ཉེ་ཆར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡན་ལག་ལས་ཁུངས་ཁྲིམས་སྒྲིག་ལས་དོན་ལྷན་ཁང་གི་འགན་འཛིན་ཧྲིན་ཁྲོང་ཡོལ་(全国人大常委会法制工作委员会主任沈春耀)གྱིས་ལོ་རེར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཕུལ་བཞིན་པའི་སྙན་ཞུ་ཡི་གེའི་ནང་དུ། ས་ཆ་ལ་ལའི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ནང་དུ་རིམ་པ་དང་རིགས་སོ་སོའི་མི་རིགས་སློབ་གྲྭས་རང་མི་རིགས་ཀྱི་སྐད་ཡིག་དང་ཡང་ན་རང་མི་རིགས་ཀྱི་སྤྱི་སྤྱོད་སྐད་ཡིག་བཀོལ་སྤྱོད་བྱས་ཏེ་སློབ་ཁྲིད་བྱེད་དགོས་ཞེས་གཏན་དབབ་བྱས་པ་དེ་དང་། ས་ཆ་ལ་ལས་རང་ས་གནས་སྲིད་གཞུང་གི་སློབ་གསོའི་ལས་ཁུངས་ཀྱི་ཆོག་མཆན་
ཐོབ་པའི་རྗེས་སུ། ཆ་རྐྱེན་ལྡན་པའི་མི་རིགས་སློབ་གྲྭས་ད་གཟོད་སློབ་གྲྭ་དེའི་སློབ་ཚན་ཁ་ཤས་རྒྱའི་སྐད་ཡིག་གིས་སྟེང་ནས་སློབ་ཁྲིད་བྱས་ཆོག་ཅེས་གཏན་དབབ་བྱས་ཡོད་པ་དེ་ལ་ཁྲིམས་སྒྲིག་ལས་དོན་ལྷན་ཁང་གིས་བརྒལ་བརྟག་བཏང་བའི་རྗེས་སུ། གོང་འཁོད་ཀྱི་ས་གནས་སྲོལ་ཡིག་དང་གཏན་དབབ་དེ་རིགས་རྩ་ཁྲིམས་ཀྱི་དོན་ཚན་བཅུ་དགུ་བའི་ཚན་པ་ལྔ་བའི་ནང་གི་རྒྱལ་ཁབ་ཀྱིས་རྒྱལ་ཡོངས་སུ་སྤྱི་སྤྱོད་སྐད་ཡིག་ཁྱབ་སྤེལ་བྱེད་དགོས་ཞེས་པའི་དོན་ཚན་དང་། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས། སློབ་གསོའི་ཁྲིམས་ལ་སོགས་པའི་ཁྲིམས་ལུགས་ཀྱི་གཏན་དབབ་དང་མི་མཐུན་པར་མཐོང་བས། ས་གནས་ཁྲིམས་སྲོལ་གཏན་འབེབས་བྱེད་མཁན་འབྲེལ་ཡོད་ལས་ཁུངས་ལ་དག་བཅོས་བྱ་དགོས་པའི་རེ་འདུན་དང་བཀའ་བསྒོ་ཕབ་ཡོད་ཅེས་པའི་ཚན་པ་ཞིག་བཅུག་ཡོད།
ཁྲིམས་ལུགས་གཞིར་བཞག་སྟེ་བཤད་ན་ཁྲིམས་དོན་ལྷན་ཁང་གི་ཧྲིན་ཁྲོང་ཡོལ་གྱིས་ཁ་ཤ་བཅད་ནས་སྣ་ལ་འབྱར་བའི་སྙན་ཞུའི་ཚན་པ་དེའང་རྩ་ཁྲིམས་ཀྱི་དོན་ཚན་བཞི་བ་གཙོས་པའི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་། ཁྲིམས་བཟོའི་ཁྲིམས། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་བཅས་ལ་འགལ་ཡོད་པ་མ་ཟད། དེས་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་མཛའ་བརྩེའི་མཐུན་སྒྲིལ་དང་འདྲ་མཉམ་གྱི་འདུ་ཤེས་ལ་གནོད་བསྐྱལ་ནས་གྲངས་ཉུང་མི་རིགས་ཀྱི་རང་སྐྱོང་དབང་ཐང་དང་སྐད་ཡིག་དར་སྤེལ་གྱི་རང་དབང་ལ་དགོས་མེད་ཀྱི་བཀག་རྒྱ་དང་བར་ཆད་བཟོས་ཡོད་པར་བསམ། རྒྱལ་ཁབ་རྩ་ཁྲིམས་ལྟར་སྐྱོང་བའི་ཇུས་ཆེན་འདི་ལ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གི་གཤམ་འོག་ལས་ཁང་ཞིག་གིས་མངོན་སུམ་འཛེམ་མེད་ཀྱིས་ཐོ་འཚམས་པ་འདིས་གྲངས་ཉུང་མི་རིགས་མང་པོའི་རྒྱུད་ལ་དེ་ནི་རྒྱལ་ཁབ་ཀྱིས་མི་རིགས་རང་སྐྱོང་གི་སྲིད་ཇུས་དང་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ཚར་གཅོད་པར་སྟ་གོན་གྱི་སྔ་ལྟས་ཤིག་ཡིན་ནམ་སྙམ་པའི་དོགས་པ་དང་སོམ་ཉིའང་ངང་ངམ་ཤུགས་ཀྱིས་སྐྱེ་རུ་བཅུག གལ་ཏེ་ཧྲིན་ཁྲོང་ཡོལ་གྱི་ལྟ་བ་ངན་པ་དེ་མ་དག་རྒྱུན་འབྱམས་སུ་བཞག་ན་དེས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་མཚོན་པའི་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་དང་སྲིད་ཇུས་ལ་རྒྱ་རིགས་འདུས་པའི་སྤྱི་དམངས་ཡོངས་ཀྱིས་ཡིད་ཆེས་མི་བྱེད་པའི་ཉེན་ཁ་དང་དཀའ་ཉོག་རབ་དང་རིམ་པ་བསྐྱེད་ངེས་པས། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མི་རིགས་ཨུ་ཡོན་ལྷན་ཁང་གིས་མགོ་ཁྲིད་དེ་ཧྲིན་ཁྲོང་ཡོལ་གྱི་ལྟ་སྤྱོད་ངན་པ་དེ་ལ་རྩ་ཁྲིམས་ཀྱིས་བརྒལ་བརྟག་བཏང་སྟེ་བཟློག་དགོས་པར་མཐོང་།
དང་པོ། རྩ་ཁྲིམས་བརྒལ་བརྟག་དང་ཁྲིམས་ལུགས་བརྒལ་བརྟག་གི་སྐོར།
རྩ་ཁྲིམས་དང་ཁྲིམས་བཟོའི་ཁྲིམས་(立法法)ཀྱི་གཏན་དབབ་ལྟར་ན། ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་འདུས་པའི་ས་གནས་ཁྲིམས་སྲོལ་གང་ཞིག་རྩ་ཁྲིམས་ལ་འགལ་ཡོད་མེད་ཀྱི་རྩ་ཁྲིམས་བརྒལ་བརྟག་(违宪性审查)གཏོང་དགོས་ན། ཐོག་མར་ས་གནས་ཁྲིམས་སྲོལ་དེ་ཁྲིམས་ལུགས་དང་མཐུན་མིན་གྱི་ཁྲིམས་ལུགས་བརྒལ་བརྟག་(合法性审查)གཏོང་དགོས་ཤིང་། ཁྲིམས་ལུགས་བརྒལ་བརྟག་མ་བཏང་བར་ཐད་ཀར་རྩ་ཁྲིམས་བརྒལ་བརྟག་གཏོང་མི་ཆོག དེ་ལ་ཁྲིམས་ལུགས་ཟད་སར་བསྐྱེལ་བའི་རྩ་དོན་(穷尽法律适用原则)ཟེར། ཧྲིན་ཁྲོང་ཡོལ་གཙོས་པའི་ཁྲིམས་དོན་ལྷན་ཁང་གིས་གྲངས་ཉུང་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དང་དམིགས་བསལ་སྲོལ་ཡིག་གི་ནང་དུ་རང་སྐྱོང་ས་ཁུལ་གྱི་གྲངས་ཉུང་མི་རིགས་གཙོ་བོ་ཡིན་པའི་སློབ་གྲྭའི་ནང་དུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་ཞེས་གཏན་ལ་ཕབ་པའི་དོན་ཚན་དེ་ནི་རྩ་ཁྲིམས་དང་འགལ་བ་རེད་ཅེས་ཁ་ཚོན་མ་བཅད་པའི་སྔ་རོལ་དུ། ཐོག་མར་ཁོང་ཚོས་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་གི་གོང་འཁོད་གཏན་དབབ་དེ་སྲོལ་ཡིག་དེ་དག་གི་འབྲེལ་ཐོགས་ཀྱི་ཉེ་བར་གནས་པའི་ཁྲིམས་གོང་མ་(相关上位法)རུ་གྱུར་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་མཐུན་མིན་གྱི་ཁྲིམས་ལུགས་བརྒལ་བརྟག་ངེས་པར་དུ་གཏོང་དགོས། གལ་ཏེ་རང་སྐྱོང་སྲོལ་ཡིག་ནང་གཏན་ལ་ཕབ་ཡོད་པ་་དེ་དག་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དང་མི་མཐུན་ན། ཁྲིམས་དོན་ལྷན་ཁང་གིས་རང་སྐྱོང་སྲོལ་ཡིག་དེ་ཁྲིམས་ལུགས་གོང་མ་དང་འགལ་བའི་ཁྲིམས་ལུགས་བརྒལ་བརྟག་གི་འགྲོ་ལུགས་བརྒྱུད་ནས་སྲོལ་ཡིག་དེ་དག་བཅའ་མཁན་དང་ཆོག་མཆན་འགོད་མཁན་གྱི་ལས་ཁུངས་ལ་ཞུ་དག་བྱེད་པའི་རེ་འདུན་དང་བཀའ་བསྒོ་བསྐུར་དགོས་པ་ལས། ཐད་ཀར་སྲོལ་ཡིག་དེ་དག་ལ་རྩ་ཁྲིམས་དང་འགལ་མིན་གྱི་བརྒལ་བརྟག་བཏང་སྟེ་རྩ་ཁྲིམས་ནང་གི་འབྲེལ་མེད་ཀྱི་དོན་ཚན་གཅིག་གམ་གཉིས་དྲངས་ནས་རྩ་ཁྲིམས་ལ་འགལ་ལོ་ཞེས་ཐ་ཚིག་བསྒྲགས་ཏེ་ཐག་གཅོད་མི་རུང་། ཁྲིམས་དོན་ལྷན་ཁང་ལ་དེ་ལྟར་ཐག་བཅད་དེ་དྲིལ་བསྒྲགས་པའི་དབང་ཐང་རྩ་ཁྲིམས་ཀྱིས་གཏན་ནས་བསྩལ་མེད། གལ་ཏེ་ཁྲིམས་དོན་ལྷན་ཁང་གིས་སྲོལ་ཡིག་དེ་དག་གི་གཞི་འཛིན་སའི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཀྱི་དམིགས་གསལ་དོན་ཚན་དེ་རྩ་ཁྲིམས་དང་འགལ་བ་རེད་སྙམ་ན། དེས་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་རྩ་ཁྲིམས་དང་ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་(全国人大宪法和法律委员会)ལ་སྙན་ཞུ་ཕུལ་ནས་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ནི་རྩ་ཁྲིམས་དང་འགལ་ཡོད་མེད་ཀྱི་བརྒལ་བརྟག་གཏོང་དགོས་པའི་རེ་འདུན་ཞུ་དགོས་ཤིང་། སྒྲ་དོག་འཇུག་གི་ཁྲིམས་ལུགས་གང་ཞིག་རྩ་ཁྲིམས་དང་འགལ་བའི་ཐག་གཅོད་དང་དྲིལ་བསྒྲགས་ཀྱི་དབང་ཐང་དེ་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་མ་གཏོགས་གཞན་ལ་གུད་ན་མེད་པ་མ་ཟད། ཁྲིམས་བཟོའི་གཏན་ཚིགས་དང་རིགས་པ་ལྟར་ན་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་དང་དེའི་རྒྱུན་ལས་ལྷན་ཁང་གིས་རང་གིས་བཅས་ཤིང་བསྒྲགས་པའི་ཁྲིམས་ལུགས་གང་ཞིག་རྩ་ཁྲིམས་དང་འགལ་ལོ་ཞེས་པའི་བརྒལ་བརྟག་དང་དྲིལ་བསྒྲགས་བྱེད་མི་སྲིད། རྒྱལ་ཁབ་བཙུགས་ནས་ལོ་དྲུག་ཅུ་ལྷག་འགོར་བའི་རིང་ལ་ཁྲིམས་ལུགས་ལ་དམིགས་པའི་རྩ་ཁྲིམས་འགལ་བརྟག་གི་གྱོད་དོན་གཅིག་ཀྱང་བྱུང་མ་མྱོང་བའི་རྒྱུ་མཚན་ཡང་འདི་ལ་ཐུག དེའི་ཕྱིར་ཁྲིམས་དོན་ལྷན་ཁང་ཕྲན་ཚེགས་ཤིག་གིས་རྒྱལ་ཁབ་ཀྱི་རྩ་བའི་ཁྲིམས་ལུགས་སུ་གྱུར་བའི་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་དེ་རྩ་ཁྲིམས་དང་འགལ་ལོ་ཞེས་བསྒྲགས་ཤིང་ཐག་བཅད་ན་རྩ་ཁྲིམས་ཀྱི་སྒྲོམ་གཞི་འཆལ་ཞིང་རལ་བ་དང་གཉིས་སུ་མ་མཆིས།
གཉིས་པ། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་བསྩལ་བའི་མི་རིགས་སློབ་གསོའི་ཐོབ་ཐང་།
རྩ་ཁྲིམས་ཀྱི་དོན་ཚན་༤་བའི་ནང་རིགས་སོ་སོའི་མི་རིགས་འདྲ་མཉམ་ཡིན་པ་དང་། མི་རིགས་སོ་སོ་ལ་རང་རང་གི་སྐད་ཡིག་དར་སྤེལ་དང་བཀོལ་སྤྱོད་ཀྱི་རང་དབང་ཡོད་ཅེས་པ་དང་། དོན་ཚན་༡༡༩་ཡི་ནང་མི་རིགས་རང་སྐྱོང་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱིས་རང་རྐྱ་འཕེར་ཞིང་གཞན་གྱིས་ཇུས་གཏོགས་བྲལ་བའི་སྒོ་ནས་རང་གི་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་དོ་དམ་བཀོད་འདོམས་བྱེད་རྒྱུའི་དབང་ཐང་ཡོད་ཅེས་པའི་གཏན་དབབ་དེ་དག་ལ་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱིས་གཞིར་བཟུང་སྟེ་མི་རིགས་རང་སྐྱོང་ས་ཁུལ་གྱི་འཐུས་མིའི་ཚོགས་ཆེན་དང་སྲིད་གཞུང་གིས་རང་སྐྱོང་མི་རིགས་ཀྱི་སློབ་གསོ་དང་སྐད་ཡིག་དར་སྤེལ་གྱི་ཐད་ལ་གཏན་དབབ་ཕྲ་ཞིང་ཞིབ་པ་མཛད་པ་དང་། ལྷག་པར་དུ་རང་སྐྱོང་མི་རིགས་གཙོ་བོ་ཡིན་པའི་སློབ་གྲྭ་ནས་སློབ་ཚན་མཐའ་དག་རང་སྐྱོང་མི་རིགས་དེའི་སྐད་ཡིག་གིས་ངེས་པར་དུ་སློབ་ཁྲིད་བྱེད་དགོས་ཤིང་། སློབ་ཆུང་གི་འཛིན་གྲྭ་དམའ་རིམ་དང་ཡང་ན་མཐོ་རིམ་ནས་བཟུང་སྟེ་རྒྱའི་སྐད་ཡིག་གི་སློབ་ཚན་ཟུར་བཞག་གིས་སློབ་ཁྲིད་བྱེད་དགོས་ཞེས་སྐད་གཉིས་སློབ་གསོའི་ནང་དོན་ཁ་གསལ་བོས་གཏན་དབབ་བྱས་ཡོད་པ་ཁྲིམས་དེའི་དོན་ཚན་༣༦་དང་༣༧་ལས་ཤེས་ཐུབ། རྒྱུ་མཚན་དེའི་དབང་གིས་དུས་རབས་སྔོན་མའི་ལོ་རབས་བརྒྱད་ཅུ་ནས་བཟུང་སྟེ་སྐད་ཡིག་ཡོད་པའི་རང་སྐྱོང་མི་རིགས་ཀྱིས་རང་གི་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་གི་ནང་དུ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ཀྱི་དོན་ཚན་དེ་དག་ཇི་བཞིན་བཞག་སྟེ་ལག་བསྟར་བྱས་ཤིང་། གཞི་ནས་མི་རིགས་སློབ་གསོའི་ཁང་ཆེན་བསྐྲུན་ཐུབ་པ་བྱུང་། ལག་བསྟར་བྱས་ནས་ལོ་ངོ་བཞི་ཅུ་འགོར་ལ་ཉེ་བའི་མི་རིགས་ས་ཁོངས་རང་སྐྱོང་ག་ཁྲིམས་འདི་ད་བར་དུ་རྩ་ཁྲིམས་དང་འགལ་ཡོད་པ་རྒྱལ་ཡོངས་མི་དམངས་ཀྱིས་མ་ཤེས་པར་ཁ་སང་དེ་རིང་དམངས་ཆེན་ཨུ་ཡོན་ཧྲིན་ཁྲོང་ཡོལ་ཁོང་གིས་གློ་བུར་དུ་མཁྱེན་སོང་བ་དེ་མི་མཚར་རམ།
གསུམ་པ། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྲིམས་ཀྱི་དམིགས་བསལ་དོན་ཚན།
༢༠༠༠་ལོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་བཅའ་སྐབས། རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་གོང་གསལ་དོན་ཚན་དག་ལ་བསྟུན་ཏེ། རིགས་སོ་སོའི་མི་རིགས་ཀྱི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་དང་ཐོབ་ཐང་ལ་བརྩི་བཀུར་དང་ཁེག་ཁུར་བའི་ཆེད། ཁྲིམས་དེའི་དོན་ཚན་བརྒྱད་པས་མི་རིགས་སོ་སོ་ལ་རང་གི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་རང་དབང་ཡོད་པ་ཁས་བླངས་པའི་ངོར། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་གི་བཀོལ་སྤྱོད་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལ་སོགས་པའི་ཁྲིམས་ལུགས་ཀྱི་གཏན་དབབ་བསྟུན་དགོས་པ་ལས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ལ་བསྟུན་མི་དགོས་ཞེས་ཆེད་དུ་དམིགས་བསལ་སྤྲད། སྤྱིར་རྩ་ཁྲིམས་ཀྱི་སྒྲོམ་གཞི་ལྟར་ནའང་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ནི་ཐུན་མོང་གི་ཁྲིམས་ཡིན་པ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་ཁྲིམས་ནི་ཐུན་མིན་གྱི་ཁྲིམས་ཡིན་པས་ན། ཐུན་མོང་ཁྲིམས་ཀྱིས་ཐུན་མིན་ཁྲིམས་ལ་གཡོལ་དགོས་པའི་རྩ་དོན་གྱི་དབང་གིས་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ཀྱིས་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་ལ་དམིགས་བསལ་སྤྲད་པ་དེའང་ཁྲིམས་རིགས་པ་དང་མཐུན། དེས་ན་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་རང་སྐྱོང་ས་ཁུལ་དུ་ཇི་ལྟར་ལག་བསྟར་བྱེད་པ་དེའང་རང་སྐྱོང་མི་རིགས་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁུངས་(自治机关)ཀྱིས་ཐག་གཅོད་པར་དབང་ཐང་གཤའ་མ་ལྡན་པའི་དབང་འོག་གི་ལས་དོན་ཞིག་ཡིན་ཕྱིན། རང་སྐྱོང་ལས་ཁུངས་ཀྱིས་གཏན་དབབ་བྱས་པའི་རང་སྐྱོང་་མི་རིགས་ཀྱི་སྐད་ཡིག་གིས་སློབ་ཁྲིད་བྱེད་དགོས་པའི་རང་སྐྱོང་སྲོལ་ཡིག་དེ་དག་རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་གི་ཁྲིམས་ལ་ཡེ་ནས་འགལ་མེད་པ་ལོང་བས་བལྟས་ཀྱང་རྒྱལ་ཁམས་ཀྱི་དཔེ་རུ་ཟད། མིག་ལྡན་ཧྲིན་ཁྲོང་ཡོལ་གྱིས་དོན་ཚན་འདི་དག་ཅིའི་ཕྱིར་མ་མཐོང་བ་རེད་ལགས། དེ་མིན་ཁོང་གིས་ལུང་དྲངས་པའི་རྩ་ཁྲིམས་ཀྱི་དོན་ཚན་༡༩་བ་དང་སློབ་གསོའི་ཁྲིམས་ལ་སོགས་པ་ནི་རང་སྐྱོང་སྲོལ་ཡིག་དང་དམིགས་བསལ་སྲོལ་ཡིག་གི་ཉེ་བར་གནས་པའི་ཁྲིམས་གོང་མ་མིན་པས་ན། གལ་ཏེ་སྲོལ་ཡིག་དེ་དག་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་རྩ་དོན་དང་མ་འགལ་བར་སློབ་གསོའི་ཁྲིམས་ལ་སོགས་པའི་རིང་བར་གནས་པའི་ཁྲིམས་གོང་མ་ལ་འགལ་ནའང་རུང་མཐུན་ཏུ་གྲུབ། དཔེར་ན་གཉེན་སྒྲིག་གི་ཁྲིམས་ཀྱིས་ཕོ་མོ་གཉེན་སྒྲིག་གི་ལོ་ཚད་དེ་ལ་མི་རིགས་རང་སྐྱོང་ས་ཁུལ་དུ་རང་སྐྱོང་དང་དམིགས་བསལ་སྲོལ་ཡིག་གིས་ལོ་གཉིས་མར་བཅགས་པ་ལྟ་བུའི་ས་གནས་རང་སྐྱོང་སྲོལ་ཡིག་གིས་ཁྲིམས་ལུགས་ལ་འཕར་བཅོས་བྱས་པའི་དངོས་ཡོད་ཀྱི་དཔེ་དོན་མི་ཉུང་བ་ཡོད་པ་ལྟ་བུའོ། མི་རིགས་རང་སྐྱོང་ས་ཁུལ་གྱི་སྲོལ་ཡིག་གིས་རང་གི་ཁྲིམས་གོང་མ་རྣམས་ཐམས་ཅད་པོ་ངེས་པར་དུ་ཇི་མ་ཇི་བཞིན་འཁུར་དགོས་པའི་ཁྱབ་པ་མེད།
བཞི་བ། བོད་ཁུལ་གྱི་དཔོན་རིགས་ཁྲོད་ན་ཀྲུག་ཡོང་ཁྭང་གི་ཤུགས་རྐྱེན་ངན་པ་གཙང་བཟོ་བྱས་མེད།
ཉེ་བའི་ཆར་ཀྲུང་དབྱང་འཁོར་བསྐྱོད་ལྟ་ཞིབ་ཚོགས་པས་ས་གནས་ས་ཁུལ་ལ་ལར་ཀྲུག་ཡོང་ཁྭང་(周永康)གི་ཤན་ཤུགས་ངན་པ་ད་དུང་གཙང་སེལ་ཐེབས་མེད་ཅེས་སྤྱི་བདེ་པུའུ་ལ་སྐྱོན་བརྗོད་བྱས། ཟི་ཁྲོན་ཞིང་ཆེན་གྱི་བོད་ཁུལ་ནའང་ཀྲིག་ངན་གྱི་ཤན་ཤུགས་མུ་མཐུད་དུ་གནས་ཡོད། ཀྲུག་ཡོང་ཁྭང་གིས་ཟི་ཁྲོན་ཞིང་ཆེན་གྱི་ཏང་ཨུའུ་ཧྲུའུ་ཅིའི་དབང་ཆ་བཟུང་ཡོད་པའི་དུས་ཤིག་ལ་འབར་ཁམས་སུ་སོང་སྟེ་གཏམ་བཤད་ཅིག་གི་ནང་དུ་ས་ཁུལ་དེའི་བོད་རིགས་ཀྱིས་རྒྱ་ཡིག་དང་དབྱིན་ཡིག་ཤུགས་ཀྱིས་སྦྱོངས་དགོས་ཤིང་བོད་ཡིག་ཉུང་ཉུང་མ་གཏོགས་སློབ་སྦྱོང་བྱེད་མི་དགོས་ཞེས་བཤད་པས། སྐབས་དེའི་རྔ་བ་ཁུལ་གྱི་ཧྲུའུ་ཅུའུ་ཧྭོང་ཞིན་ཁྲོ་(黄新初)སོགས་ཀྱིས་སྤྲེལ་ལད་འཁྲབ་སྟེ་བོད་ཡིག་དགོས་མེད་ཀྱི་ལྟ་ངན་འཆིང་སྟེ་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་དང་རྔ་བ་ཁུལ་གྱི་རང་སྐྱོང་སྲོལ་ཡིག་སོགས་སྣང་མེད་དུ་བཞག་ནས་རྔ་ཁུལ་གྱི་གཟི་ཚ་སྡེ་དགུ་དང་། འབར་ཁམས་རྫོང་། ཆུ་ཆེན་རྫོང་གི་བོད་ཡིག་སློབ་ཚན་བཙན་གྱིས་མཚམས་བཞག་ཏུ་བཅུག་སྟེ། བཙན་ལྷ་དང་བཀྲ་ཤིས་གླིང་། ཁྲི་ཚང་རྫོང་དག་གི་སླར་གསོ་བྱེད་བཞིན་པའི་བོད་ཡིག་སློབ་གསོའང་རྨང་མེད་པར་བཅོམ་པས་རོང་བ་དང་འབྲོག་པ་གཙོ་བོ་ཡིན་པའི་ས་ཁུལ་དེ་དག་ན་བོད་ཡིག་མི་ཤེས་པའི་ཡིག་རྨོངས་བ་བརྒྱ་ཆའི་གོ་ལྔ་ལ་འཕར། ཀྲུག་གི་ལོག་བཤད་ཀྱིས་རྔ་བ་ཁུལ་གྱི་མི་རིགས་སློབ་གསོ་ཕལ་ཆེ་བ་རྩ་མེད་དུ་བཏང་བ་མ་ཟད། དུས་ད་ལྟའི་བར་དུ་ཟི་ཁྲོན་ཞིང་ཆེན་དང་རྔ་བ་ཁུལ་གྱི་ཀྲིག་ཡོང་ཁྭང་གི་ལྐོག་གྱུར་གྱི་རྗེས་འབྲངས་པ་དཔོན་ཆེན་རྣམས་ཀྱིས་ཀྱང་ཉིན་མོར་མགོ་ལ་རྭ་བཏགས་ནས་ཤ་བོའི་གྲལ་ཏུ་སོང་། དགོང་མོ་རྐུབ་ལ་རྩམ་སྐྱ་བསྐུས་ནས་དགོ་ཡི་གྲལ་ལ་ཚུད་ནས་ཀྲུང་དབྱང་དང་མི་དམངས་ལ་ངོ་གཉིས་བསྟན་ཏེ་རྩ་ཁྲིམས་དང་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་མ་བལྟས་བར་ཀྲུག་ཡོང་ཁྭང་གིས་མ་འགྲུབ་པའི་ཉེས་སྤྱོད་རྔ་བ་ཁུལ་དུ་མུ་མཐུད་དུ་མཐར་བསྐྱལ་ཏེ་བོད་སྐད་ཡིག་གི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མེད་པའི་ངམ་གནག་གི་རྩོལ་བ་ལས་བཞིན་ཡོད། དེ་ལའང་རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་མི་རིགས་ཨུ་ཡོན་ལྷན་ཁང་གིས་རྩ་ཁྲིམས་བརྒལ་བརྟག་བཏང་སྟེ་ཡོ་བསྲང་བྱ་དགོས་པར་འདོད།
མདོར་ན། རྒྱལ་ཁབ་ཁྲིམས་ལྟར་སྐྱོང་དགོས་ཞེས་པའི་ཇུས་ཆེན་ཁྲི་གདུགས་ཉི་མ་ཀླད་ན་ཤར། རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་ཁག་ཐེག་བྱེད་པའི་དམ་བཅའ་རྩ་ཁྲིམས་སུ་བཞག་པའི་ཇུས་བཟང་དུང་གི་ཟླ་བ་སྔུན་ན་ཚེས་པའི་སྐབས་སུ། གྲངས་ཉུང་མི་རིགས་རྣམས་ཀྱིས་རང་གི་སྐད་ཡིག་ལ་བརྟེན་ནས་སྤྱི་ཚོགས་རིག་པ་དང་ཚན་ཚན་རིག་པ་སློབ་སྦྱོང་བྱས་ཏེ་རང་གི་སྐད་ཡིག་དང་རིག་གནས་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བྱེད་པ་ནི་སྤྱི་དམངས་ཀྱིས་གཞི་རྩའི་ཐོབ་ཐང་(基本权利)ལ་ལོངས་སུ་སྤྱད་པའི་རྣམ་པ་ཞིག་ཡིན་པས་མི་ཚད། རྒྱལ་ཁབ་ཀྱི་རིག་གནས་ལྡུམ་རའི་ནང་གི་འབྲས་ལྡན་ལྗོན་བཟང་བསྲུང་སྐྱོབ་དང་དར་སྤེལ་བྱས་པའི་མཛད་རྗེས་ཤིག་ཀྱང་ཡིན། དེ་ལ་ཁྲིམས་སྒྲིག་ལས་དོན་ལྷན་ཁང་གིས་གཟེངས་བསྟོད་ཅིག་བརྗོད་མི་ནུས་ནའང་གཞི་མེད་ཀྱིས་རྩ་ཁྲིམས་དང་འགལ་ལོ་ཞེས་སྒྲོ་འདོགས་དང་བསྐུར་འདེབས་ཀྱིས་ཚར་གཅོད་པའི་སྙིང་ཁམས་ག་ནས་འོང་བ་རེད་དམ། དམ་ཉམས་མཱ་རོང་(马戎)དང་ཧུའུ་ཨན་གང་(胡鞍钢)། ཧྲིན་ཁྲོང་ཡོལ་ལ་སོགས་པའི་འབྱུང་པོའི་བྱ་རྣམས་ལོང་བར་གྱུར་ཏེ་རྩ་ཁྲིམས་ཀྱི་མི་རིགས་རང་སྐྱོང་གི་དོན་ཚན་དང་གཙོ་འཛིན་ཞིས་ཅིན་ཕིན་གྱི་མི་རིགས་འདྲ་མཉམ་གྱི་ལྟ་གྲུབ་དག་ལ་ལོག་འགྲེལ་ལོག་བཤད་ཀྱི་ཐན་སྐད་རྐྱང་རྐྱང་ལོ་མང་རིང་བསྒྲགས་པའི་ཉེར་ལེན་གྱིས། སྔོན་གྱི་མཁས་བཙུན་བཟང་གསུམ་གྱི་སྐྱེས་བུ་དམ་པ་དང་མིག་རྒྱང་ལྡན་པའི་མགོ་ཁྲིད་ཁག་གིས་རིགས་སོ་སོའི་མི་རིགས་དང་མཉམ་དུ་བསྐྲུན་པའི་མི་རིགས་སློབ་གསོའི་ལས་དོན་བཟང་པོ་དང་ཐབས་མཁས་ཀྱི་ཇུས་འགོད་དེ་དག་ཁ་ཆག་སྣ་རལ་དུ་བཏང་བ་མ་ཟད། རྒྱལ་ཁབ་འདིར་འདས་པའི་ལོ་བཅོ་ལྔའི་རིང་ལ་མི་རིགས་གནད་དོན་གཅིག་མཇུག་གཉིས་མཐུད་ཀྱིས་རྒྱུན་མ་ཆད་པར་ལུ་གུ་རྒྱུད་ལྟར་བྱུང་དང་འབྱུང་མུས་ཀྱི་རྣམ་པ་འདི་བཟོས་པ་རེད། ནང་བཀྲ་མ་ཤིས་ན་ཕྱིའི་དོན་མི་འགྲུབ་པའི་དཔེ་ལྟར་ལྟས་ངན་པའི་ཐན་བྱ་འདི་དག་ཁྲིམས་སྐྱོང་ཁྲི་གདུགས་ཉི་མའི་འོད་ཟེར་གྱིས་བས་མཐར་མ་བསྐྲད་ན་རྒྱ་རིགས་དང་གྲངས་ཉུང་མི་རིགས་ཐམས་ཅད་ཀྱིས་མི་རིགས་འཆམ་མཐུན་དང་རྒྱལ་ཁབ་ཁྲིམས་སྐྱོང་གི་དཔལ་ལ་ལུས་བདེ་བག་ཕེབས་ངང་རོལ་བའི་གོ་སྐབས་མི་འབྱུང་། རྩ་ཁྲིམས་བརྒལ་བརྟག་ལམ་ལུགས་ནི་སྤྱི་དམངས་ཡོངས་ཀྱི་གཞི་རྩའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་རྨང་རྡོ་དང་ཆེས་མཐའ་མའི་ལག་ཆ་ཡིན་པ་ལས། རྩ་ཁྲིམས་བརྒལ་བརྟག་ལ་ཁ་གཡར་ཏེ་སྤྱི་དམངས་ཀྱི་གཞི་རྩའི་ཐོབ་ཐང་ཚར་གཅོད་པའམ་གནོད་པ་བསྐྱལ་ན་དེ་ནི་ད་གཟོད་རྩ་ཁྲིམས་དང་འགལ་ཡོད་པས་རྩ་ཁྲིམས་བརྒལ་བརྟག་བྱ་འོས་པའི་གནས་ཡིན་ནོ།།