དགོན་པ་དང་ཁྲིམས་མི།

 

དགོན་པའི་དཔལ་འབྱོར་དར་སྤེལ་སྐོར་གྱི་གཏམ་བཤད་ཐེངས་དང་པོ། 

མདོ་འཛིན་པ་ལྷ་མོའི་གཏམ། 

དེ་ཡང་དེང་སྐབས་བོད་ཀྱི་དགོན་སྡེ་ཁག་གི་དཔལ་འབྱོར་གྱི་ཡོང་སྒོ་སྔོན་ལས་མང་དུ་ཕྱིན་ཡོད་པ་མ་ཟད། དཔལ་འབྱོར་ཡོང་ཁུངས་ཀྱི་ཐད་ནས་ཀྱང་ཚོང་ཁང་མགྲོན་ཁང་སོགས་སྣ་མང་ཅན་དུ་གྱུར་ཡོད་ལ། དེ་དང་བསྟུན་ནས་ཕོན་ཆེ་བའི་དཔལ་འབྱོར་གྱི་ཡོང་སྒོ་དེ་དག་ཁྲིམས་མཐུན་ལུགས་མཐུན་གྱིས་བདག་གཉེར་དོ་དམ་བྱེད་ཕྱོགས་ཐད་དཀའ་ངལ་ལ་འཕྲད་བཞིན་པའི་གནས་ཚུལ་རེ་ཟུང་ཀྱང་གོ་ཐོས་བྱུང་བར་དམིགས་ནས། ད་ཐེངས་རྒན་སྒྲོལ་མ་སྐྱབས་ལགས་ཀྱིས་ཁྲིམས་ཐོག་ཏུ་དགོན་པའི་དཔལ་འབྱོར་བདག་གཉེར་བྱེད་ཕྱོགས་ཐད་ཐོབ་ཐང་ཅི་ཞིག་ཡོད་མེད་དང་། དགོན་པའི་རྒྱུ་ནོར་གྱི་བདག་དབང་དེ་སུ་ལ་དབང་མིན། ནང་བསྟན་མཐུན་ཚོགས་དང་དགོན་པའི་འབྲེལ་བ་ཅི་ཞིག་ཡིན་མིན་དང་། 

དགོན་པའི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་ཐབས་སོགས་ལུགས་མཐུན་གྱི་འགྲོ་ལུགས་སྒྲུབ་སྟངས་སོགས་ཀྱི་ཐད་ནས་གཏམ་བཤད་གནང་རྒྱུ་ཡིན་པས་ན། གཏམ་བཤད་འདིར་མོས་པ་ཡོད་མཁན་དག་དུས་ལྟར་སྐད་འཕྲིན་ཚོགས་པ་འདིར་མཉམ་ཞུགས་གནང་རྒྱུར་དགའ་བསུ་ཚད་མེད་ཞུ་ལ། དེ་ལུགས་ཀྱི་བསམ་ཚུལ་དང་དྲི་བ་ཡོད་ཚེ་གཏམ་བཤད་གྲུབ་པའི་རྗེས་ལ་ལྷ་མོའི་འཕྲིན་ལམ་གྱི་སྐད་འཕྲིན་ཚོགས་པ་འདིར་མཉམ་སྤྱོད་གནང་ཚེ་མ་འོངས་བར་མུ་མཐུད་བརྗོད་གཞི་དེ་གའི་ཐད་གཏམ་བཤད་དང་བགྲོ་གླེང་རིགས་བཀོད་སྒྲིག་ཞུ་ངེས་ཡིན། 

ཁྲིམས་གླེང་བའི་དངོས་གཞིའི་གཏམ། 

དྲ་གྲོགས་རྣམ་པ་བཀྲ་ཤིས་བདེ་ལེགས། ཐོག་མར་ཚོགས་གཙོ་མ་ལྷ་མོ་ལགས་ཀྱིས་འདི་འདྲའི་གཏམ་བཤད་ཀྱི་གོ་སྐབས་སྤྲད་པ་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ། བརྗོད་གཞི་འདི་ང་ཚོ་སྐྱ་སེར་མང་ཚོགས་རྣམས་ལ་མཚོན་ན་ཤིན་ཏུ་གལ་ཆེ་བ་ཞིག་རེད། དད་ལྡན་མང་ཚོགས་དང་དགེ་འདུན་པ་རང་ག་བ་རྣམས་ཀྱིས་རང་རང་ལ་ཆོས་འབྲེལ་ཡོད་པའི་དགོན་པ་དེ་དག་ལ་ཁྲིམས་ལུགས་ཀྱི་ཐོབ་ཐང་གང་དག་ཡོད་མེད་དང་། དཀའ་ངལ་གང་དག་ལ་འཕྲད་བཞིན་པ་སོགས་ཀྱི་གནས་ཚུལ་ཤེས་ན་དཀའ་ངལ་དེ་དག་སེལ་བ་ལ་ཕན་ཐོགས་ཆེ། དགོན་པའི་དཔལ་འབྱོར་དོ་དམ་ཟེར་ན་བརྗོད་གཞི་རྒྱ་ཆེ་ཞིང་གཏིང་ཟབ་པས། དོ་དགོང་གི་དུས་ཚོད་རེ་གཉིས་ཀྱིས་བཤད་མི་ཚར། ང་ཚོས་དོ་དགོང་གཙོ་བོ་དགོན་པའི་དམངས་ཁྲིམས་ཀྱི་གཞི་ཡི་གནས་ལུགས་ཀྱི་སྟེང་ནས་ཅུང་ཟད་བཤད། དེ་བཤད་ཁག་པོ་ཡོད་ལ་ཉན་ཡང་ཁག་པོ་འདུག་པས་ང་ཚོ་མང་ཚོགས་དཀྱུས་མར་བཤད་ཅི་དགོས། མི་དམངས་ཁྲིམས་ཁང་གི་ནང་དུ་ལོ་མང་ལ་ཁྲིམས་ལུགས་ཉམས་ལེན་བྱས་པའི་ཁྲིམས་དཔོན་རྣམ་པས་ཀྱང་དགོན་པའི་དམངས་ཁྲིམས་ཀྱི་གཞི་ཡི་གནས་ལུགས་ལ་ངེས་ཟིན་ཡང་དག་ཅིག་ལོན་གྱི་མེད་པའི་རྐྱེན་གྱིས་འདིའི་རིགས་ཀྱི་གྱོད་དོན་ལ་ཞལ་ལྕེ་ཡང་དག་པར་གཅོད་མ་ཐུབ་པར་ལུས་པ་མང་། དཔེ་མཚོན་ཞིག་གི་སྟེང་ནས་བཤད་ན། ལེའོ་ཉིན་ཞིང་ཆེན་ཡུན་ཁུག་གྲོང་ཁྱེར་(辽宁营口市)དུ་༢༠༠༥་ཡི་ལོར་དགོན་པ་དང་འབྲེལ་བའི་གྱོད་དོན་ཞིག་བྱུང་། ཨ་ཅེ་ཇོ་མོ་དང་སྲིང་མོ་མི་སྐྱ་ཡིན་པ་གཉིས་ཀྱིས་དགོན་པ་ཞིག་བཏབ་ཏེ་རྗེས་སུ་དོ་དམ་གྱི་སྐོར་ལ་མ་འཆམ་པར་ཁ་མཆུ་བྱུང་སྟེ་ཁྲིམས་ཁང་ནས་གྱོད་བཤད་པས། མི་དམངས་ཁྲིམས་ཁང་གིས་དགོན་པ་ཡི་མཁར་དབང་དང་འབྲེལ་བའི་དམངས་ཁྲིམས་དང་སྲིད་ཇུས་ཀྱི་འགལ་འདུ་ལ་ངོས་མ་ཟིན་པར་གྱོད་དོན་ལོ་ངོ་བཅུའི་རིང་ལ་ཐག་མ་ཆོད་པར་ལུས། ཁྲིམས་དཔོན་ལ་ལས་དགོན་པ་དེ་ཨ་ཅེ་དང་སྲིང་མོ་ལ་མཉམ་དུ་དབང་ཞེས་ཁྲིམས་ཐག་བཅད་པ་དང་། ཡང་ཁྲིམས་དཔོན་ལ་ལས་དགོན་པ་དེ་བུད་མེད་དེ་གཉིས་ལ་མི་དབང་མོད་དེ་གཉིས་ཀྱིས་དོ་དམ་བྱས་ཆོག་ཅེས་ཁྲིམས་ཐག་བཅད། དེ་ནས་ལ་ལས་ཆོས་ལུགས་ཅུའུ་ལ་དབང་ཞེས་ཁྲིམས་ཐག་བཅད། དེའི་རྗེས་སུ་ཡང་ལ་ལས་ཆོས་ལུགས་ཅུའུ་ལ་མི་དབང་ཞིང་དོ་དམ་བྱས་ཆོག་པའི་ཁྲིམས་ཐག་འདྲ་མིན་བཅད་དེ་ལོ་བཅུའི་རིང་ལ་གྱོད་དོན་འདིར་ཞལ་ལྕེ་ཐེངས་བརྒྱད་ལ་བཅད། གྱོད་དོན་འདིས་དགོན་པའི་དམངས་ཁྲིམས་ཀྱི་གཞི་ཡི་གནས་ལུགས་ཅི་ཞིག་ཡིན་པ་དེ་ཤིན་ཏུ་རྙོག་འཛིང་ཡིན་པས་དུས་སྐབས་དེར་ཁ་ཚོན་གཅོད་དཀའ་བ་དེ་མཚོན་ཐུབ། 

དེ་བཞིན་ཏུ་དགོན་པའི་མཁན་པོའམ་ཁྲི་བའམ་བླ་ཆེན་སོགས་ཞིང་གཞན་དུ་གཤེགས་ན་དེའི་ཤུལ་རྫས་ལ་དགོན་པ་དང་བླ་ཆེན་མཁན་པོའི་ཁྱིམ་མིའི་དབར་ནས་སུ་ལ་ཤུལ་འཛིན་བྱེད་པའི་ཐོབ་ཐང་ཡོད་པའི་གྱོད་རྩ་ལ་ཁྲིམས་ཐག་ཇི་ལྟར་གཅོད་པ་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་རྣམ་པས་་མགོ་མ་ཚོས་པར་ཐག་གཅོད་འདྲ་མིན་བྱེད་ཀྱིན་ཡོད། དཔེར་ན། ༢༠༡༠་ལོར་ཡུན་ནན་ཞིང་ཆེན་གྱི་ཡུས་ཞེ་གྲོང་ཁྱེར་ན་ཡོད་པའི་བྱམས་ཆེན་ཀུན་གྲོལ་དགོན་ཆེན་གྱི་ཁྲི་བ་ཤཱཀྱ་ཡུན་སྒྲུབ་(释永修)ཇག་པ་གཉིས་ཀྱིས་བསད་དེ། ཕྱིས་སུ་ཁྲི་བ་དེའི་དངུལ་ཁང་གི་བྱང་བུའི་སྟེང་ན་རྒྱ་སྒོར་ས་ཡ་བཞི་ལྷག་ཡོད་པ་དེར་སུ་ལ་ཤུལ་འཛིན་གྱི་ཐོབ་ཐང་ཡོད་པ་ཁྲི་བའི་བུ་མོ་ཀྲང་ཙད་ཡོང་དང་དགོན་པའི་བར་ནས་རྩོད་པ་ཤོར་ཏེ་ཁྲིམས་ཁང་དུ་ཁ་མཆུ་བཤད་པས། ཁྲིམས་དཔོན་དག་གིས་ཀྱང་གྱོད་དོན་དེར་ཐག་གཅོད་བྱ་དཀའ་བའི་གནས་སུ་ལྷུང་། ཡུལ་ཤུལ་ཁུལ་ཁྲི་འདུ་རྫོང་གི་དགོན་ཆེན་ཞིག་གི་བླ་མ་བཀྲོངས་རྗེས་དགོན་པ་དང་བླ་མའི་ཁྱིམ་མིའི་བར་ནས་རྒྱུ་ནོར་ཤུལ་འཛིན་ལ་རྩོད་པ་བྱུང་སྟེ་ཁྲིམས་ཁང་གིས་ཀྱང་ཐག་གཅོད་ལ་དཀའ་ངལ་འཕྲད་པའི་གནད་དོན་ཞིག་ཀྱང་ཐོས། 

གོང་གི་གནད་དོན་དེ་དག་བྱུང་བའི་རྒྱུ་མཚན་གཅིག་ནི་དགོན་པ་ལ་དམངས་ཁྲིམས་ཀྱི་གཞི་ཡི་ཡ་གྱལ་ཁྲིམས་མིའི་(法人)གོང་འཕང་མེད་པས་ཁྲིམས་ལྟར་དཔལ་འབྱོར་གྱི་བྱེད་སྒོ་ཚད་ལྡན་ངང་སྤེལ་མ་ཐུབ་པ་དེ་ཡིན་ལ། ཁྲིམས་དཔོན་དང་ཁྲིམས་ཁང་། དེ་བཞིན་ཏུ་སྲིད་འཛིན་ལས་ཁང་བཅས་ཀྱིས་ཁྲིམས་ལུགས་དང་སྲིད་ཇུས་བར་གྱི་འགལ་བ་དེ་སེལ་མ་ཐུབ་པའི་ཉེར་ལེན་ཡང་རེད། གལ་ཏེ་བྱམས་ཆེན་ཀུན་གྲོལ་དགོན་པར་ཁྲིམས་མིའི་གོ་འཕང་ཡོད་ན་དེའི་ཁྲི་བ་ཤཱཀྱ་ཡུན་སྒྲུབ་ཀྱིས་སྒོར་མོ་འབོར་ཆེན་དེ་དག་དགོན་པའི་བྱང་བུའི་སྟེང་དུ་འཇོག་ཐུབ་ལ། སྒོར་མོར་རྐྱེན་བྱས་ཏེ་ཚེ་ཡི་བར་ཆད་བྱུང་བའི་གོད་ཆག་དེ་ཡང་བཟློག་སྲིད། དེ་བཞིན་དུ་ཤུལ་འཛིན་གྱི་གནད་དོན་བྱུང་ན་ཁྲིམས་མིའི་གོ་འཕང་ཡོད་པའི་དགོན་པ་དང་བླ་གྲྭའི་གཉེན་ཉེའི་བར་དུ་འཁོན་འཛིང་འདི་དག་འབྱུང་དོན་མེད་པར་འགྱུར་བའམ་ཉུང་བར་འགྱུར། ཧྲོ་ལིན་དགོན་པའི་རྒྱུ་ནོར་མི་ཉུང་བ་ཞིག་དེའི་ཁྲི་བ་ཤཱཀྱ་གཏན་དད་(释永信)ཀྱི་མིང་ཐོག་ན་ཡོད་པ་དེ་ཡང་ཧྲོ་ལིན་དགོན་པར་ཁྲིམས་མིའི་གོ་འཕང་མེད་པའི་རྐྱེན་གྱིས་རེད། མ་ཟད། རྒྱལ་ཁབ་ཀྱིས་ཁྲིམས་ལུགས་དང་ཁྲིམས་སྲོལ་གྱིས་དགོན་པ་ཡི་དམངས་ཁྲིམས་ཀྱི་གཞི་ཡི་གནས་ལུགས་དང་། རྒྱུ་ནོར་དང་བདག་དབང་བཅས་ལ་བསམ་བཞིན་དང་སྣང་མེད་ཀྱིས་གཏན་འབེབས་མ་བྱས་ཤིང་། ཁྲིམས་བཟོ་དང་ཁྲིམས་འཛིན་ལྷན་ཁང་གིས་ཁྲིམས་ཀྱི་རྒྱབ་རྟེན་མེད་པའི་ཆོས་ལུགས་སྲིད་ཇུས་རྙིང་བས་ངན་ལངས་སུ་བཏང་བའི་སྲིད་གཞུང་གི་ཆོས་ལུགས་ལས་ཁུངས་དང་ནང་བསྟན་མཐུན་ཚོགས་བཅས་ལ་མགོ་སྒུར་ཏེ་ཁྲིམས་ཀྱི་གཞུང་ཡང་དག་པར་བསྲངས་མ་ཐུབ་ཅིང་། དངོས་ཟོག་བདག་དབང་དང་མཁར་དབང་གི་ཁྲིམས་ལུགས་དང་མཐུན་པར་ཞལ་ལྕེ་ཁྲིམས་ལྟར་མ་བཅད་པར་ལས་ཁུངས་དེ་དག་གི་ངོ་བསྲུངས་ཏེ་བསྡད་པས་དགོན་པ་ལ་ཡོད་འོས་པའི་ཐོབ་ཐང་ལ་སྲུང་སྐྱོབ་མ་བྱས་པས་གོང་གི་སྣང་ཚུལ་དེ་དག་བྱུང་། 

༡༩༩༤་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོས་ལུགས་བྱ་འགུལ་སྤེལ་གནས་ཀྱི་དོ་དམ་སྲོལ་ཡིག་(宗教活动场所管理条例)ཅེས་བྱ་བ་གཏན་འབེབས་བྱས་ཤིང་། དེ་དང་བསྟུན་ནས་ཆོས་ལུགས་བྱ་འགུལ་སྤེལ་གནས་ཀྱི་ཐོ་འགོད་བྱེད་ཐབས་ཞེས་པའི་ཁྲིམས་སྲོལ་ཞིག་ཀྱང་གཏན་དབབ་བྱས། ཁྲིམས་སྲོལ་དེའི་དོན་ཚན་དགུ་བའི་ནང་། ཁྲིམས་ལྟར་ཐོ་འགོད་བྱས་པའི་ཆོས་ལུགས་བྱ་འགུལ་སྤེལ་གནས་ཀྱིས་དམངས་ཁྲིམས་གྱི་གཏན་འབེབས་བཞིན་ཁྲིམས་མིའི་ཆ་རྐྱེན་ཚང་ན་དུས་མཉམ་དུ་ཁྲིམས་མིའི་ཐོ་འགོད་བྱས་ཏེ་ཁྲིམས་མིར་ཐོ་བཀོད་པའི་དཔང་རྟགས་ཡི་གེ་སྤྲོད་དགོས་ཞེས་གཏན་འཁེལ་བྱས་ཏེ་དགོན་པ་ཆ་རྐྱེན་ཚང་བ་དག་ལ་ཁྲིམས་མིའི་གོ་འཕང་སྤྲོད་རྒྱུའི་སྲོལ་ཕྱེས་ཀྱང་། ༢༠༠༤་ཡི་ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཆོས་ལུགས་ལས་དོན་སྲོལ་ཡིག་གཏན་འཁེལ་བྱས་ཤིང་། སྲོལ་ཡིག་དེ་གཞིར་བཟུང་སྟེ་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ཡིས་དེའི་ཕྱི་ལོར་ཆོས་ལུགས་བྱ་འགུལ་སྤེལ་གནས་འཛུགས་པར་ཆོག་མཆན་ཞུ་སྟངས་དང་ཐོ་འགོད་བྱེད་སྟངས་ཀྱི་བྱེད་ཐབས་(宗教活动场所设立审批和登记办法)་ཞེས་བྱ་བ་སྤེལ་ཏེ། དགོན་པ་ལ་ཁྲིམས་མིའི་ཐོ་འགོད་ཀྱི་སྐོར་ལ་གཏན་དབབ་ཅི་ཡང་མ་བྱས་པའི་རྐྱེན་གྱིས་ལོ་དེ་ནས་བཟུང་སྟེ་དགོན་པར་ཆོས་ལུགས་ཁྲིམས་མིའི་ཐོ་འགོད་ཀྱི་ལས་དོན་གྱི་མཚམས་བཞག དེའི་རྐྱེན་གྱིས་དགོན་པས་ཁྲིམས་མིའི་ཐོ་འགོད་ཀྱི་མཚམས་ཆད་པ་དང་། ཁྲིམས་མིར་ཐོ་འགོད་བྱས་པའི་དགོན་པ་དེ་དག་ཀྱང་སྲོལ་ཡིག་འདི་གཉིས་ཀྱི་དབང་གིས་ཁྲིམས་མི་ཡིན་པ་གཞི་འཛིན་ས་མེད་པར་གྱུར་ཏེ་དགོན་པའི་དཔལ་འབྱོར་གྱི་ཐོབ་ཐང་མང་པོ་ཞིག་འཐུས་ཤོར་ཏུ་ཕྱིན། ཁྲིམས་ཁང་གིས་ཀྱང་འདིའི་ཐད་ཀྱི་གྱོད་དོན་ལ་ཞལ་ལྕེ་གཅོད་དཀའ་བར་གྱུར་བའི་གནས་ཚུལ་མི་ཉུང་བ་ཞིག་ཀྱང་ཡིག་ཆ་འདིའི་ཉེར་ལེན་ལས་བྱུང་བ་ཡིན། 

འོན་ཀྱང་། ད་བར་ཁྲིམས་ལུགས་ཀྱི་སྟེང་ནས་དགོན་པ་ལ་ཁྲིམས་མིའི་ཐོབ་ཐང་སྤྲོད་པའི་གནས་སྟངས་ལ་འགྱུར་བ་བཏང་ནས་ཇེ་ལེགས་སུ་ཅུང་ཙམ་སོང་ཡོད། ༢༠༡༧་ལོར་གཏན་དབབ་བྱས་པའི་དམངས་ཁྲིམས་སྤྱི་བཅས་ཀྱི་དོན་ཚན་༩༢་ཡི་ཚན་པ་གཉིས་པ་ནང་དུ་ཁྲིམས་ལྟར་བཙུགས་པའི་ཆོས་ལུགས་བྱ་འགུལ་སྤེལ་གནས་ལ་ཁྲིམས་མིའི་ཆ་རྐྱེན་ཚང་ན་ཁྲིམས་མིའི་ཐོ་འགོད་ཞུས་སྟེ་ཞལ་འདེབས་ཁྲིམས་མིའི་གོ་འཕང་བླངས་ཆོག་ཅེས་གཏན་དབབ་བྱས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་༢༠༡༨་ལོར་བཟོ་བཅོས་བྱས་པའི་ཆོས་ལུགས་ལས་དོན་སྲོལ་ཡིག་གི་དོན་ཚན་༢༣་པའི་ནང་ནས་ཀྱང་ཆོས་ལུགས་བྱ་འགུལ་སྤེལ་གནས་ལ་ཁྲིམས་མིའི་ཆ་རྐྱེན་ཚང་ན། ཆོས་ལུགས་མཐུན་ཚོགས་ཀྱི་ཆོག་མཆན་དང་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་མོས་མཐུན་ལོན་པའི་རྗེས་སུ་དམངས་སྲིད་ལས་ཁུངས་སུ་ཁྲིམས་མིའི་ཐོ་འགོད་བྱས་ཆོག་ཅེས་གཏན་འཁེལ་ཡང་བྱས། སྤྱིར་ང་རང་གི་ངོས་ནས་བལྟས་ན་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་དེའི་གཤམ་འོག་གི་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་ལ་ཁྲིམས་སྲོལ་དང་སྒྲིག་སྲོལ་བཅས་ནས་རྒྱལ་ཁབ་ཀྱི་གཞི་རྩའི་རང་བཞིན་ཅན་གྱི་དམངས་ཁྲིམས་ཀྱི་གཏན་འཁེལ་ལ་ཆ་རྐྱེན་དང་བཀག་རྒྱ་འཇོག་པའི་དབང་ཐང་མེད་ལ། དེ་ལྟར་བཅས་ན་རྩ་ཁྲིམས་དང་ཁྲིམས་བཟོའི་ཁྲིམས་ལ་འགལ་ཡོད་པར་བསམ། འོན་ཀྱང་སྔོན་གྱི་དམངས་ཁྲིམས་དང་ཆོས་འབྲེལ་སྲོལ་ཡིག་དང་སྲིད་ཇུས་ལ་སོགས་པར་བསྡུར་ན་ཐེངས་འདིའི་དམངས་ཁྲིམས་དང་ཆོས་ལུགས་སྲོལ་ཡིག་གི་བཅས་དོན་ལ་ལེགས་ཆ་མི་ཉུང་བ་བདོག་པས་དེར་གླགས་བལྟས་ཏེ་དགོན་པའི་དཔལ་འབྱོར་དང་ཐོབ་ཐང་ལ་མེལ་ཚེ་བྱས་ན་བཟང་། 

དེང་སང་དཔལ་འབྱོར་འཚོལ་བསྒྲུབ་བྱེད་པ་ལ་ངེས་པར་དུ་ཁྲིམས་ཀྱི་འགྲོ་ལུགས་ལྟར་འགྲོ་དགོས། དེ་ལྟར་མ་སོང་ན་དཔལ་འབྱོར་གྱི་གནད་དོན་དཔེར་ན་དོམ་འདེད་པ་དང་གཏུག་བཤེར་བྱེད་པ་ལ་སོགས་པའི་གནད་དོན་ཕྲན་ཚེགས་ཙམ་བྱུང་ནའང་ཁྲིམས་ཁང་གིས་ཞལ་ལྕེ་གཅོད་དཀའ་བའི་གནས་སུ་ལྷུང་སྟེ་དོན་དག་གཅིག་ལོ་ནས་ལོར་ཐག་གཅོད་མ་ཐུབ་པར་ལུས་པའི་གནད་དོན་བྱུང་བའང་དགོན་པ་ལ་ཁྲིམས་ལྟར་རང་ལ་ཐོབ་འོས་པའི་ཐོབ་ཐང་དེ་མ་འཐོབ་པའི་རྐྱེན་གྱིས་རེད། ལྷག་པར་དུ་བོད་ཁུལ་གྱི་དགོན་པ་མང་པོ་ལ་ཁྲིམས་མིའི་གོ་འཕང་མེད་རྐྱེན་དམངས་དོན་གྱི་ལས་དོན་གང་དང་གང་བྱེད་དགོས་རུང་ས་གནས་དེའི་ཆོས་ལུགས་ཅུའུ་དང་ནང་བསྟན་མཐུན་ཚོགས་ཀྱི་གདོང་ལ་བལྟ་ཞིང་བསྟུན་དགོས་པ་ཞིག་ཏུ་ཆགས་ཡོད།  དགོན་པ་ལ་ཁྲིམས་མིའི་གོ་འཕང་ཡོད་ན་དཀའ་ངལ་དེ་དག་མྱངས་མི་དགོས། ཁྲིམས་མི་ནི་དམངས་དོན་ཁྲིམས་ལུགས་ཀྱི་གཏན་འབེབས་གལ་ཆེན་ཞིག་ཡིན་པ་དང་། ཚོགས་སྡེ་གང་རུང་ལ་ཁྲིམས་མིའི་གོ་འཕང་ཡོད་ན་དེས་རང་བཞིན་གྱི་མི་ལྟར་རང་རྐྱ་ཐུབ་པའི་སྒོ་ནས་དམངས་དོན་སྦྱོར་བ་ལ་འཇུག་ཆོག་ཅིང་། དམངས་དོན་ཐོབ་ཐང་ལོངས་སུ་སྤྱོད་ཆོག 

དེས་ན་ཅི་ཞིག་ལ་ཁྲིམས་མི་ཟེར་ཞེ་ན། ཁྲིམས་མི་ནི་ཚོགས་པའམ་རྩ་འཛུགས་གང་ཞིག་ལ་དམངས་དོན་གྱི་ཐོང་ཐང་ཆགས་པའི་ནུས་པ་དང་དམངས་དོན་གྱི་སྦྱོར་བའི་ནུས་པ་ལྡན་ཞིང་། ཁྲིམས་ལྟར་དམངས་དོན་གྱི་ཐོབ་ཐང་ལོངས་སུ་སྤྱོད་ཅིང་འགན་ཁུར་དང་དུ་ལེན་པ་ཞིག་ལ་གོ་དགོས། དམངས་དོན་ཁྲིམས་གཞུང་གི་དོན་ཚན་༥༧་པའི་ནང་དེ་ལུགས་གསལ་པོར་བཀོད་ཡོད། སྤྱིར་ཁྲིམས་ཡིག་ལྟར་སོང་ན་སླ་བའི་དོན་གང་ཞིག་ལ་འགྲེལ་བཤད་རྙོག་འཛིང་ཅན་གྱིས་མགོ་མི་ཚོས་་པར་འགྱུར་བའི་སྐྱོན་ཡོད་པས། ངས་འདི་ནས་ཕལ་སྐད་ཀྱིས་འགྲེལ་བཤད་ཅུང་ཙམ་བྱ། དོ་དགོང་གི་ཉན་མཁན་གྱི་ནང་ན་དགེ་འདུན་པ་མི་ཉུང་བ་ཞིག་ཡོད་སྲིད། ནང་ཆོས་ཀྱི་ནང་ན་བཅས་པའི་ཁ་ན་མ་ཐོ་བ་དང་རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་པ་ཞིག་ཡོད། དེ་ནི་ཕྱི་དྲོའི་ཟས་ཟ་བ་དང་། ས་བརྐོ་བ་ལ་སོགས་པའི་ཁ་ན་མ་ཐོ་བ་ནི་སྟོན་པས་ཁ་ན་མ་ཐོ་བར་བཅས་པས་ཁ་ན་མ་ཐོ་བར་གྱུར་བ་དང་། སྟོན་པས་ཁྲིམས་དེ་དག་མ་བཅས་པའི་སྔ་རོལ་དུ་ཁ་ན་མ་ཐོ་བ་མིན། རང་བཞིན་གྱི་ཁ་ན་མ་ཐོ་བ་དཔེར་ན་མི་བསད་པ་དང་བརྐུ་འཕྲོག་ལ་སོགས་པ་ནི་སྟོན་པས་མ་བཅས་པའི་སྔ་རོལ་དུ་ཁ་ན་མ་ཐོ་ཡིན་པས་རང་བཞིན་གྱི་ཁ་ན་མ་ཐོ་བ་ཞེས་བརྗོད་པ་བཞིན། དམངས་ཁྲིམས་ཀྱི་འོས་འགན་དང་ཐོབ་ཐང་འབེབ་སའི་གཞི་དེ་མི་ཡིན་པ་དང་། མི་ལའང་དབྱེ་ན་རང་བཞིན་གྱི་མི་དཔེར་ན་ང་ཚོ་གང་ཟག་རེ་རེ་ལྟ་བུ་། མི་འདི་རིགས་ལ་གན་རྒྱ་འཇོག་པ་དང་ཞུ་གཏུག་བྱེད་པ་སོགས་ཀྱི་དམངས་དོན་སྦྱོར་བའི་ནུས་པ་དང་ཐོང་ཐངགདོད་མ་ཉིད་ནས་བདོག་ཅིང་། ལོ་ཚོད་དང་དབང་པོའི་གནས་སྟངས་ལ་གཞིགས་ཏེ་ཐོབ་ཐང་ཡོངས་སུ་སྦྱོར་ནུས་ཅན་དང་། ངེས་ཅན་སྦྱོར་ནུས་ཅན། ཐོབ་ཐང་སྦྱོར་མི་ནུས་ཅན་བཅས་རིགས་གསུམ་དུ་དབྱེ་ཞིང་། དང་པོ་དཔེར་ན་ལོ་བཅོ་བརྒྱད་ཡན་གྱི་གང་ཟག་རང་ག་བ་གང་ཞིག་ལ་དོན་ཤེས་པར་གནོད་པའི་དབང་པོ་སྐྱོན་ཅན་མ་ཡིན་པའི་རིགས། གཉིས་པ་ནི་བྱིས་པ་ལོ་བཅུའི་ཅན་དང་། གསུམ་པ་ནི་བྱིས་པ་ལོ་བཅུ་མན་དང་སྨྲ་མི་ཤེས་ཤིང་དོན་མི་གོ་བའམ་ཤེས་པ་རང་བཞིན་ཏུ་མི་གནས་པའི་གང་ཟག་ལྟ་བུ། བཅས་པ་པའི་མི་དཔེར་ན་ཚོང་ཁང་ལ་སོགས་པ་ལྟ་བུ། བཅས་པའི་མི་ཞེས་བརྗོད་ན་ང་ཚོའི་ཁྲིམས་རིག་གནས་དང་མཐུན་པར་སྣང་ནའང་ཁྲིམས་ཀྱིས་རང་བཞིན་གྱི་མི་ལྟར་བཅས་པས་ན་ཁྲིམས་མི་ཞེས་བསྡུས་ནའང་དོན་ལ་མི་གནོད། ཁྲིམས་མིར་ཁྱད་ཆོས་དུ་མ་ཞིག་ཡོད་པའི་ནང་ནས་ཁྲིམས་མི་ཡིས་རང་གི་མིང་ཐོག་ཏུ་དམངས་དོན་སྦྱོར་ནུས་དང་སྦྱོར་བའི་ཐོབ་ཐང་ཡོད་པ་དཔེར་ན་དངུལ་ཁང་ནས་རང་གི་མིང་ཐོག་ཏུ་དངུལ་བྱང་བསྐྲུན་པ་དང་། རང་གི་མིང་ཐོག་ནས་ཞལ་འདེབས་བསྡུ་ལེན་བྱེད་པ། ཁྲིམས་ཁང་དུ་དམངས་དོན་ཞུ་གཏུག་བྱེད་པ་ལ་སོགས་པ་ལྟ་བུ། ལྷག་པར་དུ་རང་ལ་དབང་བའི་རྒྱུ་ནོར་གྱིས་དམངས་དོན་འགན་ཁུར་དགོས་པ་ལ་སོགས་པ་ལྟ་བུ། ནང་ཆོས་ཀྱི་ནང་ན་གཞི་བསམ་པ་སྦྱོར་བ་མཐར་ཐུག་ཅེས་པའི་བརྡ་ཆད་ཅིག་ཡོད་པ་ནང་གཞི་ཡི་མཚན་ཉིད་ཟེར་བ་ཞིག་ཡོད། དེ་ནི་དགེ་སློང་བསྒྲུབ་མཁན་དང་།་སློབ་དཔོན་དང་མཁན་པོ་སོགས་ལ་ཁྱད་ཆོས་གང་གང་ཚང་དགོས་པའི་སྐོར་ཡིན། དམངས་ཁྲིམས་ཀྱི་ནང་ནའང་དམངས་དོན་ཐོབ་ཐང་དང་འོས་འགན་འབེབ་ས་ཡི་གཞི་དེ་ལ་རང་བཞིན་གྱི་མི་དང་ཁྲིམས་ཀྱིས་བཅས་པའི་མི་བཅས་རིགས་གཉིས་སུ་དབྱེ་སྟེ། ཁྲིམས་ཀྱིས་བཅས་པའི་མི་ཡི་བསྡུས་མིང་ལ་ཁྲིམས་མི་ཞེས་བརྗོད་ཅིང་། ཁྲིམས་མི་ལ་གཞི་ཡི་ཆ་རྐྱེན་ཡང་ཁྲིམས་མིའི་སྡེར་གཏོགས་ཀྱི་རིགས་ལྟར་ཚང་དགོས་ལ་ཐུན་མོང་གི་ཆ་རྐྱེན་ནི་རང་གི་མིང་དང་རྩ་འཛུགས་ཀྱི་ལས་ཁང་། ཆགས་ཡུལ་དང་རྒྱུ་ནོར་ཡོད་པ་དེ་དག་ཡིན་ལ། ཁྲིམས་ལུགས་དང་ཁྲིམས་སྲོལ་གྱི་གཏན་དབབ་ལྟར་སྲིད་འཛིན་ལས་ཁང་གྱི་ཆོག་མཆན་དགོད་དགོས་པའི་གཏན་དབབ་ཡོད་ན་ཆོག་མཆན་འགོད་དགོས་པ་དེ་ཡང་ཆ་རྐྱེན་དམིགས་བསལ་བ་ཞིག་ཡིན། 

ཁྲིམས་མི་ལ་ཡང་རིགས་དུ་མར་ཕྱེ་ཞིང་ཁེ་གཉེར་ཁྲིམས་མི་དང་། ཁེ་་གཉེར་མ་ཡིན་པའི་ཁྲིམས་མི། ཁྲིམས་མི་དམིགས་བསལ་ཅན་བཅས་རིགས་གསུམ་དུ་དབྱེ་ཞིང་། དང་པོ་ནི་ཁེ་ལས་སམ་སྤྱི་གཉེར་ཞེས་འབོད་པ་དེ་དང་། གཉིས་པ་ནི་དགོན་པ་དང་ཐེབས་རྩ་ཚོགས་པ། གསུམ་པ་ནི་མི་དམངས་སྲིད་གཞུང་དང་སྡེ་དམངས་ལྷན་ཁང་ལ་སོགས་པའོ། ཁྲིམས་མིའི་གཞུང་རྒྱས་པར་བཤད་ན་འདི་ནས་དུས་ཚོད་ཅུང་མང་བས་དེ་རིང་གི་བརྗོད་གཞི་བཤད་པ་ལ་བར་ཆད་དུ་འགྲོ་བར་དོགས་པས་མང་དུ་མི་བཤད། རྗེས་མར་འདིའི་སྐོར་ལ་དམིགས་བསལ་གྱིས་འགྲེལ་བརྗོད་ཅིག་བྱས་ནའང་ཆོག 

དགོན་པ་དང་ནང་བསྟན་མཐུན་ཚོགས་ནི་ཁེ་གཉེར་མ་ཡིན་པའི་ཁྲིམས་མི་ཡིན་པ་འདྲ་ཡང་། ནང་བསྟན་མཐུན་ཚོགས་ནི་སྤྱི་ཚོགས་མཐུན་སྡེའི་(社会团体法人)ཁྲིམས་མི་ཡིན་པ་དང་། དགོན་པ་ནི་ཞལ་འདེབས་ཁྲིམས་མི་(捐助法人)ཡིན་པས། དེ་གཉིས་ཀྱི་ངོ་བོ་དང་བྱེད་ལས་ཀྱང་མི་འདྲ། དཔེ་ཞིག་གི་སྟེང་ནས་བཤད་ན། འབྲོག་པའི་སྡེ་བ་ཞིག་གི་ཁྱིམ་མི་ཐམས་ཅད་ཀྱིས་མོས་མཐུན་གྱི་སྒོ་ནས་སྡེ་བ་ཡི་རྩྭ་ས་བསྲུང་བའི་རྩྭ་སྲུང་ཚོགས་པ་ཞིག་བཙུགས་པ་དེ་ནི་སྤྱི་ཚོགས་མཐུན་སྡེའི་ཁྲིམས་མི་ལྟ་བུ་ཞིག་ཡིན། དེས་སྡེ་བ་ཡི་རྩྭ་ས་ཡོངས་རྫོགས་ལ་ལྟ་རྟོག་བྱེད་ཀྱི་ཡོད་མོད། འོན་ཀྱང་སྡེ་བའི་ཁྱིམ་ཚང་གི་རྩྭ་ས་དང་ནོར་ལུག་ཐམས་ཅད་ཁོང་ཚོར་མི་དབང་བ་ལྟ་བུ་ཡིན། དགོན་པ་དང་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་བ་ཡང་དེ་ལས་མ་འདས། འོན་ཀྱང་དེང་སྐབས་བོད་དང་རྒྱ་ནང་གི་དགོན་པ་མང་པོའི་བདག་དབང་ད་དུང་ཡང་ནང་བསྟན་མཐུན་ཚོགས་ཀྱིས་བཟུང་ཡོད། དེ་ལྟར་འཛིན་པ་ལ་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལྡན། ཚོང་རའི་དཔལ་འབྱོར་མ་དར་བའི་ཡར་སྔོན་གྱི་འཆར་འགོད་དཔལ་འབྱོར་གྱི་དུས་སྐབས་སུ། དགོན་པ་ཚང་མ་ཡི་བདག་དབང་ནང་བསྟན་མཐུན་ཚོགས་ཀྱིས་བཟུང་ཞིང་། བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་སུ་དེ་ལ་འགྱུར་ལྡོག་བྱུང་སྟེ་དགོན་པའི་བདག་དབང་ཕྱིར་དགོན་པར་སྤྲད་ཀྱང་། བོད་འབྲེལ་གྱི་ནང་བསྟན་མཐུན་ཚོགས་ཀྱིས་དབང་ཆ་དང་དཔལ་འབྱོར་ཁེ་ཕན་གཏོང་མ་འདོད་པས་དབང་གིས་ད་དུང་དགོན་པ་ལ་ལའི་བདག་དབང་ལག་ཏུ་བཟུང་ཡོད། དེང་སྐབས་ནང་བསྟན་མཐུན་ཚོགས་དགོན་པ་དང་སྲིད་གཞུང་བར་གྱི་ཟམ་པའམ་ཕོ་ཉའམ་བང་ཆེན་ལྟར་གྱུར་ཡོད་པ་མ་ཟད། སྲིད་འཛིན་གྱི་དབང་ཆའང་གང་འཚམ་ཡོད། འོན་ཀྱང་ནང་བསྟན་མཐུན་ཚོགས་ལ་རྟེན་དང་བརྟེན་པ་མེད་པ་མ་ཟད། ལས་བྱེད་མང་པོ་ཡང་མི་སྐྱ་ཡིན་པས་དད་པའི་རྟེན་མིན་ལ་བྱིན་རླབས་ཀྱང་མེད། དེ་དག་ལ་འབུལ་བ་ཕུལ་ན་རྒྱའི་ཁ་དཔེར་ནང་ཁྱི་ལ་ཤ་མོག་མོག་གིས་བརྡེག་པའི་དཔེ་ལྟར་བྱིན་རླབས་དང་དགེ་རྩ་སོགས་འབྱུང་མི་སྲིད་དོ། དེང་སྐབས་ལག་བསྟར་བྱེད་བཞིན་པའི་ཁྲིམས་ལུགས་དང་སྲིད་ཇུས་ལྟར་ན། ནང་བསྟན་མཐུན་ཚོགས་ཀྱིས་དགོན་པའི་བདག་དབང་ལག་ཏུ་འཛིན་པ་ནི་་ཁྲིམས་ལུགས་དང་མི་མཐུན། དེ་བཞིན་དུ་ཆོས་ལུགས་ཅུའུ་དང་རིག་རྫས་ལས་ཁུངས་བཅས་ལ་དགོན་པའི་བདག་དབང་འཛིན་པའི་དབང་ཐང་རྩ་བ་ཉིད་ནས་མེད། 

དགོན་པས་ཁྲིམས་མིའི་གོ་འཕང་བླངས་པའི་དགེ་མཚན་གྱི་སྐོར་ནས་བཤད་ན། བོད་ཀྱི་དགོན་པ་ཕལ་མོ་ཆེ་ཡིས་ཁྲིམས་མིའི་གོ་འཕང་ལེན་རྒྱུ་གལ་ཆེ། ང་ཚོ་བོད་ཀྱི་ས་ཁུལ་ན་བོད་རྒྱུད་ནང་བསྟན་གྱི་དགོན་པ་བོད་ལྗོངས་ན་༡༧༠༠་ལྷག་དང་། ཟི་ཁྲོན་ན་༨༠༠་མ་ཟིན་ཙམ། མཚོ་སྔོན་ན་བདུན་བརྒྱ་ལྷག ཀན་སུའུ་ན་༢༠༠་ལྷག་ཡོད་པ་མ་ཟད།་ཡུན་ནན་དང་ནང་སོག་བཅས་ནའང་བརྒྱ་ལྷག་ཡོད། དེར་མ་ཟད་མ་ཎི་ཁང་སོགས་འདུས་ན་བོད་ལ་ཆོས་ལུགས་བྱེད་སྒོ་སྤེལ་གནས་ཧ་ཅང་མང་། དགོན་པ་འདི་དག་ཕལ་མོ་ཆེ་ལ་ཁྲིམས་མིའི་གོ་འཕང་མེད་ཙང་། དགོན་པ་དེ་དག་གིས་དཔལ་འབྱོར་འཚོལ་བསྒྲུབ་དང་དར་སྤེལ་བྱས་པའི་ཡོང་སྒོ་ཡོད་དོ་ཅོག་དང་། དད་ལྡན་མང་ཚོགས་རྣམས་ཀྱིས་ཕུལ་བའི་བསྔོ་རྟེན་དང་བསྔོ་ཞུ། སྐྱབས་འཇུག་དང་རོགས་དངུལ་ཆེ་ཕྲ་དུ་མ་དགོན་པ་རང་ལ་མི་དབང་བར་ནང་བསྟན་མཐུན་ཚོགས་དང་། ཆོས་ལུགས་དད་པ་ལ་འབྲེལ་བ་སྤུ་ཙམ་མེད་པའི་ཡུལ་སྐོར་ཅུའུ། རིག་རྫས་ཅུའུ། ཆོས་ལུགས་ཅུའུ་ལ་སོགས་པའི་བདག་གིར་འཛིན་ཅིང་། དེ་དག་གིས་དེ་དག་གི་མིང་ཐོག་ནས་ཆ་ཤས་ཤིག་སྲིད་གཞུང་གི་དཀོར་མཛོད་དུ་བཞག་ཅིང་ཆ་ཤས་ཤིག་ཁོང་ཚོས་ལོངས་སུ་སྤྱོད། རྒྱལ་ཁབ་ཀྱིས་་དགོན་པ་སོ་སོར་སྤྲད་པའི་རོགས་དངུལ་ཡང་དེ་དག་གི་ལག་པ་བརྒྱུད་དེ་དགོན་པར་ཡོང་གི་ཡོད། ཨ་མདོ་བ་ལ་ཟས་མི་ལག་བརྒྱུད་ན་ཇེ་ཉུང་དང་། གཏམ་མི་ཁ་བརྒྱུད་ན་ཇེ་མང་ཟེར་བའི་གཏམ་དཔེ་ཞིག་ཡོད་པ་ལྟར། རྒྱལ་ཁབ་ཀྱིས་དགོན་པར་སྤྲད་པའི་རོགས་དངུལ་དང་ཞིག་གསོ་མ་དངུལ་དེ་དག་ཀྱང་གོང་སྨྲོས་ལས་ཁང་དེ་དག་གིས་བཏོགས་ཏེ་དགོན་པ་ལ་ཆ་ཚང་བར་སྤྲོད་གིན་མེད། དགོན་པ་ལ་དབང་བའི་རྒྱུ་རྫས་དགོན་པ་ལ་མི་དབང་བ་དང་། དགོན་པ་ལ་ཐོབ་དགོས་པའི་རོགས་དངུལ་དགོན་པར་ཁ་ཚང་མི་འཐོབ་པའི་རྒྱུ་རྐྱེན་གཅིག་ནི་དགོན་པ་ལ་ཁྲིམས་ལུགས་ཀྱི་སྟེང་ནས་རང་རྐྱ་ཐུབ་པའི་ཁྲིམས་མིའི་གོ་འཕང་མེད་པ་དེ་ཡིན། དཔེར་ན་ངེད་ཅག་གིས་དད་པ་རྩེ་གཅིག་གིས་ལྷ་སའི་ཇོ་ཁང་ལ་ཕུལ་བའི་འབུལ་བ་ཡོད་དོ་ཅོག་དོན་དངོས་སུ་ཇོ་ཁང་ལ་མི་དབང་བར་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཆོས་ལུགས་ཅུའུ་ཡི་རིག་རྫས་ཁང་སོགས་ལ་དབང་ཞིང་། ལས་ཁང་དེ་དག་གིས་འབུལ་བ་ཐམས་ཅད་རྒྱལ་ཁབ་ཀྱི་ནོར་སྲིད་དཀོར་མཛོད་ལ་ཕུལ་ཞིང་རྒྱལ་ཁབ་ཀྱིས་དེའི་ནང་གི་ཆ་ཤས་ཤིག་ཕྱིར་ཆོས་ལུགས་ཅུའུ་ལ་སྤྲད་དེ་ཆོས་ལུགས་ཅུའུ་ཡིས་ཞིག་གསོ་སོགས་ཀྱི་ལས་དོན་ལ་མངོན་ལྐོག་གིས་ཐག་གཅོད་བྱེད་ཅིང་། ཇོ་ཁང་རང་ལ་མཚོན་ན་མ་དངུལ་དེ་དག་གང་སར་བཀོལ་སྤྱོད་བྱེད་པ་ལ་ཐག་གཅོད་པའི་དབང་ཆ་མེད། དགོན་པ་ལ་ཁྲིམས་མིའི་གོ་འཕང་ཡོད་ན་དགོན་པའི་རྒྱུ་རྫས་ཀྱི་ཐོབ་ཐང་དང་བདག་དབང་ལ་ཆགས་སའི་གཞིའམ་སྣོད་ཡོད་པར་གྱུར་བ་མ་ཟད། གཞན་ལ་དོམ་འདེད་པ་དང་གན་རྒྱ་འཇོག་པ། ཤེས་རིག་བདག་དབང་གི་ཐོབ་ཐང་གི་ཁས་འཆའ་བ་ལ་སོགས་པའི་དམངས་དོན་སྦྱོར་བའི་ནུས་པ་ཡོད་པར་འགྱུར་བས་དགོན་པའི་ཐོབ་ཐང་དང་ཁེ་ཕན་སྲུང་སྐྱོབ་ལ་ཕན། གནད་འགག་དེ་ལ་དམིགས་ཏེ་རྒྱ་བོད་དགོན་ཆེན་གྱི་མཁན་ཆེན་དང་བླ་ཆེན་རིམ་བྱོན་གྱིས་གནད་དོན་འདི་རྒྱལ་ཡོངས་ཁྲིམས་བཟོ་ཚོགས་ཆེན་འདུས་པའི་ལས་ཁུངས་གལ་ཆེན་དག་ལ་ལོ་ནས་ལོ་བར་དུ་འབོད་སྐུལ་བྱས་པའང་འདི་ལ་ཐུག 

དགོན་པས་ཁྲིམས་མིའི་གོ་འཕང་ཇི་ལྟར་ལེན་དགོས་ཞེ་ན། དམངས་དོན་ཁྲིམས་གཞུང་དང་ཆོས་ལུགས་ལས་དོན་སྲོལ་ཡིག་གི་གཏན་འབེབས་ལྟར་སོང་ན། དགོན་པས་ཁྲིམས་མིའི་ཐོ་འགོད་བྱེད་པར་ཐོག་མར་ས་གནས་དེའི་ཆོས་ལུགས་མཐུན་ཚོགས་ཀྱི་མོས་མཐུན་བྱུང་དགོས་ཤིང་། དེ་ནས་རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་ཆོས་ལུགས་ལས་ཁང་གི་བརྟག་དཔྱད་དང་མོས་མཐུན་འཐོབ་པའི་རྗེས་སུ། རྫོང་རིམ་པའི་མི་དམངས་སྲིད་གཞུང་གི་དམངས་སྲིད་ལས་ཁུངས་ལ་ཁྲིམས་མིའི་ཐོ་འགོད་ཞུ་དགོས་ཤིང་། དགོན་པ་རང་ལ་མཚོན་ན་ཁྲིམས་མིའི་ཐོ་འགོད་བྱེད་པར་གཤམ་གྱི་ཆ་རྐྱེན་ཁག་ཚང་དགོས། 

༡། ཆོས་ལུགས་ལས་ཁུངས་སུ་ཁྲིམས་ལྟར་ཐོ་འགོད་བྱས་པའི་དགོན་པའི་སྡེར་གཏོགས་པ། 

༢ ཆོས་ལུགས་བྱེད་སྒོ་སྤེལ་མཁན་གྱི་འཛིན་སྐྱོང་བ་དང་རམ་འདེགས་མི་སྣ་ཡོད་པ།

༣ ངེས་ཅན་གྱི་རྒྱུ་ནོར་མ་མཐའ་རྒྱ་སྒོར་འབུམ་གཅིག་ཡན་གྱི་རྨང་དངུལ་དུ་ཐོ་འགོད་བྱས་ཡོད་པ། 

༤ འགྲོ་སོང་གི་རྩིས་ཁྲ་དོ་དམ་ཚད་ལྡན་ཡིན་པ། 

༥ རྩ་འཛུགས་དང་བཅའ་ཡིག་ཚད་ལྡན་ཡོད་པ། 

༢༠༡༩་ལོར་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུའུ་དང་དམངས་སྲིད་པུའུ་ཡིས་དགོན་པ་ཡིས་ཁྲིམས་མིའི་ཐོ་འགོད་ཅི་ལྟར་བྱེད་སྟངས་ཀྱི་སྐོར་ལ་གཏན་དབབ་གསལ་པོ་ཞིག་བྱས་ཡོད་པ་དེ་ཤེས་འདོད་ན་ཁྲིམས་གླེང་གི་དྲ་ཚིགས་ནང་ལ་ལྟོས། https://trimleng.org/2022/08/27/choelek-trimmiyi-gopang-gorji-dankel/

མདོར་ན། ང་ཚོ་དད་ལྡན་མང་ཚོགས་རྣམས་ཀྱིས་སེན་མགོ་ཁྲག་དང་སེན་གཏིང་རྣག་གིས་བསགས་ཏེ་དགོན་པ་དང་བླ་མ་དགེ་འདུན་དཀོན་མཆོག་ལ་ཕུལ་བའི་བསྔོ་རྟེན་དང་ཞུ་འབུལ་འབོར་ཆེན་དེ་དག་་དགོན་པ་དང་དགེ་འདུན་པའི་དཀོར་དུ་ཐད་གར་འགྲོ་གི་མེད་པར། ཆོས་མེད་པར་སྨྲ་ཞིང་། ཆོས་ལུགས་ནི་དུག་རྫས་སྨྱོ་ཆུ་རེད་ཅེས་པའི་ལྟ་གྲུབ་འཛིན་པའི་སྲིད་གཞུང་གི་དཀོར་མཛོད་དུ་འགྲོ་བཞིན་ཡོད་པའི་རྒྱུ་རྐྱེན་གཅིག་ནི་དགོན་པ་ལ་ཁྲིམས་མིའི་གོ་འཕང་མེད་པ་དེ་གཅིག། དེ་ནས་ས་གནས་སྲིད་གཞུང་གི་ཆོས་ལུགས་དང་གནའ་རྫས་སྲུང་སྐྱོབ། ཡུལ་སྐོར་ལས་ཁང་བཅས་ཀྱིས་དབང་ཆ་ལོག་སྤྱོད་བྱས་ཏེ་སོ་སོའི་དགོན་པ་ནས་ཐོབ་པའི་ཁྲིམས་འགལ་གྱིས་ཁེ་ཕན་ལ་འདོད་རྔམ་གྱིས་གློད་མ་ནུས་པ་གཉིས། ང་ཚོ་དད་ལྡན་སྐྱ་སེར་མང་ཚོགས་ཕལ་མོ་ཆེས་གནས་ལུགས་དེ་ང་ཚོས་ཆོས་དད་པ་རྣམས་ཀྱིས་ལེགས་པར་མ་ཤེས་པས་ཐེར་འདོན་དང་སྐྱོན་བརྗོད་མ་བྱས་པ་གསུམ་བཅས་ཀྱི་རྐྱེན་ལས་སྣང་ཚུལ་འདི་བྱུང་། དེས་ན་ཇི་སྲིད་དགོན་པ་དང་དགེ་འདུན་པ་དག་གིས་དད་ལྡན་མང་ཚོགས་ཀྱི་འབུལ་བ་ལ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་མ་རག་བར་དུ། དད་ལྡན་མང་ཚོགས་ཀྱིས་དགོན་པ་དང་དགེ་འདུན་པ་དག་ལ་འབུལ་བ་བསྔོ་ཞུ་འབོར་ཆེན་མི་གནང་ལ་དགེ་འདུན་པ་དང་དགོན་པས་ཀྱང་རང་ལ་མི་དབང་བའི་རྒྱུ་ནོར་འབོར་ཆེན་མང་ཚོགས་ཀྱི་ལག་ནས་མི་བཞེས་པར་གཏོང་ཡུལ་གཞན་དུ་གཏོང་དགོས་པའི་བསླབ་བྱ་གནང་སྟེ།། ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡི། དགེ་བ་ཅུང་ཟད་བདག་གིས་ཅི་བགྱིས་པ།།  །ཐམས་ཅད་བདག་གིས་བྱང་ཆུབ་ཕྱིར་བསྔོའོ་ཞེས་པ་བཞིན་ཕྱག་སྐོར་མཆོད་མེ་བསྒྲོན་ཏུ་བཅུག་ནས་དད་ལྡན་མང་ཚོགས་ཀྱིས་དད་ཡུལ་མ་ཡིན་པར་དངུལ་བར་མེད་དུ་གཏོང་དུ་མི་འཇུག་པར་དཔལ་འབྱོར་གྱི་དབུགས་དབྱུང་བར་བྱ་དགོས། 

དགོན་པའི་རྒྱུ་ནོར་བདག་དབང་གི་སྐོར་ལ་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དཔའ་རིས་རྡོ་རྗེ་ཡིས་ཞིབ་འཇུག་མི་ཉུང་བ་བྱས་ཡོད་པས་ཁྱེད་ཅག་དོ་སྣང་ཅན་པོས་ཁོང་གི་གསུང་རྩོམ་ལ་ལྟོས། ཡ་ད་གཏམ་བཤད་འདི་ནས་མཚམས་འཇོག་གི་ཡིན། དྲི་བ་་སོགས་ཡོད་ན་ང་ཚོ་དུས་ཚོད་ཕྱེད་ཀ་ཙམ་ལ་བསྡད་ཆོག དེ་མིན་ང་ཡང་ཚོགས་པ་འདིར་ཅུང་ཙམ་འདུག་གི་ཡིན་པས། སང་གནངས་ཉིན་ལན་བསྐུར། འདིར་བཞུགས་གི་ཚོགས་གཙོ་མ་དང་དྲ་གྲོགས་ཡོངས་ལ་ཉམས་ཞུགས་གནང་བར་ཡང་བསྐྱར་བཀའ་དྲིན་ཆེ་ཞུ་ཞེས་ཁྲིམས་གླེང་བས།