི་སློབ་དེབ་སྤྱོད་དགོས། དོན་ཚན་བཞི་བ། ཡིག་རྨོངས་སེལ་བ་དེ་དམའ་རིམ་འོས་འགན་སློབ་གསོ་དང་སྦྲེལ་ནས་གཅིག་གྱུར་གྱི་འཆར་བཀོད་དང་མཉམ་དུ་ལག་བསྟར་བྱེད་དགོས། ཞིང་ལས་ཆུང་བ་ས་ཁུལ་ནས2000ལོར་གཞི་རྩའི་ཐོག་ཞིང་ཆེན་གྱིས་བཀྲམ་པའི་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་བའི་ཚད་གཞིར་བསླེབ་དགོས་པ་དང་། ཕྱུགས་ལས་ཁོ་ན་གཉེར་བའི་ས་ཁུལ་གྱི་ཞང་སོ་སོ་ནས་ལོ་རེར8%-10%ཡི་གཞོན་ནུ་དང་དར་མའི་ཡིག་རྨོངས་སེལ་ཞིང་། 2010ལོར་གཞི་རྩའི་ཐོག་ཞིང་ཆེན་གྱིས་བཀྲམ་པའི་གཞོན་ནུ་དང་དར་མའི་ཡིག་རྨངས་སེལ་བའི་ཚད་གཞིར་བསླེབས་པ་བྱེད་དགོས། དོན་ཚན་ལྔ་བ། ཡིག་རྨོངས་སེལ་བར་ཁུལ་དང་རྫོང་། ཞང་(གྲོང་བརྡལ) སྡེ་བ་བཅས་ནས་དམིགས་འབེན་འགན་ཁུར་་ལམ་ལུགས་ལག་ལེན་བྱེད་དགོས། ཁུལ་མི་དམངས་སྲིད་གཞུང་དང་རྫོང་མི་དམངས་སྲིད་གཞུང་། མི་དམངས་སྲིད་གཞུང་དང་ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་། ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་དང་འབྲོག་(སྡེ)དམངས་ཨུ་ཡོན་ལྷན་ཁང་བཅས་ཀྱི་བར་དུ་དུས་བཅད་ལྟར་ཡིག་རྨོངས་སེལ་བའི་འགན་ཁུར་ཡི་གེ་འགོད་དགོས། འབྲོག་(སྡེ)དམངས་ཨུ་ཡོན་ལྷན་ཁང་དང་ཡིག་རྨོངས་སེལ་ཡུལ་བར་དུ་དུས་བཅད་ལྟར་ཡིག་རྨོངས་སེལ་བའི་འགན་ཁུར་ཡི་གེ་འགོད་དགོས། དོན་ཚན་དྲུག་པ། ཁུལ་དང་རྫོང་། ཞང་(གྲོང་བརྡལ)སྡེ་བ་བཅས་ནས་ཡིག་རྨོངས་སེལ་བའི་འགོ་ཁྲིད་ཚན་ཆུང་འཛུགས་དགོས། ཁུལ་དང་རྫོང་གི་ཡིག་རྨོངས་སེལ་བའི་འགོ་ཁྲིད་ཚན་ཆུང་འོག་ཏུ་ཡིག་རྨོངས་སེལ་བའི་བྱ་བའི་གཞུང་སྒྲུབ་ཁང་འཛུགས་དགོས།ཁུལ་དང་རྫོང་། ཞང་(གྲོང་བརྡལ)བཅས་མི་དམངས་སྲིད་གཞུང་གིས་ཆེད་འགན་ཁུར་བ་དང་ཡང་ན་ལས་འགན་གཅིག་ལྕོགས་བྱེད་མཁན་ཡིག་རྨོངས་སེལ་བའི་ལས་བྱེད་མི་སྣ་བཀོད་སྒྲིག་བྱེད་དགོས་པ་དང་དེའི་སྒྲིག་ཐག་གཅོད་བྱེད་དགོས། དོན་ཚན་བདུན་པ། ཡིག་རྨོངས་སེལ་བའི་སློབ་ཁྲིད་དེ་བོད་ཡིག་བོད་སྐད་གཙོ་བོར་འཇོག་དགོས་པ་དང་། མཁར་གྲོང་ནས་རྒྱ་ཡིག་རྒྱ་སྐད་སྤྱོད་ཆོག་པ་ཡིན། དོན་ཚན་བརྒྱད་པ། ཁུལ་དང་རྫོང་།ཞང་(གྲོང་བརྡལ)བཅས་ཀྱི་མི་དམངས་སྲིད་གཞུང་གིས་ཡིག་རྨོངས་སེལ་བའི་སློབ་གསོའི་ཁྲིད་དུ་གཏན་སྡོད་ལམ་ལུགས་ཅན་གྱི་སློབ་ཆུང་དང་འཚོ་སློབ་སློབ་ཆུང་དགེ་རྒན་གྱི་རྐང་འཛིན་ནུས་པ་སྐྱེད་དུ་འཇུག་དགོས་པ་དང་། ཡིག་རྨོངས་སེལ་བའི་སློབ་གསོའི་ནུས་པ་ལྡན་པའི་མི་སྣ་གཞན་དག་གིས་ཡིག་རྨོངས་སེལ་བའི་བྱ་བ་བསྒྲུབ་པར་སྐུལ་མ་གཏོང་དགོས། དོན་ཚན་དགུ་བ། ཞང་གི་གཏན་སྡོད་ལམ་ལུགས་ཅན་གྱི་སློབ་ཆུང་དང་འཚོ་སློབ་སློབ་ཆུང་གི་དགེ་རྒན། ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་གི་བོད་ཡིག་ཤེས་པའི་ལས་བྱེད་མི་སྣ། ཡིག་རྨོངས་སེལ་བའི་སློབ་གསོའི་ནུས་པ་ལྡན་པའི་ཆོས་ལུགས་ལས་རིགས་མི་སྣ། དེ་མིན་མི་སྣ་གཞན་དག་བཅས་ཀྱིས་ཡིག་རྨོངས་སེལ་བའི་བྱ་བའི་འགན་ཁུར་དགོས། ཡིག་རྨོངས་སེལ་བའི་ལས་འགན་དེ་རྫོང་མི་དམངས་སྲིད་གཞུང་གིས་ཐག་གཅོད་བྱེད་དགོས། དོན་ཚན་བཅུ་བ། ཡིག་རྨོངས་སེལ་བའི་ཐད་ཀྱི་གྲོན་དངུལ་དེ་སྲིད་གཞུང་གིས་རོགས་གསལ་དང་ཐུན་མོང་གིས་རང་གྲབས། སྤྱི་ཚོགས་ཀྱི་སྟོབས་ཤུགས་དང་མི་སྒེར་གྱིས་ཞལ་འདེབས་བཅས་བྱེད་པ་སོགས་ཀྱི་ཐབས་ལ་བརྟེན་ནས་གྲབས་གསོག་བྱེད་དགོས། ༼1.༽ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཡིག་རྨོངས་སེལ་བའི་གྲོན་དངུལ་དེ་སྔོན་རྩིས་ནང་དུ་བཀོད་དེ་ཡིག་རྨོངས་སེལ་བའི་བྱ་བ་རྒྱུན་ལྡན་སྒོས་སྤེལ་བར་འགན་ལེན་བྱེད་དགོས། ༼2.༽ཡིག་རྨོངས་སེལ་སའི་དགེ་རྒན་གསོ་སྦྱོང་བྱེད་པ་དང་སློབ་དེབ་རྩོམ་འབྲི་བྱེད་པ། ཉམས་མྱོང་བརྗེ་རེས་དང་གཟེངས་བསྟོད་བྱ་དགའ་སོགས་ཐད་ཀྱི་འགྲོ་གྲོན་དེ་ཁུལ་དང་རྫོང་ནོར་སྲིད་ཀྱིས་སློབ་གསོའི་ལས་དོན་གྲོན་དངུལ་ལས2%ཀྱི་་ཚད་ཀྱིས་གཏོང་དགོས། ༼3.༽ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་གིས་སློབ་གསོའི་ལས་དོན་གྲོན་དངུལ་ཟུར་སྣོན་ལས20%འཐེན་དགོས་པ་དང་། དེའང་ཁུལ་དང་རྫོང་ནོར་སྲིད་ཀྱི་ཆེད་སྤྱོད་རོགས་གསབ་དང་མཉམ་གཅིག་ཏུ་ཡིག་རྨོངས་སེལ་བའི་སློབ་ཁྲིད་སྒྲིག་ཆས་དང་དགེ་རྒན་གྱི་གླ་ཆ། འབུད་ཤིང་བཅས་ཐད་ཀྱི་འགྲོ་སྒོར་སྤྱོད་དགོས། ༼4.༽དགོན་པ་དང་སྤྱི་ཚོགས་ཀྱི་ལས་རིགས་སོ་སོ།མི་སྒེར་བཅས་ཀྱིས་རང་འདོད་སྒོས་ཡིག་རྨོངས་སེལ་བའི་སློབ་གསོར་རོགས་སྐྱོར་བྱེད་པར་སྐུལ་ལྕག་གཏོང་དགོས། དོན་ཚན་བཅུ་གཅིག་པ། ཡིག་རྨོངས་སེལ་བར་ཞིབ་བཤེར་དང་དཔྱད་ཞིབ། དཔྱད་བསྡུར། གཟེངས་བསྟོད་བཅས་བྱེད་པའི་ལམ་ལུགས་ལག་ལེན་བྱེད་དགོས། ལོ་རེའི་དུས་ཚིགས་བཞི་བར། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་ཞིབ་བཤེར་ཚན་ཆུང་རྩ་འཛུགས་བྱས་ཏེ། ཁོངས་གཏོགས་ས་ཁུལ་དང་སྡེ་ཁག་གི་ཡིག་རྨོངས་སེལ་བའི་བྱ་བར་ཞིབ་བཤེར་དང་དཔྱད་ཞིབ། དཔྱད་བསྡུར་བཅས་བྱེད་དགོས། གྲུབ་འབྲས་མངོན་གསལ་བླངས་པའི་སྡེ་ཁག་དང་རྩ་འཛུགས། མི་སྒེར་བཅས་ལ་ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་གཟེངས་བསྟོད་དང་བྱ་དགའ་གནང་དགོས། དོན་ཚན་བཅུ་གཉིས་པ། ཡིག་རྨོངས་སེལ་བའི་སློབ་སྦྱོང་དུ་ཞུགས་མཁན་རྣམས་ལ་ས་དེ་གའི་རྫོང་རིམ་པའི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་དཔྱད་ཞིབ་བྱེད་དགོས་པ་དང་། ཡིག་རྨོངས་སེལ་བའི་ཚད་གཞིར་བསླེབས་ཚེ། རྫོང་སློབ་གསོ་སྲིད་འཛིན་སྡེ་ཁག་གིས«ཡིག་རྨོངས་སེལ་བའི་ལག་ཁྱེར»སྤྲོད་དགོས། དོན་ཚན་བཅུ་གསུམ་པ། དུས་བཅད་ལྟར་ཡིག་རྨོངས་སེལ་བའི་ལས་འགན་ཡོངས་འགྲུབ་བྱེད་མ་ཐུབ་པའི་ས་ཁུལ་དང་སྡེ་ཁག་ལ། ཁུལ་དང་རྫོང་མི་དམངས་སྲིད་གཞུང་གིས་དེར་དུས་བཅད་ལྟར་ཡིག་རྨོངས་སེལ་བའི་ཚད་གཞིར་བསླེབས་སུ་འཇུག་དགོས་པའི་འགན་འཇོག་དགོས། ཡིག་རྨོངས་སེལ་བའི་ཚད་གཞིར་མ་བསླེབས་པའི་སྡེ་ཁག་རྣམས་བསམ་པའི་དཔལ་ཡོན་འཛུགས་སྐྲུན་གྱི་སྔོན་ཐོན་སྡེ་ཁག་ཏུ་འདེམས་མི་ཆོག འགན་འཛོལ་བྱུང་ནས་ཡིག་རྨོངས་སེལ་བའི་རྒྱུན་ལྡན་གྱི་བྱ་བར་ཤུགས་རྐྱེན་བཟོས་པའི་དགེ་རྒན་ལ་སྲིད་འཛིན་ཆད་པ་གཅོད་དགོས། དོན་ཚན་བཅུ་བཞི་བ། ཡིག་རྨོངས་སེལ་བའི་སློབ་སྦྱོང་དུ་ཞུགས་མཁན་དེ་གཏན་འབེབས་ཀྱི་དུས་བཅད་ནང་དུ་གང་འདོད་སྒོས་ཡིག་རྨོངས་སེལ་བའི་སློབ་སྦྱོང་དུ་མ་ཞུགས་ན་ཞང་(གྲོང་བརྡལ)མི་དམངས་སྲིད་གཞུང་གིས་དུས་བཅད་ཀྱིས་སློབ་སྦྱོང་བྱེད་དུ་བཅུག་ནས་ཡིག་རྨོངས་སེལ་དགོས་པ་དང་། སློབ་སྦྱོང་གི་འགྲོ་གྲོན་མི་རང་ཉིད་དང་ཡང་ན་ཁྱིམ་བདག(ལྟ་སྐྱོང་བྱེད་མི)གིས་འགན་ཁུར་དགོས། དོན་ཚན་བཅོ་ལྔ་བ། རྒྱལ་ཁབ་ཀྱི་ལས་ཁུངས་དང་དོན་ལས་སྡེ་ཁག ཁེ་ལས་བཅས་ཀྱིས་ཡིག་རྨོངས་སེལ་ཡུལ་ཁྲོད་ནས་ལས་བྱེད་པ་དང་ལས་ཀ་བ་སྡུད་ལེན་བྱེད་མི་རུང་། ཡིག་རྨོངས་སེལ་ཡུལ་ཡིན་པའི་ལས་བཟོ་བ་རྣམས་གོ་གནས་སྤར་བ་དང་རིམ་པ་སྤར་བ། ཁོངས་མི་དངོས་ལ་སྒྱུར་བ་བཅས་བྱེད་མི་རུང་། དོན་ཚན་བཅུ་དྲུག་པ། སྲོལ་ཡིག་འདི་སྤྱོད་པའི་ཁྲོད་ཀྱི་གནད་དོན་ཞིབ་ཕྲ་དག་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་སློབ་གསོ་ཅུའུ་ཡིས་འགྲེལ་བཤད་བྱེད་པའི་འགན་ཁུར་རྒྱུ། དོན་ཚན་བཅུ་བདུན་པ། སྲོལ་ཡིག་འདི1998ལོའི་ཟླ11པའི་ཚེས1ཉིན་ནས་ལག་བསྟར་བྱེད་དགོས།