རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་བྱས་པའི་ཉེས་སྤྱོད་ཅེས་པ་ནི། ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་ནང། རྒྱལ་ཁབ་ཁ་བྲལ་བའི་ལས་གཞི་རྩ་འཛུགས་དང་། ཇུས་འགོད། ལག་བསྟར་བཅས་ཀྱི་སྦྱོར་བ་བཤམས་ཏེ་རྒྱལ་ཁབ་གཅིག་གྱུར་ལ་གནོད་པ་བསྐྱལ་བ་དང་། ལས་འགུལ་དང་ཚོགས་པ་དེ་རིགས་ལ་རྒྱུན་ཏུ་ཞུགས་པ་བཅས་ནི་ཉེས་སྤྱོད་དེའི་རྣམ་པ་ཡིན། ལས་འགུལ་དང་ཚོགས་པ་དེ་རིགས་རྩ་འཛུགས་བྱེད་མཁན་དང་ཡང་ན་ཉེས་སྤྱོད་ཚབས་ཆེན་གྱི་གཏེ་བོ་གཙོ་བོར་ཚེ་བཙོན་ནམ་ལོ་བཅུའི་ཡན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་དགོས་ཤིང་།
རྒྱུན་ཏུ་ཚོགས་པའི་ནང་མཉམ་ཞུགས་བྱེད་མཁན་ལ་ལོ་གསུམ་ཡན་ནས་ལོ་བཅུའི་མན་དང། མཉམ་ཞུགས་བྱེད་མཁན་གཞན་ལ་ལོ་གསུམ་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་དགོས་པ། རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་བྱེད་མཁན་ལ་ལོ་ལྔ་མན་གྱི་བཙོན་འཇུག་གི་ཉེས་ཆད་གཅོད་དགོས་པ་བཅས་་གཏན་འབེབས་བྱས་ཡོད་མོད། དོན་ཚན་དེའི་ནང་གི་གཏན་འབེབས་ལ་གསལ་ཁ་མེད་ཅིང་ཞིབ་ཚགས་མིན་པའི་སྐྱོན་མཆིས་པར་མཐོང་སྟེ། ༢༠༠༢་ལོར་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ལྷན་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་སྤྱོད་དང་རྒྱལ་ཁབ་ཁ་བྲལ་ལ་སྐུལ་སློང་གི་ཉེས་སྤྱོད་ཐད་ཀྱི་ཡན་ལག་གི་ཐད་ལ་ཁྲིམས་བཟོའི་འགྲེལ་བཤད་ཅིག་སྤེལ་ཡོད་པ་ལྟར་ན། རྒྱལ་ཁབ་ཁ་བྲལ་གྱི་ཉེས་སྤྱོད་དང་དེར་སྐུལ་སློང་བྱས་པའི་ཉེས་སྤྱོད་ཀྱི་གཞི་ཡི་ཡན་ལག་ཉེས་ཁྲིམས་ཀྱི་ཐུན་མོང་གི་ཉེས་སྤྱོད་ཀྱི་སྦྱོར་བའི་ནུས་པ་ལྡན་པའི་གང་ཟག་ཡིན་དགོས་ཤིང་། གང་ཟག་དེ་རིགས་ཞུགས་པའི་ཚོགས་པ་དེའང་རྒྱལ་ཁབ་ཁ་བྲལ་གཏོང་བ་དམིགས་ཡུལ་དུ་བྱས་ཏེ་ངན་རུབ་ཀྱིས་བཙུགས་པའི་ཚོགས་པ་ཡིན་དགོས། ཉེས་སྤྱོད་འདི་རིགས་་གང་ཟག་རེ་གཉིས་ཀྱི་ནུས་སྟོབས་ལ་བརྟེན་ནས་བསྒྲུབ་མི་ནུས་པ་ཡིན་སྟབས་ནམ་རྒྱུན་ཚོགས་པ་རྩ་འཛུགས་བྱས་ཏེ་དུས་ཡུན་རིང་བོར་ཉེས་སྤྱོད་ཟམ་མ་ཆད་པར་བསྐྱེད་པའི་གཞི་ཡིན་དགོས་(分裂国家、破坏国家统一是一种严重危害国家的犯罪,往往靠个人难以达到目的,一般要组成一定的集团进行长期的犯罪活动)ཞེས་གསལ་ཁ་བཏོད་འདུག།
ཉེས་ཁྲིམས་ཀྱི་དོན་ཚན་༡༠༣་པའི་ནང་། ཉེས་སྤྱོད་འདི་རིགས་བསྐྱེད་པ་ལ་སྦྱོར་བ་བོར་རྒྱལ་ཁབ་ཁ་བྲལ་དུ་གཏོང་བར་འདོད་པའི་ཀུན་སློང་དང་བསམ་པ་རྒྱུན་མ་ཆད་པར་ལྡན་པའི་ཤེས་བཞིན་གྱི་སེམས་བྱུང་དེ་ཡོད་དགོས་པར་བཤད། དེ་ནི་སྦྱོར་བ་བོས་རྒྱལ་ཁབ་ཁ་བྲལ་གྱི་ལུས་ངག་གི་རྣམ་པར་རིག་བྱེད་ཡོད་དོ་ཅོག་ལ་དེའི་ཀུན་སློང་དང་བསམ་པ་ཡིས་ཐོག་མཐའ་བར་གསུམ་དུ་ཟིན་དགོས། འདུལ་བའི་ནང་མ་བསམ་པ་ལ་ཉེས་པ་མེད་ཅེས་བསྟན་པ་ལྟར། བསམ་བཞིན་གྱི་ཉེས་སྤྱོད་ཀྱི་བསམ་པའི་ཡན་ལག་ནི་སྦྱོར་བ་བོས་རང་གི་རྩོལ་བ་དང་དེ་ལས་བྱུང་བའི་མཇུག་འབྲས་ལ་བསམ་བཞིན་དང་རེ་ལྟོས་དང་མངོན་པར་འདོད་པ་སོགས་ཀྱི་སེམས་བྱུང་གིས་ངེས་པར་དུ་ཟིན་དགོས། དེས་མ་ཟིན་པའི་་གློ་བུར་རམ་སྟེས་དབང་གི་སྦྱོར་བ་ཁོ་ནར་གཞིགས་པའམ། ཕྱིའི་རིག་བྱེད་ཁོ་ན་ལ་གཞིགས་ནས་ཉེས་སྤྱོད་འགེལ་བ་(客观归罪)ནི་ཆད་མཐར་ལྟུང་བའི་ལྟ་ངན་དང་ལག་ལེན་ཡིན་པས་མི་རིགས་སོ། ཆེ་འདོད་གྲགས་འདོད་དང་རྙེད་བཀུར་སོགས་ཀྱི་ཀུན་སློང་རབ་ཏུ་འཇུག་པ། ཀུན་སློང་རྗེས་སུ་འཇུག་པ་ལ་སོགས་པའི་སེམས་བྱུང་སྣ་ཚོགས་ཡོད་སྲིད་པས་མཐའ་གཅིག་ཏུ་དེ་ནི་རྒྱལ་ཁབ་ཁ་བྲལ་གཏོང་འདོད་ཀྱི་ཀུན་སློང་རེད་ཅེས་ཁ་ཚོན་བཅད་ན་ཐེ་ཚོམ་གྱི་གནས་སུ་འགྱུར་བས། དོགས་པ་བྱུང་དུས་གྱོད་པར་ཕན་པར་འགྲེལ་ཞེས་པའི་རྩ་དོན་(存疑时做有利于被告人的原则)ཚད་མར་བཞག་ན། ཀུན་སློང་དང་བསམ་པ་ནང་རྒྱལ་ཁབ་ཁ་ཕྲལ་བར་གྱུར་ཅིག་གུ་ཞེས་པའི་བསམ་ཆ་དེ་མེད་པའམ་ཚང་བར་བསྒྲུབ་མི་ནུས་ན་་རྒྱལ་ཁབ་ཁ་བྲལ་དུ་གཏོང་བའི་ཉེས་སྤྱོད་འགེལ་མི་རུང་།
སྦྱོར་བའི་ཆ་ནས་བལྟས་ན། རྒྱལ་ཁབ་ཀྱི་ཆེས་མཐོའི་ཁྲིམས་བཟོ་ལྷན་ཁང་གིས་རྒྱལ་ཁབ་ཁ་བྲལ་གྱི་ཉེས་སྤྱོད་དང་དེར་སྐུལ་སློང་གི་ཉེས་སྤྱོད་བཅས་ཀྱི་རིག་བྱེད་ནི། རྩ་འཛུགས་དང་འཆར་གཞི་ལྡན་པའི་སྒོ་ནས་རྒྱལ་ཁབ་ཁ་བྲལ་བར་བྱེད་པ་དང་སྲིད་གཞུང་ལོགས་སུ་འཛུགས་པ། མི་རིགས་དབར་ལ་འགལ་ཟླ་སློང་བ་ལ་སོགས་པའི་སྦྱོར་བ་སྤེལ་བའམ་དེ་འབྲེལ་གྱི་ཚོགས་པ་དང་ལས་འགུལ་ལ་རྒྱུན་ཏུ་ཞུགས་པར་ངོས་འཛིན་དང་། ངན་སྐུལ་ཞེས་པ་ཡང་ཡིག་ངག་རི་མོ་གང་རུང་གི་རིག་བྱེད་ཀྱིས་མི་གཞན་ལ་སྐུལ་སློང་དང་ཁྱབ་བསྒྲགས་བྱས་ཏེ་དེར་ལྟ་ཉེན་བྱེད་མཁན་གྱི་བློ་ཁ་བསྒྱུར་བར་འབད་རྩོལ་བྱེད་པའི་ལུས་ངག་གི་རྣམ་པ་་དང་རྩོལ་བ་དེ་དག་ཡིན་ཞེས་འགྲེལ་བཤད་བྱས་ཡོད་པས་ན། སྦྱོར་བ་བོར་རྒྱལ་ཁབ་ཁ་བྲལ་གྱི་ལས་ལ་གཞོལ་ཅིག ཀུན་ལ་ཁྱབ་བསྒྲགས་གྱིས་ཤིག ཤེས་པར་གྱིས་ཤིག འདི་ལྟར་བགྱིས་ན་ཁེ་ཕན་འདི་དག་བདོག་གོ་ཞེས་ཡིག་ངག་གི་ཁྱབ་བསྒྲགས་དང་སྐུལ་སློང་གི་རིག་བྱེད་མེད་ན་སྦྱོར་བའི་་ཡན་ལག་ཀྱང་མི་ཚང་། བསམ་བཞིན་ཅན་གྱི་ཉེས་སྤྱོད་གང་རུང་ལ་གཞི་བསམ་པ་སྦྱོར་བ་བཅས་ཀྱི་ཡན་ལག་མ་ཚང་ན་ཉེས་སྤྱོད་གང་རུང་རྫོགས་པར་བསྐྱེད་པའི་མཐར་ཐུག་འབྱུང་མི་སྲིད། སྦོམ་པོ་ཡང་མི་འབྱུང་།
དེ་ཡང་བོད་ཀྱི་ཁྲིམས་ཡིག་རྙིང་བའི་ནང་དགྲ་ཞིག་འདུལ་ནའང་ཐོག་མར་ཕྱི་པདྨ་དཀར་པོའི་རྒྱ་མ་ཞིག ནང་ཅོ་ག་གྲོ་མོའི་ཚང་མ་འཐོར་བ་ཞིག་དགོས་ཤིང་། བྱ་མ་འཕུར་སྒོ་ང་ལོན་པའི་དཔེ་ལྟར་ཞི་བའི་སྒོ་ནས་འགུགས་དགོས་ཤིང་། འཇུ་མི་ཕམ་རྣམ་རྒྱལ་རྒྱ་མཚོས་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀྱི་ནང་དུ། རྒྱལ་རིགས་ཆོས་དང་ལྡན་པ་རྣམས།། འཁོར་ལ་བུ་བཞིན་བྱམས་པས་ཕྱིར།། དང་པོར་འཇམ་པོས་བསྒོ་བ་ལས།། ཐོག་མར་ཁོ་ནར་ཚར་གཅོད་མིན་ཞེས་གསུངས་ཡོད་པ་དེ་དང་། དབྱིན་ཇིའི་ཁྲིམས་རིག་པ་སྨྲ་བའི་མཁས་ཆེན་གཅར་མེ་འབེན་གསུམ་(Jeremy Bentham)་གྱིས་ཞི་ཞིང་འཇམ་པའི་ཁྲིམས་ཀྱིས་མི་རིགས་དང་རྒྱལ་ཁབ་ཅིག་གི་འཚོ་གནས་མི་ཆོས་དང་མཐུན་པར་འགོད་ནུས་པ་མ་ཟད། སྲིད་གཞུང་གི་མངོན་འདོད་ལའང་མི་དམངས་ཀྱིས་བརྩི་བཀུར་ཡང་བྱེད་དུ་འཇུག་ཐུབ།(边沁说:“温和的法律能使一个民族的生活方式具有人性, 政府的精神会在公民中间得到尊重。”) དེ་བཞིན་དུ་རྒྱ་ནག་གི་ཉེས་ཁྲིམས་གཞུང་ལུགས་སྨྲ་བའི་སེང་གེ་ཁྲིན་ཞིན་ལང་གིས་ཀྱང་ཉེས་ཁྲིམས་ཀྱི་དགོངས་ཡངས་དང་ཁེངས་སྐྱུང་གི་རང་བཞིན་ལ་གཞིག་སྟེ་ཁྲིམས་ལས་མཁན་གྱིས་ཀྱང་ཉེས་ཆད་ཉུང་ངུའམ་ཉེས་ཆད་མ་བཀོལ་བའི་ཐབས་ལམ་གྲོན་ཆུང་ལ་བརྟེན་ནས་སྤྱི་ཚོགས་ལ་ཕན་པའི་འབྲས་བུ་ལོན་པར་འབད་བརྩོན་བྱས་ཏེ་ཉེས་སྤྱོད་ཚོད་འཛིན་དང་སྔོན་འགོག་བྱེད་དགོས་(陈兴良认为:“刑法谦抑性,是指立法者应当力求以最小的支出——少用甚至不用刑罚(而用其他刑罚替代措施),以便获取最大的社会效益——有效地预防和控制犯罪。”)ཞེས་པའི་གསུང་བཤད་ཚད་མ་ལྟར། སྦྱོར་བ་བོ་གང་ཞིག་གིས་གྲངས་ཉུང་མི་རིགས་ལ་ཕན་སེམས་དང་ཡང་ན་ལུང་མ་བསྟན་གྱི་སེམས་རྙོག་མ་ཅན་གྱི་ཀུན་སློང་གིས་དྲངས་དེ་རྒྱལ་ཁབ་ལ་མི་ཕན་པའི་བརྗོད་བྱ་བརྗོད་པ་ཙམ་ཡོད་དོ་ཅོག་རྒྱལ་ཁན་ཁ་བྲལ་དང་དེར་སྐུལ་སློང་གི་ཉེས་སྤྱོད་དུ་བརྩིས་ཏེ་སྤྱོས་ཤིང་མནར་བཅད་ན་ཉེས་ཁྲིམས་ཀྱི་དགོངས་པ་དང་མི་མཐུན་ཞིང་ཉེས་ཁྲིམས་ཀྱི་སྟ་མོས་ངེས་པར་དུ་འཆོས་པའི་གནས་མིན་ནོ།།
གཞི་བསམ་སྦྱོར་བའི་ཡན་ལག་ཕྲ་སྦོམ་གྱིས།།
ཁ་ཕྲལ་ཉེས་སྤྱོད་བསྐྱེད་མིན་ལེགས་འབྱེད་འདི།།
རྣམ་མང་ཁྲིམས་ཀྱི་དབང་དྲག་ལ་བརྟེན་ནས།།
ཉེས་དང་ཉེས་མིན་འབྱེད་མཁས་སྤྱན་སྔར་ཕུལ།།
འདི་ལྟར་བགྱིས་པའི་རྣམ་དཀར་དགེ་བའི་མཐུས།།
སྤྱི་དམངས་ཐོབ་ཐང་འཇིགས་མེད་ལོངས་སྤྱོད་དང་།།
གཞུང་གི་དབང་ཐང་རྟ་རྒོད་ཁྲིམས་ཀྱིས་གཅུན།།
གཞུང་དམངས་ལེགས་པའི་ལམ་ལ་ཡུན་གནས་སྨོན།།
འདིའི་སྐོར་གྱི་རྒྱ་ཡིག་གི་རྩོམ་གྱི་འབྲེལ་ཐག http://trimleng.org/2021/03/17/khadral-ngankulkyi-nakgnye-korkyi-dralshed/