ཉེན་རྟོག་པས་རང་འདོད་ཀྱིས་མི་གཞན་འཛིན་བཟུང་བཀག་ཉར་བྱས་ཆོག་གམ།

 

དེང་སྐབས་བོད་ཀྱི་ས་ཁུལ་ན་མི་མང་གིས་སྐད་ཕྲན་དང་མགྱོགས་ཕྲན་སོགས་ཀྱི་ནང་དུ་ཐོབ་ཐང་གི་སྐོར་གྱི་གཏམ་བཤད་པ་དང་། ཡང་ན་རང་གི་ས་ཕྱོགས་སུ་ཁོར་ཡུག་གཙང་བཟོའི་བྱ་འགུལ་སྤེལ་བ། དམངས་ཁྲོད་ཀྱིས་རྩ་འཛུགས་གཙོ་སྐྱོང་བྱས་པའི་བོད་སྐད་ཡིག་སློབ་སྦྱོང་འཛིན་གྲྭར་མཉམ་ཞུགས་བྱས་པ། དེ་བཞིན་དུ་ཡིད་བཞིན་ནོར་བུའི་སྐུ་པར་བཤམས་པ་ལ་སོགས་པའི་ལུས་ངག་གི་རིག་བྱེད་ཅུང་ཙམ་ཡོད་ན་ས་གནས་ཀྱི་ཉེན་རྟོག་པས་དེ་ལ་ཁ་གཡར་ནསམི་དེ་རིགས་འཛིན་བཟུང་་བཀག་ཉར་དང་འབོད་འགུག་སོགས་ཀྱིས་སྡུག་ལ་སྦྱོར་བཞིན་པའི་གནས་ཚུལ་མི་ཉུང་བ་དྲ་ལམ་བརྒྱུད་དེ་མཐོང་ཐོས་ཀྱི་སྤྱོད་ཡུལ་དུ་གང་མང་གྱུར་བས། ཅི་ཞིག་ལ་འཛིན་བཟུང་དང་བཀག་ཉར། ཉེན་རྟོག་པས་རང་འདོད་ཀྱིས་གང་ཟག་གང་རུང་ཞིག་བཀག་ཉར་དང་འཛིན་བཟུང་འབོད་འགུག་བྱས་ཆོག་མིན་གྱི་སྐོར་ལ་ཁྲིམས་ལུགས་ཀྱིས་གཏན་འཁེལ་ཅི་ལྟར་བྱས་ཡོད་པ་མི་མང་ལ་མཚམས་སྦྱོར་བྱས་ཏེ། གོང་གི་ཉེན་རྟོག་པའི་སྤྱོད་ངན་དེ་དག་ལ་ཁ་གཏད་གཅོག་པར་ཕན་རེ་ཐོགས་ན་སྙམ་བྱུང་།

དང་པོ། སྲིད་འཛིན་བཀག་ཉར་དང་འགུག་འདྲི།

སྲིད་འཛིན་བཀག་ཉར་ནི་གང་ཟག་ཅིག་གིས་སྤྱི་ཚོགས་བདེ་སྲུང་དོ་དམ་ཁྲིམས་དང་འགལ་བའི་སྦྱོར་བ་དེ་ལ་དམིགས་ཏེ་སྤྱི་བདེ་་ལས་ཁུངས་ཀྱིས་མི་དེ་ལ་བཀག་ཉར་གྱི་ཆད་པ་བཅད་པ་ལ་ཟེར། གང་ཟག་དང་སྤྱི་ཚོགས་ལ་གནོན་པའམ་གནོད་ཉེན་ཅན་གྱི་སྦྱོར་བ་སྦོམ་པོའམ་ན་སྨད་གང་ཞིག་ཁྲིམས་དང་འགལ་ཡང་ཉེས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཉེས་སྤྱོད་ཀྱི་ཚད་གཞིར་མ་སླེབས་ན་སྦྱོར་བ་དེ་རིགས་ལ་ཉེན་རྟོག་ལས་ཁང་གིས་སྲིད་འཛིན་བཀག་ཉར་ཉིན་ཉི་ཤུ་ལས་མ་འདའ་བ་བྱས་ཆོག་པ་སྤྱི་ཚོགས་བདེ་སྲུང་དོ་དམ་ཁྲིམས་ཀྱིས་གཏན་འཁེལ་བྱས་ཤིང་། སྦྱོར་བ་འདི་རིགས་སྤྱི་ཚོགས་དང་གང་ཟག་ལ་གནོད་པ་ལྡན་ནའང་ཉེས་ཁྲིམས་ཀྱི་ཚད་གཞིར་མ་ལོན་པས་དེའི་འགན་ཁུར་ཉེས་ཁྲིམས་ཀྱིས་མི་འདེད་པར་སྲིད་འཛིན་ཁྲིམས་ལུགས་འདེད་པ་ཡིན་པ་དང་། དེའི་རྒྱུ་མཚན་གྱིས་བཀག་ཉར་དུས་ཡུན་དེ་ཡང་རིང་ན་ཉིན་ཉི་ཤུ་ལས་འདའ་མི་ཆོག་པའི་གཏན་འཁེལ་བྱས། དཔེ་ཞིག་གི་སྟེང་ནས་བཤད་ན་གལ་ཏེ་རྐུན་མ་ཞིག་གིས་འཇབ་བརྐུས་བྱས་ཏེ་བརྐུས་རྫས་ཀྱི་རིན་ཐང་སྒོར་ལྔ་བརྒྱ་དྲུག་བརྒྱ་ལས་མེད་ན། དེ་ནི་ཁྲིམས་འགལ་གྱི་སྦྱོར་བ་ཡིན་ནའང་ཉེས་སྤྱོད་མིན་པས་ན་དེ་ལ་སྲིད་འཛིན་བཀག་ཉར་སོགས་ཀྱི་ཆད་པ་གཅོད་པ་ལས་ཉེས་དོན་གྱི་འགན་མི་འདེད་པའི་རྒྱུ་མཚན་ལྟ་བུའོ། ཆད་པ་དེ་རིགས་ལ་འཛིན་བཟུང་མི་ཟེར་བར་སྲིད་འཛིན་བཀག་ཉར་དང་སྲིད་འཛིན་ཆད་པ་ཞེས་བརྗོད། དེ་བཞིན་དུ་ལོ་ཁ་ཤས་སྔོན་དུ་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ཟི་ལིང་གནམ་གྲུའི་ཐང་གི་ཉེན་རྟོག་པས་བཀག་ཉར་བྱས་པ་དེ་ཡང་སྲིད་འཛིན་བཀག་ཉར་གྱི་ཆད་པ་ཡིན་གྱི་འཛིན་བཟུང་མིན། སྲིད་འཛིན་བཀག་ཉར་ལ་དོ་བདག་ཡིད་འཐད་མིན་ན་སྲིད་འཛིན་བཀག་ཉར་ཐག་བཅད་པའི་ལས་ཁུངས་དང་ཡང་ན་དེའི་གོང་རིམ་པ་གཅིག་གི་ལས་ཁུངས་ལ་སྲིད་འཛིན་ཡང་གྲོས་(复议)ཀྱིས་རེ་འདུན་ཞུས་ན་ཆོག། དཔེར་ན་རྫོང་རིམ་པའི་སྤྱི་བདེ་ལས་ཁུངས་ཀྱིས་ཐག་བཅད་པ་ཡིན་ན་ཁུལ་རིམ་པའི་སྤྱི་བདེ་ལས་ཁུངས་ལ་ཡང་གྲོས་ཀྱི་རེ་འདུན་ཞུ་ཆོག་ཅིང་། ཡང་གྲོས་ཀྱི་གྲོས་ཆོད་ལ་དོ་བདག་མོས་མཐུན་མེད་ན་དོ་བདག་གིས་མི་དམངས་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱས་ཆོག་པ་མ་ཟད། ཡང་གྲོས་ནི་སྲིད་འཛིན་གཏུག་བཤེར་གྱི་ཆ་རྐྱེན་མིན་པས་དོ་བདག་གིས་དེ་མ་བརྒྱུད་པར་ཐད་ཀར་ཁྲིམས་ཁང་ལ་སྲིད་འཛིན་གཏུག་བཤེར་བྱས་ནའང་འགྲིག གལ་ཏེ་སྤྱི་བདེ་ལས་ཁུངས་ཀྱི་སྲིད་འཛིན་བཀག་ཉར་གྱི་ཐག་བཅད་ལ་ཁྲིམས་ཁང་ངམ་ཡང་གྲོས་ལས་ཁུངས་ཀྱིས་བཟློག་ན། སྤྱི་བདེ་ལས་ཁུངས་ཀྱིས་བཀག་ཉར་བྱས་པའི་གང་ཟག་དེ་ལ་རྒྱལ་ཁབ་གུན་ཚབ་སྤྲོད་པའི་འགན་ཁུར་ཡོད། འགུག་འདྲི་(盘问)ཞེས་པ་ནི་་སྤྱི་བདེ་ལས་ཁང་གིས་སྲིད་འཛིན་གྱོད་གཞི་ཐག་གཅོད་བྱེད་དུས་ཁྲིམས་འགལ་གྱི་སྦྱོར་བ་ཡོད་པར་དོགས་པའི་མི་ལ་ཉེན་རྟོག་པས་གནས་དུས་དེར་(现场)གཏམ་འདྲི་དགོས་ཤིང་། སྐད་ཆ་དྲིས་མ་ཚར་བའམ་དགོས་མཁོ་གཞན་གྱི་དབང་གིས་སྤྱི་བདེ་ལས་ཁུངས་སུ་ཁྲིད་དེ་འདྲི་དགོས་པའི་སྐབས་སུ་མི་དེ་བསམ་བཞིན་དུ་མ་ཡོང་ན་ཉེན་རྟོག་པས་མི་དེ་བཙན་གྱིས་ཁྲིད་དེ་བཟུང་བཀྱིག་གི་གནས་སྟངས་འོག་མི་དེར་མུ་མཐུད་དུ་སྐད་ཆ་འདྲི་བའི་བྱེད་ཐབས་དེ་ལ་གོ འོན་ཀྱང་འདི་ལྟར་འགུག་འདྲི་བྱེད་དགོས་པ་བྱུང་ན་ཐོག་མར་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་དཔོན་པོའི་ཆོག་མཆན་ཐོབ་དགོས་པ་མ་ཟད། དོ་བདག་གང་ཞིག་བཟུང་བཅུགས་ཀྱི་གནས་སྟངས་དེ་དུས་ཚོད་༢༤་ལས་འདའ་མི་ཆོག དེའི་ལུགས་སྤྱི་བདེ་ལས་ཁུངས་ཀྱིས་སྲིད་འཛིན་གྱོད་གཞི་ཐག་གཅོད་སྟངས་ཀྱི་བརྒྱུད་རིམ་སྐོར་གྱི་གཏན་འཁེལ་ན་གསལ།

གཉིས་པ། ཉེས་དོན་འབོད་འགུག་དང་བཀག་ཉར།

ཉེས་དོན་འབོད་འགུག་(拘传)ཅེས་པ་ནི་ཉེན་རྟོག་པས་ཉེས་དོན་རྩད་གཅོད་སྐབས། ཉེས་དོན་ལ་དོགས་པ་ཡོད་པའི་གང་ཟག་ཅིག་ལ་ཉེན་རྟོག་པའི་ལས་ཁུངས་སུ་ཡོང་དགོས་པའི་འགུག་བརྡ་བཏང་སྟེ་གང་ཟག་དེ་དུས་ལྟར་མ་སོང་ན་ཉེན་རྟོག་པས་བཙན་ཐབས་ཀྱིས་ཁྲིད་འགྲོ་བའི་བྱེད་ཐབས་དེ་ལ་གོ་དགོས་ཤིང་། ཉེས་དོན་གཏུག་བཤེར་དང་འབྲེལ་ཡོད་ཀྱི་ཁྲིམས་འཛིན་གསེད་བཀྲོལ་ལྟར་ན། འབོད་འགུག་གི་དུས་ཡུན་ཆུ་ཚོད་༡༢་ལས་འདའ་མི་ཆོག་པ་མ་ཟད། འབོད་འགུག་གི་བྱེད་ཐབས་སྤྱད་དགོས་ན་ངེས་པར་དུ་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་དཔོན་པོའི་ཆོག་མཆན་ཡོད་དགོས། འབོད་འགུག་ཚར་རྗེས་ཉེན་རྟོག་པས་འབོད་འགུག་གི་གང་ཟག་དེ་འཕྲལ་དུ་གློད་དགོས་ཤིང་། ཉེས་དོན་བཀག་ཉར་ཞེས་པ་ནི་ཉེན་རྟོག་པས་གནས་སྟངས་ཛ་དྲག་གི་འོག་ཏུ་ཉེས་སྤྱོད་དེ་མ་ཐག་གི་སྦྱོར་བ་བོ་དང་། ཉེས་སྤྱོད་ལ་དོགས་གཞི་ཆེན་པོ་ཡོད་པའི་མི་སྣ་བཅས་ལ་འཕྲལ་དུ་བཟུང་བཀྱིག་བྱས་པའི་བྱེད་ཐབས་ཤིག་ལ་གོ ཉེས་དོན་གཏུག་བཤེར་གྱི་ཁྲིམས་ལྟར་ན་གང་ཟག་ཅིག་ལ་ཉེས་སྤྱོད་སྟ་གོན་བྱེད་སྐབས་དང་། ཉེས་སྤྱོད་ཀྱི་སྦྱོར་བའམ་དངོས་གཞི་རྫོགས་པའི་རྗེས་སུ་བྲོལ་བྱོལ་ཀྱི་སྐབས་དང་། གནོད་པ་ཐེབས་མཁན་དང་ཡུལ་དངོས་སུ་ཡོད་པའི་མི་ཡིས་གང་ཟག་དེས་ཉེས་སྤྱོད་བྱས་སོ་ཞེས་བཟློ་བའི་སྐབས་དང་། ཉེས་སྤྱོད་ཀྱི་རྗེས་སུ་འབྲོ་བཞིན་པའམ་འབྲོ་བར་རྩོམ་པའི་སྐབས། དཔང་རྟགས་རྫུན་བཟོ་དང་བསྣུབ་པའི་ཉེན་ཁ་ལྡན་པའམ་མནའ་དཔང་རྫུན་སྒྲིག་གི་སྲིད་པ་ལྡན་པའི་གནས་སྐབས། རང་གི་མིང་དངོས་དང་འདུག་གནས་གསལ་བོར་མི་བཤད་པའམ་མི་སུ་ཡིན་ཆ་མ་འཚལ་བའི་གནས་སྐབས། དེ་བཞིན་དུ་ཡར་མར་ལ་སོང་སྟེ་ཉེས་སྤྱོད་ལས་པ་དང་། ཐེངས་མང་པོར་ཉེས་སྤྱོད་ཀྱི་སྦྱོར་བ་བསྐྱེད་པ། རྐྱ་བརྒྱབ་སྟེ་མཉམ་འབྲེལ་གྱི་ངང་ནས་ཉེས་སྤྱོད་ཀྱི་སྦྱོར་བ་བསྐྱེད་པ་ལ་སོགས་པར་དོགས་གཞི་ཆེན་པོ་ཡོད་པའི་གནས་སྐབས་བཅས་ཀྱི་རྣམ་པ་ཡོད་ན་ཉེན་རྟོག་པས་མི་དེ་འཕྲལ་དུ་བཀག་ཉར་བྱས་ཆོག་པ་མ་གཏོགས། གནས་སྐབས་གཞན་གྱི་སྐབས་སུ་མི་ཞིག་ལ་ཉེས་དོན་བཀག་ཉར་བྱེད་དགོས་ན་ཐོག་མར་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་དཔོན་པོས་མིང་རྟགས་བཀོད་པའི་བཀའ་འཁྲོལ་དང་ཆོག་ཡིག བཀག་ཉར་དཔང་ཡིག་བཅས་གང་ཟག་དེ་ལ་བསྟན་ན ད་གཟོད་བཀག་ཆོག་པ་དང་། དེ་དག་མེད་པར་བཀག་ཉར་བྱས་པའམ་བཀག་ཡིག་དང་བཀག་ཉར་གྱི་སྔོན་འགྲོའི་ཆོ་ག་སོགས་བཀག་ཉར་གྱི་རྗེས་སུ་བསྒྲུབ་ན་ཁྲིམས་འགལ་ཡིན། དེ་ནས་བཀག་ཉར་གྱི་དུས་ཡུན་ཉིན་བཞིའམ་བདུན་ལས་འདའ་མི་ཆོག་པ་དང་། གལ་ཏེ་བཀག་ཉར་དུས་ཡུན་རིང་དུ་བསྲིང་དགོས་ན་སྤྱི་བདེ་ལས་ཁུངས་ཀྱི་འགན་འཛིན་པའི་ཆོག་མཆན་ལོན་དགོས་ཤིང་། མི་ཞིག་ལ་བཀག་ཉར་བྱེད་ཐབས་སྤྱད་ན་དེའི་དུས་ཡུན་རིང་ན་ཉིན་༣༧་ལས་འདའ་མི་ཆོག

གསུམ་པ་འཛིན་བཟུང་།

འཛིན་བཟུང་ནི་ཉེས་སྤྱོད་ཀྱི་དོན་དག་བྱུང་བ་ར་འཕྲོད་ཅིང་ཉེས་སྤྱོད་དོགས་གཞི་མི་སྣ་དང་གྱོད་པ་ལ་གཏའ་གྲོལ་བྱས་ན་སྤྱི་ཚོགས་སྟེང་ཉེན་ཁ་འབྱུང་བར་སྔོན་འགོག་བྱེད་མི་ཐུབ་ན་དེ་ལ་ངེས་པར་དུ་འཛིན་བཟུང་བྱེད་དགོས་ཞེས་ཉེས་དོན་གཏུག་བཤེར་གྱི་ཁྲིམས་ནང་དུ་གཏན་འཁེལ་བྱས་ཤིང་། དེ་བཞིན་དུ་རྩ་ཁྲིམས་ཀྱི་ནང་དུའང་མི་ཞིག་འཛིན་བཟུང་བྱེད་དགོས་ན་ངེས་པར་དུ་མི་དམངས་ཁྲིམས་ཁང་གི་ཐག་བཅད་དང་། ཡང་ན་མི་དམངས་ཞིབ་དཔྱོད་དཔྱོད་ཁང་གི་ཆོག་མཆན་སྤྲད་ཅིང་། སྤྱི་བདེ་ལས་ཁུངས་ཀྱིས་ལག་བསྟར་བྱེད་པའི་བརྒྱུད་རིམ་བརྒྱུད་དགོས་ཤིང་དེ་མེད་པར་འཛིན་བཟུང་བྱས་ན་མི་ཆོག་ཅེས་གཏན་དབབ་བྱས་ཡོད་པས་ན། ཉེན་རྟོག་པ་ལ་སྤྱི་དམངས་ཐད་ཀར་འཛིན་བཟུང་གི་དབང་ཐང་མེད་པར་ཁོང་ཚོས་གང་ཟག་ཅིག་འཛིན་བཟུང་བྱ་དགོས་ན་ཐོག་མར་བཀག་ཉར་གྱི་གནས་སྟངས་སུ་ཡོད་པའི་མིའམ་བཀག་ཉར་བྱས་མེད་པའི་མི་དེ་ལ་འཛིན་བཟུང་བྱས་ན་ཆོག་པའི་ཞུ་ཡིག་ཅིག་མི་དམངས་ཞིབ་དཔྱོད་ཁང་ལ་ཕུལ་ནས་གལ་ཏེ་མི་དམངས་ཞིབ་དཔྱོད་ཁང་གིས་འཛིན་བཟུང་གི་ཆོག་མཆན་སྤྲད་ན་ཉེན་རྟོག་པས་མི་དེ་ད་གཟོད་འཛིན་བཟུང་བྱས་ན་ཆོག་ལ། གལ་ཏེ་མི་དམངས་ཞིབ་དཔྱོད་ཁང་གིས་འཛིན་བཟུང་བྱས་ན་ཆོག་པའི་ཡི་གེ་མ་སྤྲད་པའམ་བཟློག་ན། ཉེན་རྟོག་པས་མི་དེ་འཛིན་མི་ཆོག་ལ་གལ་ཏེ་མི་དེ་བཀག་ཉར་བྱས་ཡོད་ན་མྱུར་ཏུ་གློད་གྲོལ་གཏོང་དགོས། མི་དམངས་ཞིབ་དཔྱོད་ཁང་གིས་འཛིན་བཟུང་བྱས་ཆོག་མིན་གྱི་ཐག་གཅོད་ཉིན་བདུན་གྱི་ཚུན་ཏུ་བྱ་དགོས་ཤིང་། རིང་ན་ཉིན་ཉི་ཤུ་ལས་འདའ་མི་ཆོག མི་ཞིག་འཛིན་བཟུང་བྱས་པའི་རྗེས་སུ་བཟུང་བཀྱིག་གི་དུས་ཡུན་རྩད་གཅོད་དང་ཞུ་གཏུག་དང་ཁྲིམས་རའི་ཁྲིམས་བཤེར་གྱི་དུས་ཡུན་དང་གནས་སྟངས་བཅས་ལ་རག་ལས་བས་བཟུང་བཀྱིག་གི་དུས་ཡུན་ཡང་ཐུང་ན་ལོ་ཕྱེད་ཀ་དང་རིང་ན་ལོ་ཁ་ཤས་འགྲོ་སྲིད། དེ་མིན་ཉེན་རྟོག་པས་མི་ཞིག་འཛིན་བཟུང་བྱས་པའི་ཆུ་ཚོད་༢༤་ནང་ངེས་པར་དུ་མི་དེའི་ཁྱིམ་མི་ལ་འཛིན་བཟུང་བྱས་པའི་ས་གནས་དང་དོགས་ཡོད་ཉེས་མིང་གི་གནས་ཚུལ་སོགས་ཤེས་སུ་འཇུག་པའི་བརྡ་སྦྱོར་གཏོང་དགོས། མདོར་ན། ཉེན་རྟོག་པས་མི་ཞིག་ལ་འཛིན་བཟུང་དང་། བཀག་ཉར། འབོད་འགུག་ལ་སོགས་པའི་བཙན་ཐབས་སྤྱད་ན་ངེས་པར་དུ་ཁྲིམས་ལུགས་ཀྱིས་གཏན་འཁེལ་བྱས་པའི་འགྲོ་ལུགས་ལྟར་འགྲོ་དགོས་ཤིང་རང་སྣང་གང་དྲན་གྱིས་སྤྱི་དམངས་བཟུང་བཀྱིགས་ཀྱིས་མནར་གཅོད་བཏང་ན་མི་དམངས་ཉེན་རྟོག་པ་ཁྲིམས་ལ་འགལ་བ་མ་ཟད། ཉེས་ཁྲིམས་ཀྱི་ནང་དུ་ཁྲིམས་འགལ་གྱིས་མི་གཞན་བཟུང་བཀྱིགས་བྱས་པའི་ཉེས་སྤྱོད་ཀྱང་བསྐྱེད་སྲིད། མང་ཚོགས་རྣམས་ཀྱིས་ཀྱང་ཉེན་རྟོག་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ཅི་རིགས་མི་དམངས་ཞིབ་དཔྱོད་ཁང་དང་། ལྟ་ཞིབ་ཨུ་ཡོན་ལྷན་ཁང་སོགས་ལ་གཏུག་ནས་ཐེར་འདོན་བྱས་ན་ཆོག