བཅའ་སྡོད་སློབ་ཆུང་གི་སློབ་མ་ལ་རྨས་སྐྱོན་བྱུང་ན་སུས་གུན་ཚབ་ཀྱི་འགན་ཁུར་དགོས།

 

https://trimleng.org/wp-content/uploads/2022/05/%E5%B0%8F%E5%AD%A6.jpg

ཉེ་ཆར་ཨ་མདོ་ས་ཁུལ་གྱི་བཅའ་སྡོད་སློབ་ཆུང་ཞིག་གི་སློབ་མ་ཞིག་ལ་ཅི་ཡིན་འདི་ཡིན་མ་ཤེས་བར་འཆི་སྐྱོན་བྱུང་བའི་གནས་ཚུལ་ཞིག་བྱུང་འཕྲལ། དེའི་ཉེ་མི་ཞིག་གིས་ང་ལ་སྐད་འཕྲིན་བརྒྱུད་ནས་འདི་འདྲའི་རྐྱེན་ངན་བྱུང་ན་སུའི་འགན་ཁུར་བ་རེད་དམ་ཅེས་དྲི་བ་དྲིས་པ་མ་ཟད། ཁོང་གིས་གོ་ཐོས་བྱུང་བ་ལྟར་ན་སློབ་མ་དེའི་བྲང་ཁར་དགེ་རྒན་ཞིག་གིས་རྡོག་ཐོས་བརྒྱབ་པར་རྐྱེན་བྱས་ནས་ཁོ་ལ་འཆི་སྐྱོན་བྱུང་བ་རེད་མོད་སློབ་གྲྭས་གནས་ཚུལ་ངོ་མ་སྦ་གསང་གིས་སློབ་མའི་ཁྱིམ་བདག་ལ་སློབ་གྲྭར་འགན་ཁུར་ཅི་ཡང་མེད་ལ། དངུལ་སྒོར་གྱི་གུན་ཚབ་ཀྱང་ཅི་ཡང་འཇལ་སྤྲོད་བྱེད་ཀྱི་མིན་ཞེས་བརྗོད་ཅིང་། ཁོང་གིས་གནས་ཚུལ་འདི་བདེན་པ་ཡིན་ན་ཅི་ལྟར་ཐག་གཅོད་བྱེད་དགོས་པ་རེད་དམ་ཅེས་ཀྱང་དྲིས་བྱུང་། ལོ་འདི་དག་གི་རིང་ང་ལ་ནམ་རྒྱུན་བཅའ་སྡོད་སློབ་མ་དང་ཐུན་མོང་སློབ་མར་གནོད་སྐྱོན་བྱུང་སྟེ་སློབ་གྲྭས་འགན་མི་ཁུར་ན་ཅི་ལྟར་བྱེད་དགོས་པའི་དྲི་བ་མི་ཉུང་བ་ཞིག་བཏོན་སོང་བས་ན། འདིར་དེའི་སྐོར་གྱི་ཁྲིམས་ལུགས་ཁག་ངོ་སྤྲོད་མདོར་བསྡུས་ཤིག་བྱས་ཏེ། རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་རང་གི་བྱིས་པའི་ལུས་སེམས་དང་ཁྱིམ་ཚང་གི་ཐོབ་ཐང་ལ་བསྲུང་སྐྱོབ་བྱེད་པར་ཕན་ཅུང་ཙམ་ཐོགས་ན་སྙམ་བྱུང་། 

སློབ་མ་ཞིག་སློབ་གྲྭའི་ནང་དུ་ཤི་རྨས་་བྱུང་ཚེ་སློབ་གྲྭར་འགན་ཁུར་ཡོད་པའི་གནས་སྟངས། 

དང་པོ། སྣང་མེད་དང་ནོར་འཁྲུལ་གྱིས་བསྐྱེད་པའི་དོན་རྐྱེན། 

ཁྲིམས་ལུགས་ཀྱི་སྟེང་ནས་སྣང་མེད་ཅེས་པ་ནི་སློབ་མ་ལ་བསྲུང་སྐྱོབ་ཀྱི་འགན་ཁུར་ཡོད་པའི་སློབ་གྲྭ་དང་དགེ་རྒན་སོགས་ཀྱིས་རྣམ་གཡེང་གི་དབང་གིས་འགན་མ་འཁུར་བའམ་འགན་ལེགས་པར་མ་འཁུར་བའི་དབང་གིས་སློབ་མ་ལ་གནོད་སྐྱོན་བྱུང་བའི་རིགས་ལ་གོ་དགོས། དཔེར་ན་སྐྱོབ་མེད་པའི་ཁང་ཐོག་སོགས་ནས་སློབ་མ་མར་ལྷུང་སྟེ་རྨས་སྐྱོན་བྱུང་བའམ། ཟས་གོས་གནས་མལ་སོགས་ཚད་ལྡན་གཙང་མ་མིན་པ་བསམ་མེད་དམ་མཉམ་་མ་བཞག་པར་སློབ་མར་བྱིན་ནས་སློབ་མ་ལ་ནད་ཕོག་པའམ་རྐྱེན་ལམ་དུ་ཕྱིན་པ་ལ་སོགས་པ་ལྟ་བུ་ནི་སྣང་མེད་དང་ནོར་འཁྲུལ་གྱི་དཔེ་མཚོན་ཡིན། དོན་རྐྱེན་འདི་རིགས་བྱུང་བའི་རྒྱུ་རྐྱེན་ནི་སློབ་གྲྭས་དོ་སྣང་དང་མཉམ་འཇོག་བྱེད་དགོས་ངེས་ཀྱི་ལས་དོན་ལ་དོ་སྣང་དང་མཉམ་འཇོག་མ་བྱས་པའི་རྐྱེན་ལས་བྱུང་བ་ཡིན་པས། དེའི་རིགས་ཀྱི་འགན་ཁུར་སློབ་གྲྭས་ཁུར་དགོས་པའི་གནད་ཀྱང་འདི་ལ་ཐུག་ཡོད། དཔེར་ན་སློབ་མ་ཞིག་སྐྱོབ་མེད་ཁང་ཐོག་ལས་ལྷུང་བ་དང་། མལ་ཁང་གི་ཆ་རྐྱེན་ཞན་པས་ན་བ་དང་ཤི་བ། ཟས་བཅུད་ཀྱིས་མ་འདང་བ། ཆུས་ཁུར་བའམ་མེས་འཚིག་པ་སོགས་ཀྱི་དོན་རྐྱེན་ལྟ་བུ། དོན་རྐྱེན་འདི་རིགས་ཀྱི་ཁྲོད་དུ་སློབ་གྲྭ་ལ་དོན་རྐྱེན་འདི་རིགས་མི་འབྱུང་བའི་ཆེད་དུ་སྔོན་འགོག་གི་འགན་ཁུར་ཡོད་པ་དང་། གལ་ཏེ་སློབ་གྲྭས་རྣམ་གཡེང་དང་། བརྗེད་ངེས། ་ནོར་འཛོལ་སོགས་ཀྱི་སེམས་བྱུང་གིས་སྔོན་འགོག་མ་བྱས་པའམ་སྔོན་འགོག་ཚད་ལྡན་མ་བྱས་པར་དོན་རྐྱེན་བྱུང་ན་སློབ་གྲྭ་ལ་དམངས་དོན་གྱི་ཐོབ་ཐང་གནོན་འགན་ཁུར་དགོས། ལྷག་པར་དུ་བཅའ་སྡོད་སློབ་ཆུང་གི་སློབ་མ་ཆུང་གྲས་རྣམས་ནི་ཁྲིམས་ལུགས་ཀྱི་སྟེང་ནས་བཤད་ན་ཁྲིམས་ལུགས་བྱ་རྩོལ་གྱི་ནུས་པ་མེད་པའི་མི་ཡིན་པས། མི་དེ་དག་སློབ་གྲྭའི་ཁྱབ་ཁོངས་ཀྱི་གནས་ཡུལ་་དུ་རྨས་སྐྱོན་སོགས་བྱུང་ན་ཐོག་མར་སློབ་གྲྭ་ལ་འགན་ཁུར་ཡོད་པར་འདེད་པས། སློབ་གྲྭས་རང་ལ་ཉེས་སྐྱོན་དང་ནོར་འཁྲུལ་མེད་ན་དེའི་བསྒྲུབ་བྱེད་ཀྱི་བདེན་དཔང་དགོད་པའི་འགན་ཁུར་ཡོད། འཁྲུལ་མེད་ཀྱི་བསྒྲུབ་བྱེད་དཔང་རྟགས་དགོད་པ་ནི་ཁ་མཆུ་རྒྱལ་ཕམ་གྱི་གནད་འགག་ཅིག་ཡིན་པས། ་སུ་ལ་དཔང་རྟགས་སྟོན་པའི་འགན་ཁུར་ཡོད་ན་དེ་ཁ་མཆུ་ལས་ཕལ་ཆེར་ཕམ་ངེས་(举证之所在,败诉之所在。)ཞེས་པའི་བཤད་སྲོལ་ཡོད། དམངས་དོན་ཁྲིམས་གཞུང་གི་དོན་ཚན་༡༡༩༩་ཡི་ནང་དུ། ལོ་ན་བརྒྱད་ལ་མ་སོན་པའི་མི་སྟེ་དམངས་དོན་བྱ་རྩོལ་གྱི་ནུས་པ་མེད་པའི་མི་ཞིག་བྱིས་སྐྱོང་་ཁང་དང་སློབ་གྲྭའམ། སློབ་གསོ་བྱེད་སའི་ས་ཆ་གཞན་དག་ནས་སློབ་སྦྱོང་དང་འཚོ་བ་རོལ་བའི་གནས་སྐབས་སུ་སློབ་མ་དེའི་མི་ལུས་ལ་གནོད་སྐྱོན་བྱུང་ན། བྱིས་སྐྱོང་་ཁང་དང་ཡང་ན་སློབ་གྲྭའམ་སློབ་གསོ་ཐོབ་སའི་ལས་ཁང་དག་གིས་དེའི་ཐོབ་ཐང་གནོད་འགན་ཁུར་དགོས་ཤིང་། འོན་ཀྱང་གོང་འཁོད་ཀྱི་ལས་ཁང་དེ་དག་གིས་སློབ་གསོ་དང་དོ་དམ་གྱི་འགན་ཁུར་ཡོངས་སུ་རྫོགས་པར་ཁུར་བ་ཡིན་པ་བདེན་དཔང་འགོད་ཐུབ་ན། ཐོབ་ཐང་གནོད་འགན་ཁུར་མི་དགོས་ཞེས་གཏན་འབེབས་བྱས་པ་ལྟར་ན། གལ་ཏེ་ལོ་ན་བརྒྱད་མན་གྱི་སློབ་མ་སློབ་གྲྭ་ནས་ཤི་རྨས་བྱུང་ན་ཐོག་མར་སློབ་གྲྭར་འགན་ཁུར་ཡོད་པར་འདེད་པ་དང་། གལ་ཏེ་སློབ་གྲྭས་དོ་དམ་དང་སློབ་གསོའི་འགན་ཁུར་ཚགས་ཚུད་པར་ཁུར་བའི་དོན་དངོས་ར་སྤྲོད་བྱེད་ནུས་ན་སློབ་གྲྭས་ཐོབ་ཐང་གནོད་འགན་ཁུར་མི་དགོས། དེ་མིན་སློབ་གསོ་པུའུ་ཡིས་སྤེལ་བའི་སློབ་མར་གནོན་སྐྱོན་ཐེབས་པའི་དོན་རྐྱེན་ཐག་གཅོད་བྱེད་སྟངས་《学生伤害事故处理办法》ཞེས་པའི་ཡིག་ཆའི་དོན་ཚན་དགུ་བའི་ནང་དུ་སློབ་གྲྭའི་མལ་ཁང་དང་རྩེད་ཐང་ལ་སོགས་པའི་སྤྱི་ས་དང་། སློབ་གྲྭས་མཁོ་སྤྲོད་བྱས་པའི་ཡོ་ཆས། འཚོ་བའི་ཡོ་བྱད་དང་སློབ་གསོའི་ཡོ་ཆས་དག་གི་ཚད་གཞི་རྒྱལ་ཁབ་ཀྱི་ཚད་གཞིར་མ་སོན་པའི་རྐྱེན་དང་། སློབ་གྲྭའི་བདེ་སྲུང་དང་བདེ་སྲུང་གི་སྒྲིག་ལམ་ཚགས་ཚུད་མིན་པ། དོ་དམ་རྙོག་འཛིང་ལྡན་པ། སློབ་གྲྭས་མཁོ་སྤྲོད་བྱས་པའི་སྨན་དང་ཟས་རིགས། བཏུང་ཆུ་བཅས་ཚད་ལྡན་མིན་པའི་རྐྱེན། དགེ་རྒན་སོགས་ཀྱིས་ཙ་ར་ཆད་པ་བཅད་པའི་རྐྱེན། སློབ་མ་ལ་ནད་དང་རྨས་སྐྱོན་ཕོག་པ་སློབ་གྲྭས་ཤེས་ཚོར་བྱུང་ནའང་དུས་ལྟར་སྨན་བཅོས་མ་བྱས་པའི་རྐྱེན་སོགས་ཀྱིས་སློབ་མ་ལ་གནོད་སྐྱོན་བྱུང་ན་སློབ་གྲྭས་ཁྲིམས་ལྟར་འགན་ཁུར་དགོས་ཞེས་གཏན་འཁེལ་གསལ་བོར་་བྱས་ཡོད། བྱེད་སྟངས་འདིའི་དོན་ཚན་ཁག་ཞིབ་ཏུ་ཤེས་འདོད་ན་འབྲེལ་ཐག་འདི་ལ་ལྟོས། །http://www.moe.gov.cn/srcsite/A02/s5911/moe_621/200206/t20020625_81855.html

དེང་སང་བྱིས་སྐྱོང་་ཁང་དང་བཅའ་སྡོད་སློབ་ཆུང་གི་སློབ་མ་ལོ་གསུམ་ནས་བརྒྱད་མ་ལོན་པ་མཐའ་་དག་དམངས་དོན་བྱ་རྩོལ་གྱི་ནུས་པ་མེད་པའི་མི་ཡིན་པས། མི་འདིའི་རིགས་ལ་སློབ་གྲྭའམ་དེའི་ཁྱབ་ཁོངས་སུ་རྨས་སྐྱོན་བྱུང་ན་ཐོག་མར་སློབ་གྲྭ་ལ་སྟོང་འཇལ་བའི་འགན་ཁུར་ཡོད། དེ་ནས་ལོ་བརྒྱད་ཡན་དང་ལོ་བཅུ་དྲུག་མན་གྱི་སློབ་མ་དག་ལ་སློབ་གྲྭ་སོགས་ནས་རྨས་སྐྱོན་བྱུང་ན། གལ་ཏེ་སློབ་མ་དང་ཁྱིམ་བདག་གིས་སློབ་གྲྭས་འགན་མ་ཁུར་བའམ་དོ་དམ་འཐུས་ཤོར་ཏུ་ཕྱིན་པའི་བསྒྲུབ་བྱེད་དང་དཔང་རྟགས་འགོད་ནུས་ན། སློབ་གྲྭས་ཐོབ་ཐང་གནོད་འགན་ཁུར་དགོས་བ་དམངས་དོན་ཁྲིམས་གཞུང་གི་དོན་ཚན་༡༢༠༠་ནང་དུ་ཚད་བཀག་ཅན་གྱི་དམངས་དོན་བྱ་རྩོལ་གྱི་ནུས་པ་ལྡན་པའི་གང་ཟག་བྱིས་སྐྱོང་་ཁང་དང་སློབ་གྲྭ་ལ་སོགས་པའི་སློབ་གསོ་ལས་ཁང་དུ་སློབ་སྦྱོང་དང་འཚོ་བ་རོལ་བའི་སྐབས་སུ། སློབ་གྲྭ་དང་སློབ་གསོ་ལས་ཁང་སོགས་ཀྱིས་ལས་འགན་དང་དོ་དམ་་འཐུས་ཤོར་གྱི་དབང་གིས་སློབ་མ་དེའི་ལུས་ལ་གནོད་སྐྱོན་བྱུང་ན་སློབ་གྲྭ་དང་སློབ་གསོ་ལས་ཁང་གིས་ཐོབ་ཐང་གནོད་འགན་ཁུར་དགོས་ཞེས་གསལ་བོར་་བཀོད་ཡོད། གལ་ཏེ་སློབ་མ་ལོ་བརྒྱད་་ཡན་དང་ལོ་བཅོ་བརྒྱད་མ་ལོན་པ་དེ་དག་སློབ་གྲྭས་དོ་དམ་གང་ལེགས་མ་བྱས་པའི་དབང་གིས་ཁོ་ཚོར་གནོད་སྐྱོན་བྱུང་ན་སློབ་གྲྭས་གུན་ཚབ་འཇལ་བ་ལ་སོགས་པའི་འགན་ཁུར་དགོས། དེ་བཞིན་དུ་གལ་ཏེ་གང་ཟག་གསུམ་པ་ཞིག་སློབ་གྲྭར་ཕྱིན་ཏེ་སློམ་མར་གཅར་རྡུང་དང་མནར་གཅོད་སོགས་བྱས་ཏེ་སློབ་མའི་ལུས་ལ་གནོད་སྐྱོན་བྱུང་ན། གང་ཟག་གསུམ་པས་འགན་ཁུར་དགོས་ཤིང་། གལ་ཏེ་སློབ་གྲྭ་ལ་དོ་དམ་གང་བཟང་མ་བྱས་པའི་ཉེར་ལེན་ཡོད་ན་སློབ་གྲྭས་དེའི་འབྲེལ་གྱི་འགན་ཁུར་དགོས་ཞེས་དམངས་དོན་ཁྲིམས་གཞུང་གི་དོན་ཚན་༡༢༠༡་གི་ནང་ན་གསལ། བཅའ་སྡོད་སློབ་ཆུང་དང་སློབ་འབྲིང་ནི་ཐུན་མོང་སློབ་གྲྭ་དང་མི་འདྲ་ཞིང་། སློབ་མ་རྒྱུན་ཏུ་སློབ་གྲྭ་ན་བསྡད་ཡོད་པའི་རྐྱེན་གྱིས་སློབ་གྲྭའི་དོ་དམ་བྱེད་ཐབས་ཐུན་མོང་སློབ་གྲྭ་ལས་ཀྱང་ཚགས་ཚུད་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༢༠༠༦་གི་ལོར་སྤེལ་བའི་རྒྱལ་ཁབ་ནུབ་ཁུལ་གྱི་ཞིང་སྡེའི་བཅའ་སྡོད་སློབ་གྲྭ་འཛུགས་བསྐྲུན་རྣམ་གྲངས་ཀྱི་སློབ་གྲྭ་དོ་དམ་བྱེད་པར་སྐབས་འཕྲལ་གྱི་བྱེད་ཐབས།《国家西部地区农村寄宿制学校建设工程项目学校管理暂行办法》ཞེས་པའི་ནང་དུ་གསལ་པོར་བསྟན་ཡོད་ཅིང་ཤེས་འདོད་ཡོད་མཁན་རྣམས་ཀྱིས་འབྲེལ་ཐག་འདི་བརྒྱུད་ནས་བཅའ་སྡོད་སློབ་མའི་འཚོ་གནས་ཀྱི་ཐོབ་ཐང་དང་བཅའ་སྡོད་སློབ་གྲྭས་སློབ་མར་མཐུན་རྐྱེན་ཅི་ཞིག་སྦྱོར་དགོས་པའི་གནས་ཚུལ་སོགས་རྒྱུས་ལོན་བྱས་ཆོག https://trimleng.org/2022/05/10/jadodlobdra-xadshidnfalobmaitunjian/

གཉིས་པ། བསམ་བཞིན་གྱིས་བསྐྱེད་པའི་རྨས་སྐྱོན། 

གལ་ཏེ་སློབ་གྲྭ་དང་དེའི་དགེ་རྒན། ལས་བྱེད་སོགས་ཀྱིས་བསམ་བཞིན་གྱིས་སློབ་མ་ལ་བཀག་བཀྱིག་དང་་གཅར་རྡུང་། མནར་གཅོད་དང་བརྙས་བཅོས་སོགས་དངོས་སུ་བྱས་པའམ་གཞན་ལ་བྱེད་དུ་བཅུག་པ། བྱེད་པར་བསྒོ་བ་སོགས་ཀྱི་རྐྱེན་གྱིས་སློབ་མའི་ལུས་སེམས་ལ་གནོད་སྐྱོན་བཟོས་ན། སློབ་གྲྭས་ཐོག་མར་ཐོབ་ཐང་གནོད་འགན་ཁུར་དགོས་པ་མ་ཟད། གལ་ཏེ་ཉེས་ཁྲིམས་ལ་ཕོག་ན་སློབ་གཙོ་དང་འབྲེལ་ཡོད་དགེ་རྒན་དང་ལས་བྱེད་སོགས་ཀྱིས་ཀྱང་ལས་འཛོལ་གྱི་དབང་གིས་དོན་རྐྱེན་ཆེན་པོ་བྱུང་བའི་ཉེས་འགན་ཁུར་དགོས་ཤིང་། ལྷག་པར་དུ་སློབ་མར་ཐད་ཀར་གཅར་རྡུང་དང་བརྙས་བཅོས། སྲེད་རེག་དང་བཙན་གཡེམ་བྱེད་མཁན་དག་གིས་ཉེས་སྤྱོད་ཀྱི་རྣམ་པར་རིག་བྱེད་ལ་དཔག་སྟེ་བསམ་བཞིན་གྱིས་མི་བསད་པ་དང། བསམ་བཞིན་གྱིས་རྨས་ཏེ་ཤི་བ། བསམ་མེད་ཀྱིས་བསད་པ། བརྙས་བཅོས་དང་སྲེད་རེག བཙན་གཡེམ་སོགས་ཉེས་སྤྱོད་ཀྱི་ཉེས་འགན་ཁུར་དགོས། བསམ་བཞིན་གྱིས་བསད་ཉེས་དང་བཙན་གཡེམ་སོགས་ཀྱི་ཉེས་ཆད་ཤིན་ཏུ་ལྕི་ཞིང་་་སྐབས་འགར་སྲོག་གཅོད་ཀྱི་ཉེས་ཆད་ཀྱང་ཕོག་སྲིད། དེ་ལས་གཞན་པའི་ཉེས་སྤྱོད་དག་ལའང་བཙོན་འཇུག་སོགས་ཀྱི་ཆད་པ་ལྡན་པས་ཞིབ་ཏུ་ཤེས་འདོད་ན་ཉེས་ཁྲིམས་ལ་ལྟོས། འདི་འདྲའི་རྐྱེན་ངན་བྱུང་ན་སློབ་གྲྭས་ཐོག་མར་དམངས་དོན་གྱི་འགན་ཁུར་ཏེ་སྨན་བཅོས་དང་གཤིན་སྟོང་། གཉོར་གླ། དེ་བཞིན་དུ་དབང་པོ་སྐྱོན་ཅན་གྱི་རམ་འདེགས་འགྲོ་སོང་སོགས་ཀྱི་དཔལ་འབྱོར་གུན་ཚབ་སློབ་མ་དང་དེའི་ཁྱིམ་བདག་ལ་འཇལ་དགོས། སློབ་གྲྭ་དང་དགེ་རྒན་བར་གྱི་གནད་དོན་དེ་སློབ་གྲྭ་རང་ངོས་ནས་ཐག་གཅོད་དགོས། དཔེར་ན་དགེ་རྒན་ཞིག་གིས་སློབ་མར་གཅར་རྡུང་བྱས་ཏེ་རྨས་སྐྱོན་བཟོས་ན། སློབ་མའི་ཁྱིམ་བདག་གིས་དཔལ་འབྱོར་གུན་ཚབ་སློབ་གྲྭ་ལ་འདེད་དགོས་པ་ལས་དགེ་རྒན་དེ་ལ་འདེད་པའི་འགན་ཁུར་མེད། དགེ་རྒན་དེའི་ཉེས་འགན་སློབ་མའི་རྨས་སྐྱོན་ལ་དཔག་སྟེ་གཞུང་གཏུག་གི་ཉེས་དོན་བརྒྱུད་རིམ་བརྒྱུད་དེ་གཞུང་གིས་འདེད་དགོས་པ་ཞིག་ཡིན། 

གསུམ་པ། དོན་རྐྱེན་འདི་དག་བྱུང་རྗེས་ཁྱིམ་བདག་གིས་ཅི་ཞིག་བྱེད་དགོས། 

  • ཐོག་མར་ཁྱིམ་བདག་དག་གིས་སློབ་མ་ལ་རྨས་སྐྱོན་བྱུང་བའི་བརྒྱུད་རིམ་སློབ་གྲྭ་སོགས་ནས་རྩད་བཅད་ཏེ། སློབ་གྲྭས་ཅི་བཤད་པ་ལ་བདེན་ཤག་ཤག་གིས་ཡིད་ཆེས་མི་བྱེད་པར། རྨས་སྐྱོན་བྱུང་བའི་དོན་དག་གསལ་ཐིང་བྱེད་དགོས། གལ་ཏེ་སློབ་མར་ཤི་རྨས་སོགས་བྱུང་ན་སྨན་ཁང་གི་བརྟག་དཔྱད་ཡི་གེ་དེ་དག་དང་། མི་གཞན་གྱི་དཔང་ཚིག་སོགས་འཚོལ་སྡུད་དང་བདག་གཉེར་བྱེད་པ་གལ་ཆེ། 
  • གཉིས་པ། དོན་དག་འདི་རིགས་བྱུང་འཕྲལ་དོན་དག་བྱུང་སའི་ས་གནས་ཁྲིམས་རྩོད་པ་མི་གླ་བར། ས་གནས་གཞན་ནས་ཁྲིམས་རྩོད་པ་གླས་ནས་སློབ་མ་དང་ཁྱིམ་བདག་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་དུ་འཇུག་དགོས། གང་ཡིན་ཞེ་ན་སྐབས་འགར་འདི་འདྲའི་ཕོག་ཐུག་ལྡན་པའི་དོན་རྐྱེན་བྱུང་ན་ས་གནས་དེ་གའི་ཁྲིམས་རྩོད་པར་དགོས་མེད་ཀྱི་གནོན་ཤུགས་ལྡན་ཞིང་ལྐོག་གྱུར་གྱི་འབྲེལ་བ་ཡང་མང་པས་གྱོད་དོན་དྲང་བདེན་ངང་ཐག་གཅོད་ཀྱི་བར་ཆད་དུ་འགྱུར་སྲིད་པས་སོ། 
  • གསུམ་པ། ས་གནས་ཀྱི་མི་དམངས་སྲིད་གཞུང་དང་དེའི་གོང་རིམ་གྱི་མི་དམངས་སྲིད་གཞུང་། དེ་བཞིན་ཏུ་འབྲེལ་ཡོད་ཀྱི་གོང་རིམ་སློབ་གསོ་ལས་ཁང་། སྲིད་གྲོས་དང་མི་དམངས་འཐུས་མི་ཚོགས་ཆེན་གྱི་གཞུང་ལས་ཁང་བཅས་ལ་གནས་ཚུལ་ཤེས་སུ་འཇུག་དགོས། ཁོང་ཚོར་སློབ་གྲྭ་དང་དའི་འབྲེལ་གྱི་སློབ་གསོ་ལས་ཁང་དང་ཉེན་རྟོག་ལས་ཁང་ལ་གནོན་ཤུགས་སྤྲོད་པའི་དབང་ཐང་ཡོད་པ་མ་ཟད། གནས་ཚུལ་བརྩད་གཅོད་དང་རྒྱུས་ལོན་གྱི་དབང་ཆའང་ཆེན་པོ་ཡོད། 
  • བཞི་བ། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་ཞང་སྲིད་གཞུང་། བུད་མེད་ལྷན་ཚོགས་དང་དེ་བཞིན་དུ་ས་གནས་དགོན་སྡེ་དང་གསར་འགྱུར་ལས་ཁང་བཅས་ལ་གནས་ཚུལ་ཡར་ཞུ་བྱས་ཏེ། ཁོང་ཚོ་ཁྱིམ་བདག་ལ་རོགས་རམ་བྱེད་པའི་དཔུང་གྲོགས་སུ་འགུག་དགོས། ཚོགས་སྡེ་འདི་རིགས་ལ་སྲིད་གཞུང་གི་འཛིན་སྐྱོང་གི་དབང་ཐང་ཆེར་མེད་མོད། འོན་ཀྱང་ཚོགས་སྡེ་འདི་དག་ལ་ཁྱབ་བསྒྲགས་དང་ཞེན་སྐུལ་གྱི་ནུས་པ་ཆེན་པོ་ཡོད་པས་མི་སྒེར་གྱི་དཔའ་ཁེར་རྒྱུགས་ལས་ཚོགས་སྡེ་འདི་དག་གི་རོགས་རམ་འཐོབ་ན་རང་ཉིད་ཀྱིས་བསྒྲུབ་འདོད་པའི་བྱ་གཞག་བདེ་བླག་ངང་འགྲུབ་པར་དཔུང་སྟོབས་ཀྱི་མཐུན་རྐྱེན་ཐེབས་ངེས་ཡིན་དེ་ལའང་དོ་སྣང་བྱེད་དགོས། 
  • ལྔ་བ། གལ་ཏེ་སློབ་མར་ཤི་རྨས་སོགས་ཀྱི་དོན་རྐྱེ་ཆེན་པོ་བྱུང་ཚེ། འཕྲལ་དུ་ས་གནས་ཉེནརྟོག་དང་སྤྱི་བདེ་ལས་ཁུངས་སོགས་ལ་ཡར་ཞུ་བྱས་ཏེ། ཉེས་དོན་གྱི་གྱོད་རྩ་ཡོད་མེད་འཕྲལ་ཏུ་བརྩད་གཅོད་གཏོང་དུ་འཇུག་དགོས། བསམ་བཞིན་གྱིས་བསད་རྨས་དང་དེ་བཞིན་ཏུ་རྣམ་གཡེང་དང་ནོར་འཁྲུལ་གྱི་དབང་གིས་སློབ་མར་ཤི་རྨས་བྱུང་ན་ཉེས་དོན་དུ་འགྲོ་སྲིད་པས། སློབ་གྲྭའི་འགན་འཛིན་དང་དགེ་རྒན་གྱི་ཉེས་འགན་ཁྲིམས་འཛིན་ལས་ཁང་གིས་འདེད་པའི་འགན་ཁུར་ཡོད། དེའི་ལུགས་ཁྱིམ་བདག་གིས་སེམས་ལ་བཟུང་སྟེ་ཁུངས་སྣེ་དང་དཔང་རྟགས་སོགས་ཡོད་ན་ཉེན་རྟོག་ལས་ཁང་ལ་མཁོ་སྤྲོད་བྱེད་དགོས་པ་མ་ཟད། གལ་ཏེ་དུས་ཕྱིས་སུ་དམངས་དོན་ཁ་མཆུ་བྱུང་ན་དེའི་སྐབས་སུའང་དགོས་མཁོ་ཆེ།
  • དྲུག་པ། གལ་ཏེ་སློབ་གྲྭ་ལ་ཉེས་སྐྱོན་དང་ནོར་འཁྲུལ་ཅི་ཡང་མེད་པའི་གནས་སྐབས་སུའང་གལ་ཏེ་ཁྱིམ་བདག་གིས་ཁྲིམས་ཁང་དུ་སློབ་གྲྭ་ལ་དམངས་དོན་གྱི་ཁ་མཆུ་བཙུགས་ན། ཁྲིམས་དཔོན་གྱིས་འགན་ཁུར་མཉམ་པ་ཉིད་ཀྱི་རྩ་དོན་(公平责任原则)གཞིར་བཟུང་སྟེ་སློབ་གྲྭས་ཤི་རྨས་བྱུང་བའི་སློབ་མར་གུན་ཚབ་འཇལ་ཏུ་འཇུག་པའི་སྲོལ་ཡོད་པས་ཁྱིམ་བདག་ལ་དངོས་པོ་གུན་ཚབ་འཐོབ་པའི་གོ་སྐབས་ཡོད། 
  • བདུན་པ། དེང་གི་དུས་རབས་ནི་བརྡ་འཕྲིན་གྱི་དུས་རབས་ཡིན་པས། དོན་དག་ཆེ་མ་ཕྲ་གསུམ་ཅི་ཞིག་བྱུང་རུང་དྲ་ཐོག་ཏུ་བཞག་སྟེ་དྲ་མང་གི་མདུན་དུ་བཞག་ན། དྲ་ཐོག་ནས་རྒྱབ་སྐྱོར་དང་ཁྱབ་བསྒྲགས། དེ་བཞིན་དུ་གནད་དོན་སེལ་ཐབས་ཀྱི་ཐབས་ལམ་དང་བློ་གྲོས་མི་ཉུང་བ་འཐོབ་ཐུབ་པས། སློབ་གྲྭ་དང་སྲིད་གཞུང་གི་འབྲེལ་ཡོད་ལས་ཁང་སྤྱི་སྤྱང་ངན་འབྲེལ་གྱིས་དོ་བདག་གི་སྨྲ་སྒོ་འགོག་པ་ལ་རྒོལ་ལན་བསློག་ཐུབ་ཅིང་ གོང་རིམ་གྱི་འབྲེལ་ཡོད་ལས་ཁང་དང་རྒྱ་ཆེ་བའི་མང་ཚོགས་རྣམས་ཀྱིས་ལྟ་རྟོག་ངང་དོན་དག་དྲང་བདེན་ངང་ཐག་གཅོད་ཡོང་བ་ལ་ཕན་ལས་གནོད་པ་མེད་པས། དོ་བདག་རྣམས་ལ་དོན་དག་འདི་རིགས་བྱུང་ཚེ་འཕྲལ་དུ་དྲ་ངོར་འཇོག་པ་ནི་ཤིན་ཏུ་གལ་ཆེ་བ་ཞིག་ཡིན།