ཁྲིམས་ལུགས་འགྲེལ་བཤད་ཀྱི་རེ་འདུན་ཞུ་ཡིག

 

༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གཉིས་ཀྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ཚན་པ་དང་པོར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འགྲེལ་བཤད་གནང་བར་རེ་འདུན་ཞུ་དགོས་པའི་སྤྱི་དམངས་ཀྱི་སྐུལ་སློང་ཡི་གེ་བཞུགས།།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གཉིས་ཀྱི་སྤྱན་སྔར། 

སྤྱི་ལོ་༢༠༢༢་ཟླ་༡༢་པའི་ཚེས་༡༣་ཉིན། སྐབས་བཅུ་གཉིས་པའི་ལྷ་ས་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་གསུམ་པའི་ཚོགས་འདུ་ཡིས་བློ་མཐུན་ཝང་ཆིང་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱིའམ་གྲོང་དཔོན་ལ་གདམ་བསྐོ་བྱས་ཤིང་། ཉིན་མོ་དེར། གཞིས་ཀ་རྩེ་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཐེངས་གསུམ་པའི་ཚོགས་འདུའི་སྟེང་། རྒྱ་རིགས་བློ་མཐུན་ཝང་ཧྥང་ཧྭོང་གཞིས་ཀ་རྩེའི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱིའམ་གྲོང་དཔོན་ལ་བསྐོས། ༡༩༨༢་ལོར་རྩ་ཁྲིམས་དང་། ༡༩༨༤་ལོར་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ལག་བསྟར་ཚུན། བློ་མཐུན་ཝང་ཆིང་ནི་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་གྲོང་སྤྱི་ལ་གདམ་བསྐོས་བྱས་པའི་རྒྱ་རིགས་ཐོག་མ་ཡིན། 

མི་རིགས་ས་ཁོངས་རང་སྐྱོང་གི་ལམ་ལུགས་ནི་རྒྱལ་ཁབ་ཀྱི་གཅིག་གྱུར་གྱི་འགོ་ཁྲིད་ལས་རིགས་སོ་སོའི་མི་རིགས་འདུས་སྡོད་ས་ཁུལ་དུ་ས་ཁོངས་རང་སྐྱོང་དང་། རང་སྐྱོང་གི་དབང་འཛིན་ལས་ཁུངས་བཙུགས་ཏེ་རང་སྐྱོང་ཐོབ་ཐང་ལག་བསྟར་བྱེད་པ་ལ་གོ་དགོས་ཤིང་། མི་རིགས་ས་ཁོངས་རང་སྐྱོང་ལག་བསྟར་བརྒྱུད་ཏེ། གྲངས་ཉུང་མི་རིགས་ཀྱིས་རང་མི་རིགས་ཀྱི་ནང་ཁུལ་བྱ་གཞག་ཐ་དག་དོ་དམ་གྱི་དབང་ཆ་ལ་རྒྱལ་ཁབ་ཀྱིས་བརྩི་བཀུར་བྱེད་པ་མཚོན་ཐུབ་ལ། མི་རིགས་འདྲ་མཉམ་དང་མཐུན་སྒྲིལ། མཉམ་དུ་འབྱོར་ཕྱུག་གི་རྩ་དོན་ཡང་མཚོན་ཐུབ། ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེ་གྲོང་ཁྱེར་ནི་བོད་རིགས་གཙོ་བོ་འདུས་སྡོད་བྱེད་པའི་ས་ཁུལ་ཞིག་ཡིན། ཐེངས་བདུན་པའི་རྒྱལ་ཡོངས་མི་གྲངས་ཞིབ་བཤེར་གྱི་གྲངས་ཀ་ལྟར་ན། ལྷ་སའི་གྲོང་ཁྱེར་མི་གྲངས་ཀྱི་བརྒྱ་ཆའི་བདུན་ཅུ་དང་། གཞིས་ཀ་རྩེའི་གྲོང་ཁྱེར་མི་གྲངས་ཀྱི་བརྒྱ་ཆའི་གྱ་དགུ་བོད་རིགས་ཡིན་པས། གྲོང་ཁྱེར་འདི་གཉིས་ནི་བོད་རིགས་གཙོ་བྱས་པའི་མི་རིགས་འདུས་སྡོད་ཀྱི་ས་ཁུལ་ཡིན་པ་གདོན་མི་ཟ། དེས་ན་གྲོང་ཁྱེར་འདི་གཉིས་ཀྱི་གཞུང་དམངས་ཀྱིས་བོད་རིགས་རང་སྐྱོང་གི་ལམ་ལུགས་ལ་ལོངས་སུ་སྤྱོད་ཆོག་པ་མ་ཟད། བོད་རང་སྐྱོང་ལྗོངས་མངའ་འོག་གི་ས་ཁུལ་རིམ་པའི་གྲོང་ཁྱེར། རྫོང་རིམ་པའི་གྲོང་ཁྱེར། ས་ཁུལ་དང་རྫོང་བཅས་ཀྱིས་ཀྱང་མི་རིགས་རང་སྐྱོང་གི་ལམ་ལུགས་ལོངས་སུ་སྤྱོད་ཆོག་པ་རྩ་ཁྲིམས་དང་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་ཤུགས་བསྟན་ཡིན་པ་གོར་མ་ཆག་གོ། དེ་ལྟར་མ་ཡིན་ན། བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ལམ་ལུགས་བོད་རང་སྐྱོང་ལྗོངས་ཀྱི་རང་སྐྱོང་ལྗོངས་རིམ་པའི་སྲིད་གཞུང་དང་མི་དམངས་འཐུས་མི་ཚོགས་ཆེན་དུ་ལུས་པས། དེས་མི་རིགས་རང་སྐྱོང་གི་ལམ་ལུགས་གཟུགས་བརྙན་ཙམ་དང་གཞི་མེད་པའི་བར་སྣང་གི་ཁང་ཆེན་ལྟར་བཏང་བ་སྨྲོས་མ་དགོས། 

ཁྲིམས་ལ་འཐུས་ཤོར་བྱུང་སྲིད་ཅེས་པའི་ངག་རྒྱུན་ལྟར། གནད་དོན་འདིའི་འབྱུང་ཁུངས་ནི་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ཚན་པ་དང་པོར་རང་སྐྱོང་ལྗོངས་ཀྱི་གཙོ་འཛིན། རང་སྐྱོང་ཁུལ་གྱི་ཁུལ་དཔོན། རང་སྐྱོང་རྫོང་གི་རྫོང་དཔོན་བཅས་ཀྱི་དཔོན་གནས་དེ་ས་ཁོངས་རང་སྐྱོང་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་ཁུར་དགོས་ཞེས་པ་དེ་ཡིན། ཚན་པ་དེས་རང་སྐྱོང་ལྗོངས་མངའ་འོག་གི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་གྲོད་དཔོན་ནམ་གྲོང་སྤྱི། ས་ཁུལ་མི་དམངས་སྲིད་གཞུང་གི་ཆེད་དཔོན(专员)། རྫོང་རིམ་པའི་གྲོང་ཁྱེར་གྱི་གྲོང་དཔོན། རྫོང་གི་རྫོང་དཔོན་བཅས་ཀྱང་ས་ཁུལ་རང་སྐྱོང་བྱེད་པའི་མི་རིགས་ཀྱི་སྤྱི་དམངས་ཀྱིས་ཁུར་དགོས་པའི་ཤུགས་ཀྱི་བསྟན་དོན་དེ་མངོན་པར་མ་བསྟན་པའི་ཉེར་ལེན་ལས་བྱུང་བ་ཡིན། རང་སྐྱོང་ས་ཁུལ་གྱི་རང་སྐྱོང་དབང་འཛིན་ལས་ཁུངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ན་དངོས་སུ་བསྟན་མེད་ཅེས་མཁྲེགས་འཛིན་གྱི་ལྟ་བ་དང་ལག་ལེན་ཡང་ཁྲིམས་ལུགས་ཀྱི་འཐུས་ཤོར་འདི་ལ་རག་ལས་ཞིང་། ལྷ་ས་གྲོང་ཁྱེར་དང་གཞིས་ཀ་རྩེའི་གྲོང་ཁྱེར་གྱི་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཀྱང་ལྟ་བ་ནོར་འཁྲུལ་འདི་བཟུང་སྟེ་རྒྱ་རིགས་སྤྱི་དམངས་གྲོང་ཁྱེར་འདི་གཉིས་ཀྱི་གྲོང་དཔོན་ལ་བསྐོ་བཞག་བྱས་པ་ང་ཚོས་ཚོད་དཔག་བྱེད་ཐུབ། 

མི་རིགས་རང་སྐྱོང་གི་ལམ་ལུགས་ལག་བསྟར་བརྒྱུད་དེ་གྲངས་ཉུང་མི་རིགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་ནི་རྒྱལ་ཁབ་ཀྱི་རྩ་བའི་སྲིད་ཇུས་ཤིག་ཡིན་ཞིང་། མི་རིགས་ས་ཁོངས་རང་སྐྱོང་ནི་གྲངས་ཉུང་མི་རིགས་གནས་སྡོད་ས་ཁུལ་གྱི་རང་སྐྱོང་ཡིན། ཁྲིམས་ལ་འགྲེལ་བཤད་མེད་ན་ཁྲིམས་དེ་བཀོལ་མི་རུང་ཞེས་པའི་དཔེ་ལྟར། མི་རིགས་ས་ཁུལ་གྱི་རང་སྐྱོང་ལས་ཁུངས་ཀྱི་ལག་ལེན་ནོར་འཁྲུལ་ཅན་ཡོ་བསྲང་བྱ་ཆེད། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་མི་རིགས་ཨུ་ཡོན་ལྷན་ཁང་གིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་ཀྱི་དོན་ཚན་བཅུ་བདུན་པའི་ཚན་པ་དང་པོར་འགྲེལ་བཤད་ཞིབ་ཚགས་བྱེད་དགོས་པའི་རེ་འདུན་འདོན་པར་ངེད་ཅག་གིས་རྩ་ཁྲིམས་དང་ཁྲིམས་བཅའ་བའི་ཁྲིམས་ཀྱི་གཏན་འབེབས་ལྟར་ཞུ་ཡིག་འདི་ཕུལ་ཞིང་། དེ་ལྟར་བྱས་ན། ས་གནས་ཀྱི་ཁྲིམས་བཟོ་དང་སྲིད་འཛིན་ལས་ཁུངས་ཀྱིས་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་མཁྲེགས་འཛིན་དང་ཕྱོགས་ལྟུང་གིས་ལག་བསྟར་བྱེད་པའི་ནོར་འཁྲུལ་ཡོ་བསྲང་བྱེད་ཐུབ་པ་མ་ཟད། མི་རིགས་ས་ཁུལ་ནས་མི་རིགས་ས་ཁོངས་རང་སྐྱོང་ཁྲིམས་དྲང་བདེན་གྱིས་ལག་བསྟར་དང་། གྲངས་ཉུང་མི་རིགས་ཀྱི་དོགས་པ་སེལ་ཏེ་ཁྲིམས་སྐྱོང་རྨིང་གཞི་བྱས་པའི་མི་རིགས་མཐུན་སྒྲིལ་གྱི་རྣམ་པ་དར་རྒྱས་སུ་གཏོང་ཐུབ་པའི་དགེ་མཚན་ལྡན་ནོ།།

སྙན་ཞུ་ཕུལ་མཁན། སྒྲོལ་མ་སྐྱབས་ལ་སོགས་པས་ཟླ་༣་པའི་ཚེས་༦་ལ་ཕུལ་ལོ།