ཉེས་དོན་གཏུག་བཤེར་ཁྲོད་ཀྱི་ཐབས་ལམ་རེ་འགའ་ངོ་སྤྲོད།
༡ བཙན་ཤེད་ཀྱིས་རང་ཉིད་ཉེས་ཅན་ཡིན་པ་ངོས་ལེན་བྱེད་དུ་འཇུག་པ།
རྩྭ་ས་དང་ཞིང་སའི་བདག་དབང་ཤོར་སྲིད་པའི་ཁྱིམ་ཐོ་བཅོས་བསྒྱུར་གྱི་སྲིད་ཇུས།
--- ཁྱིམ་ཐོ་བཅོས་བསྒྱུར་གྱིས་རྩྭ་ས་དང་ཞིང་སའི་འགན་གཙང་ལེན་གྱི་བདག་དབང་ལ་གནོད་ངེས།
ཆའོ་སན་ཏེ་༼乔三爹༽དང་མཛེས་བརྙན་༼美拍༽གྱིས་ཁུར་དགོས་བའི་ཁྲིམས་ཀྱི་ཆད་པ།
རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བའི་བྱ་སྤྱོད་ཅིག་ཡིན་ན་དེ་ལ་ངེས་བར་དུ་ཆད་པ་ཞིག་ཡོད་དགོས། ངན་པ་ཐེར་འདོན་དང་བཟང་བོར་གཏང་རག་བྱིན་ན་ད་གཟོད་སྤྱི་ཚོགས་ཤིག་ཡར་རྒྱས་སུ་འགྲོ་ཐུབ། དེའི་རྒྱུ་མཚན་གྱིས་རྒྱལ་ཁབ་ཀྱིས་བྱ་སྤྱོད་ངན་པ་ཆེ་ཆུང་གང་ཡིན་རུང་དེ་ལ་དཔག་པའི་ཆད་པ་ཁྲིམས་ཀྱིས་གཏན་ཏུ་འཁེལ་བ་རེད། དཔེར་ན་འབར་ཞུན་ཆུང་རུང་དེ་ལ་ཚོད་མ་བཟུང་ན། ནགས་ཚུལ་ཡོངས་རྫོགས་དེས་མེ་ལ་བསྒྲོན་ནུས།
སྲིད་པ་ཁྲིམས་ཀྱི་འཁོར་ལོ།
དེ་ཡང་རྒྱ་ནག་གི་ཉེས་ཁྲིམས་གཏུག་བཤེར་གྱི་ཁྲིམས་ལུགས་ཀྱི་ལེགས་ཉེས་བླང་དོར་ལ་འཇུག་བདེ་བའི་ཕྱིར་དང་། རྒྱ་ནག་གི་རྩ་ཁྲིམས་ཆུང་ངུ་རུ་འབོད་པའི་ཁྲིམས་ལུགས་འདི་ཡིད་ལ་འཛིན་བདེ་བ་དང་དང་གོ་བ་ལོན་སླ་བ་བཅས་ཀྱི་ཆེད་དུ་སྲིད་པ་འཁོར་ལོའི་ཚུལ་ཏུ་བྲིས་བ་ཡིན། འདིའི་མཚོན་དོན་རྣམས་རང་གིས་ཤེས་པའི་ཁྲིམས་ལ་ལེགས་པར་བསམ་བློ་གཏོང་བ་དང་། དོན་གཉེར་ཅན་གཞན་དག་ལ་བསྟན་ནས་བཤད་ན་ཁྲིམས་ཀྱི་ཤེས་བྱ་མྱུར་ཏུ་རྒྱུད་ལ་འཇོག་ཐུབ་པར་ཕན་པ་ཆེ།
མི་སྨྲའི་རྟུལ་ཞུགས་འཛིན་པའི་ཐོབ་ཐང་ངམ་ཁ་རོག་ཏུ་འདུག་པའི་ཐོབ་ཐང་།༼保持沉默的权利༽
མི་སྨྲའི་རྟུལ་ཞུགས་འཛིན་པའི་ཐོབ་ཐང་ཞེས་བ་ནི་གང་ཟག་སུ་ཡིན་རུང་། ཉེན་རྟོག་པ་དང་ཁྲིམས་འཛིན་མི་སྣས་འདྲི་རྩད་བྱེད་སྐབས། དེར་ལན་མི་འདེབས་པར་ཁ་རོག་ཏུ་བསྡད་ཆོག་པའི་ཐོབ་ཐང་ཞིག་ལ་གོ དཔེར་ན་ཁྱེད་རང་ལ་ཉེན་རྟོག་པ་ཞིག་གིས་ཉེས་དོན་རྩད་གཅོད་དང་འབྲེལ་བའི་སྐད་ཆ་དྲིས་ཚེ། ཁྱེད་ཀྱིས་ཁོང་ལ་ལན་མི་སྨྲ་བར་ཁ་རོག་ཏུ་བསྡད་ན་ཁྲིམས་མཐུན་ཡིན་པ་ལྟ་བུའོ། ཐོབ་ཐང་འདི་ལ་༼མི་རན་དཱའི་ཉེན་བརྡ་༽༼Miranda Warning༽ཡང་ཟེར། དེ་ནི་ཨ་རིའི་རྩ་ཁྲིམས་འཕྲི་སྣོན་གྱི་དོན་ཚན་༥་བ་ནང་དུ་གཏན་ཏུ་འཁེལ་བའི་རྩ་དོན་ཞིག་ཡིན། ཨ་མེ་རི་ཀ་ནས་ཉེན་རྟོག་པས་གང་ཟག་ཅིག་ལ་འདྲི་རྩད་བྱེད་པའི་སྔོན་ཏུ་༼ང་ཚོའི་དྲི་བ་ལ་ཁྱེད་ཀྱིས་ལན་མི་འདེབས་པར་ཁ་རོག་ཏུ་འདུག་པའི་ཐོབ་ཐང་ཡོད། གལ་ཏེ་ཁྱེད་ཀྱིས་ལན་བཏབ་པ་ཡིན་ན། ཁྱེད་ཀྱི་ལན་དེ་དག་འབྱུང་འགྱུར་གྱི་དུས་སུ་ཁྱེད་ཉིད་ལ་མི་ཕན་པའི་དཔང་ཚིག་ཏུ་འགྱུར་སྲིད།༽ཞེས་བའི་རྩ་ཚིག་འདི་སྒྲོག་སྦྱངས་བྱས་བའི་རྗེས་སུ་ད་གཟོད་འདྲི་རྩད་བྱེད་དགོས། དེ་ལྟར་མ་བསྒྲགས་ན་ཉེན་རྟོག་པ་ལ་མི་ཕན་པའི་མཇུག་འབྲས་ཡོད།
ཕྱི་བསྐྱོད་ལམ་ཡིག་གཡག་རྔ་ལྟར་སྲུང་དགོས།
[caption id=”attachment_825” align=”alignleft” width=”164”] ཕྱི་བསྐྱོད་ལམ་ཡིག[/caption]
ཡི་གེ་དང་རི་མོ་ཟུང་འབྲེལ་གྱི་སྒོ་ནས་ཉེས་དོན་གཏུག་བཤེར་སྐབས་ཀྱི་ཐོབ་ཐང་མཚམས་སྦྱོར།
ཁྲིམས་གླེང་གི་དྲ་རྩོམ་དང་སྐད་འཕྲིན་སོགས་བརྒྱུད་ནས་ཤེས་ལྡན་མང་བོས་ལྷག་བསམ་རྣམ་དག་གིས་མཉམ་ཞུགས་བྱས་ཏེ། བསམ་འཆར་དང་རོགས་རམ་གནང་བ་ལ་སྙིང་ཐག་པས་ཐུགས་རྗེ་ཆེ་ཞུ། དེའི་ནང་ནས་མཁྱེན་ལྡན་འགའ་ཤས་ཀྱིས་རི་མོ་དང་སྒྲ་ཐག་སོགས་ལ་བརྟེན་ནས་ཉེས་དོན་བརྒྱུད་རིམ་ཁྲོད་ཀྱི་ཐོབ་ཐང་གསལ་བཤད་བྱེད་ཐུབ་ན་བཟང་ཞེས་བའི་བསམ་འཆར་བཏོན་པས། ང་རང་གིས་ཀྱང་ཨ་རི་སོགས་ན་༼ཁྱེད་ཀྱི་ཐོབ་ཐང་ཤེས་དགོས༽ཞེས་བའི་རི་མོ་དང་ཡི་གེ་ཟུང་འབྲེལ་གྱི་ལམ་ནས་ཉེས་དོན་བརྒྱུད་རིམ་ཁྲོད་ཀྱི་སོ་སོར་དཔག་པའི་ཐོབ་ཐང་མཚམས་སྦྱོར་བྱེད་པའི་ལས་གཞི་ཞིག་ཡོད་པ་དེས་མི་མང་ལ་ཤིན་ཏུ་ཕན་ཐོགས་ཡོད་པ་མཐོང་བས། ང་ཚོ་ལའང་འདི་འདྲའི་ཡིག་ཆ་ཁག་ཡོད་ན་བོད་ནང་གི་སེར་སྐྱ་མི་མང་གིས་རང་རང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ཐད་ལ་ཤིན་ཏུ་ཕན་ཐོགས་པར་སྙམ་ནས། བོད་ཀྱི་དེང་རབས་ན་གཞོན་སྒྱུ་རྩལ་བ་འགའ་ཤས་དང་སྡོང་ནས་ཡི་གེ་དང་རི་མོ་ཟུང་འབྲེལ་བྱས་ཏེ། རྒྱ་ནག་གི་ཉེས་དོན་ཁྲིམས་ལུགས་ཀྱི་བརྒྱུད་རིམ་ནང་གི་ཐོབ་ཐང་དང་ཤེས་དགོས་བའི་ཤེས་བྱ་ཁག་མཚམས་སྦྱོར་བྱེད་པའི་ཡིག་ཆ་འདི་བཟོས་བ་ཡིན། མཁྱེན་ལྡན་རྣམས་ཀྱིས་གང་མོས་ལྟར་ཕྱོགས་སོ་སོའི་བོད་མིར་བཀྲམ་རོགས་གནང་།
རྒྱལ་ཁབ་དང་བོད་མི་མང་བར་དུ་འགལ་ཟླ་བཟོ་མཁན་སུ་རེད།
མཛེས་སྡུག་ལྡན་པའི་བོད་ཡིག་གི་དེང་རབས་རྩིས་རིག་ལ་ནོངས་པ་ཅི་མཆིས། ད་ལོའི་སྤྱི་ཟླ་༦པའི་ཡས་མས་སུ། བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་ཀྱིས་ལྷ་སའི་གྲོང་ཁྱེར་གྱི་རྫོང་ཁག་ཁ་ཤས་ཀྱི་སློབ་ཆུང་སློབ་མའི་རྩིས་རིག་གི་ཁྲིད་གཞི་བོད་སྐད་ཀྱིས་ཁྲིད་བཞིན་པ་དེའི་མཚམས་བཅད་ནས་རྒྱ་ཡིག་གིས་ཁྲིད་དགོས་བའི་སྲིད་འཛིན་ཡིག་ཆ་ཞིག་སྤེལ། ཡིག་ཆ་དེའི་ནང་དོན་དང་དམིགས་ཡུལ་ལ་བོད་རང་སྐྱོང་ལྗོངས་ཀྱི་བོད་མི་ཁྲིམས་འཛིན་པ་བདེ་ཁང་བྱམས་པ་ཟེར་བ་ཞིག་གིས་༼ སུས་བོད་རིགས་བྱིས་པ་དག་གི་བོད་ཡིག་སློབ་གསོའི་ཐོབ་ཐང་བརྐུ་འཕྲོག་བྱས་བ་རེད། བོད་སྐད་ཡིག་གི་ཐོབ་ཐང་ལ་སྲུང་སྐྱོབ་བྱེད་པ།༽་ཞེས་བའི་དྲ་རྩོམ་ཞིག་སྤེལ་ཏེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་གཞིར་བཟུང་ཏེ་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལས་ཁུངས་ཀྱི་ཡིག་ཆ་དེ་ལ་དགག་པ་བརྒྱབ་ཅིང་། རྒྱལ་ཁབ་ཀྱིས་བཙུགས་པའི་སློབ་གྲྭ་ནས་བོད་སྐད་ཡིག་གི་སློབ་ཁྲིད་དང་སློབ་གསོ་ལ་ཁག་ཐེག་བྱེད་པ།བོད་སྐད་ཡིག་གི་ཁྲིད་གཞི་ཚང་མ་གཅིག་གྱུར་བྱས་ཏེ་ཁྲིད་གཞི་རྙོག་འཛིང་གི་གནས་ཚུལ་མཚམས་གཅོད་བྱེད་པ། བོད་སྐད་ཡིག་བེད་སྤྱད་ནས་ཡིག་རྩལ་གཏོང་བ་ལ་ཁག་ཐེག་བྱེད་དགོས་ཤིང་མི་རིགས་འདྲ་མིན་གྱི་དགེ་རྒན་ལ་ཟབ་སྦྱོང་སྤྲད་ནས་སློབ་མ་དང་འབྲེལ་འདྲིས་བྱེད་སླ་བར་བཟོ་བ་བཅས་བའི་རེ་འདུན་བཞི་བཏོན། བདེ་ཁང་བྱམས་པའི་སྐྱོན་བརྗོད་ལ་བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལས་ཁུངས་ཀྱིས་༼ བོད་ལྗོངས་ཀྱི་དེང་རབས་སློབ་གསོ། རིགས་སོ་སོའི་མང་ཚོགས་ཀྱི་མི་ཚེ་སྔར་བས་མཛེས་བར་བྱ།༽ཞེས་བའི་དགག་ལན་ཞིག་འཕྲད་དུ་སྤེལ་ནས་རྒྱའི་སྐད་ཡིག་བོད་ལྗོངས་ནས་བཙན་སྤེལ་བྱེད་པ་ནི་དེང་རབས་སློབ་གསོ་ཡི་དགོས་མཁོ་ཡིན་ཚུལ་བརྗོད་འདུག བདེ་ཁང་གི་དགག་ཡིག་ཁྲིམས་གླེང་དྲ་ཚིགས་ཀྱི་རྒྱ་ཡིག་གི་ལེ་ཚན་ནང་དུ་བཞག་ཡོད་པས་ཤེས་བར་འདོད་ན་ངེད་དྲ་ཚིགས་བརྒྱུད་ནས་གཟིགས་རོགས། འབྲེལ་ཐག་ནི་http://trimleng.cn/dekhang-chamba/ ཡིན། སློབ་གསོ་ལས་ཁུངས་ཀྱི་དགག་ལན་དྲ་ཐག་འདི་བརྒྱུད་ནས་བལྟ་ཐུབ། http://www.xzxw.com/xw/201606/t20160615_1281748.html མཚོ་སྔོན་གྱི་རེབ་གོང་དང་ཆབ་ཆའི་བོད་སྐད་ཡིག་དོན་རྐྱེན་ལ་ངས་དཔྱད་པ་ཞིག་བཏང་ཡོད་པ་དེའི་ནང་དུ། བོད་སྐད་ཡིག་གི་རྩ་ཁྲིམས་ཀྱི་ཐོབ་ཐང་ལ་མཐོང་ཆུང་དང་རྩིས་མེད་དུ་གཏོང་མཁན་ཏང་དང་རྒྱལ་ཁབ་ཀྱི་དབུས་གཞུང་མ་ཡིན་པར་ས་གནས་སྲིད་གཞུང་གི་སློབ་གསོ་ལས་ཁུངས་སོ་སོ་ཡིན་ཞེས་བསྡོམས་ཚིག་བཀོད་ཡོད་པ་བཞིན། ཐེངས་འདིའི་ལྷ་སའི་སྐད་ཡིག་གི་དོན་རྐྱེན་གྱི་བྱེད་གཏེ་གཙོ་བོའང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཆགས་ཡོད། ཁོང་ཚོས་བདེ་ཁང་བྱམས་པ་ལ་བྲིས་བའི་དགག་ལན་གྱི་ནང་དུ་བོད་ཡུལ་ནས་དེང་རབས་མི་རིགས་སློབ་གསོ་སྤེལ་བའི་ཆེད་དང་། རིགས་སོ་སོའི་མི་མང་གི་བདེ་སྐྱིད་ཀྱི་འཚོ་བའི་ཆེད་དུ་བོད་ཡིག་གི་དར་སྤེལ་ལ་བཀཀ་འགོག་བྱས་ཤིང་རྒྱ་ཡིག་རྒྱ་ཆེར་དར་སྤེལ་བྱེད་དགོས་ཞེས་བརྗོད་འདུག ཁོང་ཚོས་ཀྱང་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་སོགས་གཞིར་བཞག་ནས་བཤད་དོན་༼བོད་ཡིག་སྦྱངས་ན་ནང་ལོགས་དང་ཕྱི་རྒྱལ་ལ་སློབ་སྦྱོང་དུ་འགྲོ་བའི་གོ་སྐབས་མེད་འགྲོ་གི་རེད༽དང་༼བོད་སྐད་ཡིག་གི་སློབ་གསོ་དར་སྤེལ་བྱས་ན་བོད་ནང་གི་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ལ་གནོད་པ་ཐེབས་ཀྱི་རེད།༽ཟེར། བལྟས་ཚོད་ཀྱིས་ཁོང་ཚོའི་བཤད་པ་དེར་རྩ་ཁྲིམས་དང་ཁྲིམས་ལུགས་དང་སྲིད་བྱུས་སོགས་ཀྱི་རྒྱབ་རྟེན་ཡོད་པས་སྐྱོན་ཆེར་མི་འདུག་བསམ་མོད། དེས་ནི་ཁོང་ཚོས་རྩ་ཁྲིམས་དང་ཁྲིམས་ལུགས་དང་སྲིད་བྱུས་བཅས་ཀྱི་ཕྱོགས་ཡོངས་ཀྱི་དགོངས་པ་བརྩིས་མེད་དུ་བཏང་ནས་ཁོང་ཚོའི་ལས་དོན་ཁོ་ན་ལ་ཕན་པའི་ཁྲིམས་ཚིག་རེ་གཉིས་ལོག་འདྲེན་བྱས་བའི་རྐྱེན་གྱིས་ང་ཚོར་འཁྲུལ་སྣང་དེ་བྱུང་བ་རེད། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་རྩ་བའི་དམིགས་ཡུལ་དང་དགོངས་དོན་མཐར་ཐུག་གི་སྟེང་ནས་བལྟས་ན་ཁོང་ཚོའི་ལྟ་བ་ནི་ནོར་འཁྲུལ་ཅན་གྱི་ལྟ་བ་ཙམ་ཡིན་པ་མ་ཟད། དེ་ལས་ཀྱང་ཚབས་ཆེ་བ་ནི་ཁོང་ཚོས་བྱ་སྤྱོད་དང་དམིགས་ཡུལ་ངན་པ་དེ་ཏང་དང་རྒྱལ་ཁབ་ལ་ཁག་དཀྲི་བྱས་ཏེ་བོད་ལྗོངས་མི་དམངས་དང་རྒྱལ་ཁབ་གཉིས་ཀྱི་བར་ལ་དཀྲུགས་ཤིང་དང་དབྱེན་སྦྱོར་བྱེད་བཞིན་པ་དེ་ཡིན། རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་བཟོས་བའི་བོད་སྐད་ཡིག་ལས་དོན་སྐོར་གྱི་ས་གནས་ཁྲིམས་སྲོལ། དེ་ནས་་སྐབས་༡༨པའི་ཀྲུང་ཨུ་ཚང་འཛོམས་བཞི་བའི་གྲོས་ཆོད་དང་ཞི་ཅིན་ཕེན་གྱིས་གྲོས་ཆོད་ཀྱི་འཆར་སྣང་ལ་བསྐྱོན་པའི་འགྲེལ་བཤད་བཅས་ཀྱི་རྩ་དོན་ལ་བོད་རང་སྐྱོང་ལྗོངས་སློབ་གསོ་ལས་ཁུངས་ཀྱིས་མངོན་སུམ་འཛེམ་མེད་དུ་བཤིག་ཐུབ་པའི་རྒྱུ་མཚན་དང་སྤོབས་པ་གང་ལས་བྱུང་བ་རེད་ཞེ་ན། ཁོ་བོས་བོད་ཁུལ་ན་བྱུང་བཞིན་པའི་སྣང་ཚུལ་འདི་རིགས་ལ་ཞིབ་ཏུ་བརྟག་དཔྱད་བཏང་བའི་རྗེས་སུ། གནད་དོན་འདི་དག་གྲངས་འབོར་ཆེ་བའི་དབུས་གཞུང་གི་རོགས་དངུལ་ལ་ཐུག་འདུག་པར་སྙམ། དབུས་གཞུང་གིས་ལོ་རེར་བོད་རང་སྐྱོངས་ལྗོངས་ཀྱི་སློབ་གསོའི་སྐོར་ལ་རོགས་དངུལ་འབོར་ཆེན་སྤྲད་གི་ཡོད་པ་དང་། ༢༠༡༣ལོ་ནས་བཟུང་གྲངས་འབོར་དེ་ཐེར་འབུམ་ཆེན་པོ་གཅིག་དང་ཐེར་འབུམ་གཅིག་༼ ¥༡༡༠༠༠༠༠༠༠༠༠༽ལྷག་ལ་སོན་ཡོད། ལོ་རེའི་རོགས་དངུལ་བརྒྱ་ཆའི་༡༤དང་གྲངས་ཆུང་༦གི་སྒོ་ནས་འཕེལ་བཞིན་ཡོད། རོགས་དངུལ་འབོར་ཆེན་འདི་ལྐོག་ནས་བགོ་བཤའ་བྱེད་ཆེད། བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལས་ཁུངས་ཀྱིས་རྒྱའི་སྐད་ཡིག་བོད་ཀྱི་སློབ་ཆུང་དང་སློབ་ལོ་མ་རན་པའི་བྱིས་སྐྱོང་ཁང་སོགས་ནས་བཙན་གྱིས་དར་སྤེལ་བྱེད་པའི་ལས་གཞི་ཞིག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཁྲིམས་ཀྱིས་དབང་བསྐུར་མེད་པར་སྤེལ། [caption id=”attachment_770” align=”alignright” width=”300”] བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་ཁུངས་ཀྱིས་བོད་ཡིག་བེད་སྤྱོད་མི་བྱེད་པའི་དཔེ་མཚོན།[/caption] བོད་ལྗོངས་དང་བོད་ཀྱི་ས་ཁུལ་ན་རྒྱ་ཡིག་སྦྱངས་སའི་སློབ་གྲྭ་ཆར་ཤུལ་གྱི་ཤ་མོ་ལྟར་བརྡོལ་ཡོད་པས། རོགས་དངུལ་འདི་དག་དམིགས་སུ་བཀར་ནས་རྒྱ་ཡིག་སློབ་གྲྭའི་བོད་རིགས་སློབ་མ་ཚོས་རྒྱ་ཡིག་སྦྱངས་བ་ལ་བཀོལ་མི་དགོས་བས། སློབ་གསོ་ལས་ཁུངས་ཀྱིས་ད་ལྟ་བོད་སྐད་ཡིག་གཙོས་བའི་སློབ་གྲྭ་ནས་རྒྱའི་སྐད་ཡིག་ཇི་ལྟར་རྒྱ་ཆེར་སྦྱངས་དགོས་བའི་ལས་དོན་ཐད་ལག་ངན་བསྲིངས་ནས་རོགས་དངུལ་ཧམ་ཟ་བྱེད་ཐབས་བྱས། མཚོ་སྔོན་ཞིང་ཆེན་ལའང་༢༠༡༠ལོར་རྒྱའི་སྐད་ཡིག་བོད་ཀྱི་ས་ཁུལ་ནས་དར་སྤེལ་བྱེད་ཆེད་རྒྱ་་སྒོར་ཐེར་འབུམ་༧དང་དུང་ཕྱུར་༦ཐོབ་ཡོད་ཟེར། སྒོར་མོ་དེར་རྔམ་ནས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ཀྱིས་བོད་ཁུལ་གྱི་སློབ་གྲྭ་ནས་བོད་ཡིག་གི་སློབ་ཁྲིད་ལ་ཁྲིམས་འགལ་གྱིས་ཐེ་གཏོགས་བྱས། མཚོ་སྔོན་བོད་ཁུལ་གྱི་བོད་མི་མང་བོས་མཐའ་གཅིག་ཏུ་ངོ་རྒོལ་བྱས་སྟབས་མཚོ་སྔོན་སློབ་གསོ་ལས་ཁུངས་ཀྱི་དམིགས་ཡུལ་ངན་པ་དེ་གནས་སྐབས་སུ་འགྲུབ་མ་ཐུབ། ལྷ་ས་ལ་མཚོན་ན་མཚོ་སྔོན་ལྟ་བུའི་ངོ་རྒོལ་ཤུགས་དྲག་བྱས་མེད་པའི་རྒྱུ་མཚན་གྱིས་སློབ་གསོ་ལས་ཁུངས་ཀྱིས་ཁོང་ཚོའི་ལས་ཀ་དེ་ཁྲིམས་མཐུན་ཡིན་མདོག་མདོག་གི་སྒོ་ནས་ལས་བཞིན་ཡོད། སྤྱིར་ཁྲིམས་ཀྱི་འགྲོ་སྟངས་ཡིན་ན་རོགས་དངུལ་དེ་དག་བོད་ཀྱི་སྐད་ཡིག་གི་དར་སྤེལ་ལ་ཕན་པའི་ཆེད་དུ་བེད་སྤྱོད་བྱེད་དགོས་བ་ཞིག་ཡིན་ལ། བེད་སྤྱོད་བྱེད་མཁན་གཙོ་བོའང་བོད་མི་ཡིན་དགོས། བོད་ལྗོངས་ནས་བོད་མིས་རྒྱ་ཡིག་ཇི་ལྟར་སྦྱངས་བའི་ཐད་ལ་བོད་པས་ཁྲིམས་བཟོ་དགོས་བ་མ་གཏོགས། རྒྱ་མིས་བོད་པས་རྒྱ་ཡིག་ཇི་ལྟར་སློབ་པ་ལ་སྲིད་ཇུས་གཏན་འབེབས་བྱེད་པ་ཞིག་མིན། རྩ་ཁྲིམས་དང་ཁྲིམས་ལུགས་ཀྱི་རྨིང་གཞི་མེད་པའི་སྲིད་བྱུས་དེ་བཙན་དབང་གི་སྒོ་ནས་སྤེལ་ན་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གིས་གྲངས་ཉུང་མི་རིགས་ལ་སྤྲད་པའི་རང་རྐྱ་ཐུབ་པའི་སློབ་གསོ་རང་སྐྱོང་གི་དབང་ཆ་ལ་གནོད་ཅིང་། ཁྲིམས་བཟོ་བའི་ཁྲིམས་ལ་བརྩིས་མེད་དུ་བཏང་སྟེ་། ས་གནས་གྲངས་ཉུང་མི་རིགས་ཀྱིས་བཟོས་བའི་ཡུལ་ཁྲིམས་ལའང་མཐོང་ཆུང་དང་རྡོག་རོལ་བཏང་བ་ཡིན། ད་ལྟ་བོད་ལྗོངས་ན་རྒྱ་རིགས་ཀྱི་གྲངས་འབོར་ཆེ་རུ་འགྲོ་བཞིན་པ་བདེན། གནད་དོན་དེ་གྲོང་ཁྱེར་ལྷ་སའི་ཉེ་འཁོར་གྱི་གནད་དོན་ཙམ་ཡིན། བོད་རང་སྐྱོང་ལྗོངས་འདི་རྩ་ཁྲིམས་ལྟར་སྔར་བཞིན་བོད་རིགས་ཀྱིས་རང་སྐྱོང་བྱེད་པའི་ལྗོངས་ཤིག་ཡིན་པ་ལས་རྒྱ་རིགས་གཙོས་བའི་མི་རིགས་སྣ་ཚོགས་ཀྱིས་རང་སྐྱོང་བྱེད་པའི་ལྗོངས་ཤིག་མིན། དེའི་ཕྱིར། བོད་ལྗོངས་ནས་དེང་རབས་ཀྱི་བོད་མི་རིགས་སློབ་གསོའི་ལས་དོན་ནི་དེང་རབས་མི་རིགས་གཞན་གྱི་སློབ་གསོའི་ལས་དོན་ལས་གལ་ཆེ་བའི་རྩ་དོན་ཞིག་ཡིན། དེ་ནི་གྲོང་ཁྱེར་ལྷ་ས་ན་རྒྱ་རིགས་དང་མི་རིགས་གཞན་ཇེ་མང་དུ་སོང་བ་ཙམ་གྱིས་འགྱུར་བ་བྱེད་དགོས་བ་ཞིག་མ་རེད། རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ལ་སོ་སོའི་སྐད་ཡིག་བཀོལ་སྤྱོད་དང་དར་སྤེལ་གྱི་ཐོབ་ཐང་ཡོད་ཅེས་གཏན་ཏུ་འཁེལ་ཞིང་། མི་རིགས་ས་གནས་རང་སྐྱོང་ཁྲིམས་ལུགས་ཀྱིས་རྩ་ཁྲིམས་དགོངས་དོན་དེ་གཞིར་བཞག་ནས་མི་རིགས་ས་ཁུལ་གྱི་སློབ་གསོའི་ལས་དོན་ལ་རྩ་ཁྲིམས་རང་བཞིན་ཅན་གྱི་གཏན་འཁེལ་བྱས་ཡོད། རྩ་ཁྲིམས་དང་མི་རིགས་ས་ཁུལ་རང་སྐྱོང་གི་ཁྲིམས་ལུགས་བཅས་ཀྱི་ནང་དུ་གྲངས་ཉུང་མི་རིགས་ཀྱི་ས་ཁུལ་ལ་དེའི་སློབ་གསོ་ལས་དོན་ལ་བཀོད་འདོམས་བྱེད་པའི་དབང་ཆ་གཞན་གྱིས་དྲིང་མི་འཇོག་པ་ཡོད་པས། གལ་ཏེ་རྒྱའི་སྐད་ཡིག་བོད་ལྗོངས་ནས་དར་སྤེལ་སྔར་བས་ལྷག་པ་ཞིག་བྱེད་དགོས་ན་ཐོག་མར་བོད་རང་སྐྱོང་ལྗོངས་ཀྱི་བོད་སྐད་ཡིག་ལས་དོན་ཀྱི་ཡུལ་ཁྲིམས་ནང་དུ་གཏན་འཁེལ་བྱས་རྗེས་ད་གཟོད་སྲིད་གཞུང་གིས་ཡུལ་ཁྲིམས་ཀྱི་དབང་ཁྱབ་འོག་བྱེད་ཐབས་ཕྲ་ཞིང་ཞིབ་པ་གཏན་འཁེལ་བྱས་ཏེ་ལག་བསྟར་བྱེད་དགོས། [caption id=”attachment_775” align=”alignleft” width=”138”] སློབ་གསོ་ལས་ཁུངས་ཀྱི་དབང་ཆ་ཁྲིམས་ཀྱི་གཟེབ་ནང་དུ་འཇུག་དགོས།[/caption] བོད་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ལས་ཁུངས་ཀྱི་ལམ་རིམ་དེ་མ་བརྒྱུད་པར་བྱུང་རྒྱལ་གྱིས་འཛིན་སྐྱོང་ཡིག་ཆ་སྤེལ་ནས་བོད་ལྗོངས་ཀྱི་སྐད་ཡིག་གི་ཡུལ་ཁྲིམས་བཤིག་པ་དེ་ནི་ཁྱི་བདག་པོས་འགོག་རྒྱུ་མགྲོན་པོས་བཀག་པ་དང་། གཏམ་ཨ་ཕས་བཤད་རྒྱུ་ཨ་མས་བཤད་ཅེས་བའི་ཚུལ་ལས་མ་འདས་ཤིང་། ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་གིས་བོད་མི་མང་དང་ཏང་དང་རྒྱལ་ཁབ་བར་ལ་དཀྲུགས་ཤིང་འཕངས་བའི་བྱ་སྤྱོད་ཡིན་པས་ཚང་མས་ཤེས་བར་འཚལ། ཞི་ཅིན་ཕེན་གྱིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་མངག་བཅོལ་དང་དུ་བླངས་ནས། ༼ཀྲུང་གུང་ཀྲུང་དབྱང་གི་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་གནད་དོན་གལ་ཆེན་རབ་དང་རིམ་པའི་སྐོར་གྱི་ཆོད་དོན༽གྱི་མ་ཡིག་བྲིས་པའི་གནས་ཚུལ་ཐད་ནས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་བར་སྟེང་ཕུལ་བའི་གསལ་བཤད་ཀྱི་ནང་ནས་གནད་དོན་བཅུ་བཤད་ཡོད་པའི་དོན་ཚན་གསུམ་པ། ༼རྩ་ཁྲིམས་ལག་བསྟར་དང་ལྟ་སྐུལ་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁྲིམས་སྐྱོང་གི་དབང་ཟིལ་མངོན་ཐུབ་མིན་དེ། ཐོག་མར་རྩ་ཁྲིམས་ལ་དབང་ཟིལ་ཡོད་མེད་ལ་རགས་ལས་པ་དང་། ངེས་པར་དུ་རྩ་ཁྲིམས་ཀྱི་དབང་ཟིལ་དྲིལ་སྒྲོག་དང་དབང་ཟིལ་མངོན་རྒྱུ་དེ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་དོན་དག་ཆེན་པོ་ཞིག་ཏུ་བརྩིས་ནས་དམ་འཛིན་བྱས་ཏེ། རྩ་ཁྲིམས་ཀྱི་ལག་བསྟར་དང་ལྟ་སྐུལ་ཐད་ནུས་ཤུགས་འདོན་དགོས།༽ ལྔ་བ། ༼ཁྲིམས་སྐྱོང་སྲིད་གཞུང་མྱུར་དུ་འཛུགས་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བྱེད་པའི་གཙོ་གནད་ནི་བཅའ་ཁྲིམས་གཟབ་ནན་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱེད་རྒྱུ་དེ་ཡིན། སྲིད་གཞུང་ནི་ཁྲིམས་འཛིན་མཁན་གཙོ་བོ་ཡིན་པ་དང་། ཁྲིམས་འཛིན་ཁྱབ་ཁོངས་ན་གནས་པའི་ཁྲིམས་ལུགས་ལ་བརྩི་མཐོང་མི་བྱེད་པ་དང་ཁྲིམས་འཛིན་ནན་མོ་མི་བྱེད་པ། ཁྲིམས་དང་འགལ་ཚེ་འགན་འཁྲི་རྩད་གཅོད་མི་བྱེད་པ་ཐ་ན་དབང་ཆ་ལ་བརྟེན་ནས་ཁྲིམས་ལུགས་སྣང་མེད་དུ་འཇོག་པ། དབང་ཆ་ལ་བརྟེན་ནས་ལྐོག་རྔན་ལེན་པ་སོགས་ཀྱི་འབུར་ཐོན་གནད་དོན་སྟོབས་ཤུགས་ཡོད་རྒུས་ཐག་གཅོད་བྱེད་དགོས།༽ཞེས་བཤད་ཡོད་པ་དེས་བོད་རང་སྐྱོངས་ལྗོངས་སྲིད་གཞུང་གི་སློབ་གསོ་ལས་ཁུངས་ལ་སྤར་བའི་སྒྲོན་མེ་ཞིག་ཡིན་པ་མ་ཟད། ལམ་ལོག་ལ་སོང་ན་ཁྲིམས་འགལ་ཡིན་པའི་ཉེན་བརྡ་ཞིག་ཀྱང་བཏང་བ་ཡིན།
བློ་མཐུན་བཀྲ་ཤིས་ཚེ་རིང་གི་སྐད་ཡིག་སྲུང་སྐྱོབ་ཀྱི་ཐད་ལ་ཕུལ་བའི་སྙན་ཞུ།
༢༠༠༧ལོར་བློ་མཐུན་བཀྲ་ཤིས་ཚེ་རིང་གིས་བོད་རང་སྐྱོང་ལྗོངས་ཀྱི་ཁྲིམས་བཟོ་བ་ཡོངས་དང་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་གནད་ཡོད་ལས་ཁང་སོགས་ལ་སྙན་ཞུ་ཞིག་ཕུལ་ནས་༢༠༠༢ལོའི་རང་སྐྱོང་ལྗོངས་ཀྱི་སྐད་ཡིག་ཡུལ་ཁྲིམས་བཟོ་བཅོས་གསར་བ་དེས་རྩ་ཁྲིམས་དང་མི་རིགས་རང་སྐྱོང་གི་ཁྲིམས་ལུགས་སོགས་ཀྱིས་བོད་ཀྱི་སྐད་ཡིག་ལ་སྤྲད་པའི་བཀོད་སྤྱོད་ཀྱི་དབང་ཐང་ལ་གནོད་འཚེ་ཚབས་ཆེན་བཟོས་ཡོད་པས་སྐད་ཡིག་སྐོར་གྱི་ཡུལ་ཁྲིམས་གསར་བ་དེར་ཡང་བསྐྱར་བཟོ་བཅོས་བྱེད་དགོས་བའི་འབོད་བསྐུལ་ཤུགས་དྲག་གནང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཁོང་གི་འབོད་སྐུལ་གྱི་སྐོར་ལ་གོང་རིམ་པས་བཀའ་ལྟར་བོད་ཡིག་ཆེད་མཁས་མི་སྣ་བསྐངས་ཏེ། ༢༠༠༧ལོའི་ཟླ་༧པའི་ཚེས་༧དང་ཚེས་༨བཅས་ཉིན་གཉིས་རིང་ལ་པེ་ཅིན་ནས་བཀྲ་ཤིས་ཚེ་རིང་གི་བསམ་འཆར་ལ་གྲོས་བསྡུར་བྱས་མཐར། ཁོང་གི་བསམ་འཆར་གནས་ལུགས་དང་མཐུན་ཞིང་བོད་རང་སྐྱོང་ལྗོངས་ཀྱི་སྐད་ཡིག་གི་ཡུལ་ཁྲིམས་གསར་བ་དེས་རྩ་ཁྲིམས་དང་མི་རིགས་ས་གནས་རང་སྐྱོང་གི་དགོངས་པ་དང་འགལ་ནས་བོད་ཡིག་བོད་ཀྱི་ས་ཁུལ་ནས་བཀོད་སྤྱོད་བྱེད་པར་བཀག་བསྡོམས་བྱས་བ་དེ་ཁྲིམས་འགལ་ཡིན་པས་བཟོ་བཅོས་བྱེད་དགོས་ཞེས་བློ་མཐུན་བཀྲ་ཤིས་ཚེ་རིང་གི་བསམ་འཆར་ལ་རྒྱབ་སྐྱོར་བྱས་ཡོད། གཤམ་དུ་བཞག་ཡོད་པ་ནི་ཁོང་གི་སྙན་ཞུ་དང་ཞུ་མཆིད་ཀྱི་དཔར་ཡིན། ཚང་མས་གཟིགས་རོགས་འཚལ།
མི་རིགས་ཁྱད་གསོད་ཀྱི་གནད་དོན་ལ་ངོ་རྒོལ་བྱེད་སྟངས།
[video width=”222” height=”400” mp4=”http://trimleng.cn/wp-content/uploads/2016/11/Facebook-1181899571871913-MP4.mp4”][/video]
ང་ཚོའི་ཡུལ་ཁྲིམས་ལ་བཟོ་བཅོས་དང་འཐུས་ཚང་བྱེད་དགོས།
རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་བཟོ་བ་བའི་ཁྲིམས་སོགས་ཀྱི་ཤེས་བྱ་ཚངས་ཐིགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་ན་ཡོད་པའི་རང་སྐྱོང་ཁུལ་དྲུག་སྟེ་མགོ་ལོག རྨ་ལྷོ། ཡུལ་ཤུལ། མཚོ་ནུབ། མཚོ་ལྷོ་དང་མཚོ་བྱང་བཅས་ཀྱི་སློབ་གསོ་དང་རིག་གནས་སོགས་ཀྱི་རང་སྐྱོང་ཡུལ་ཁྲིམས་ཀྱི་ཁྲིམས་བཟོའི་ཆུ་ཚད་དང་གནས་བབ་སོགས་ལ་བརྟག་དཔྱད་བྱས་དུས་གནད་དོན་མི་ཉུང་བ་ཞིག་མཐོང་།
བོད་ཀྱི་སྐད་ཡིག་གི་ཁྲིམས་བཟོའི་གནས་སྟངས།
གཤམ་གྱི་རྩོམ་ཡིག་དང་སྒྲ་ཐག་འདིའི་ནང་དུ་བོད་སྐད་ཡིག་གི་ཁྲིམས་བཟོ་དང་། ཁྲིམས་ཀྱི་ལམ་ནས་བོད་སྐད་ཡིག་གི་ཐོབ་ཐང་བརྩོན་ལེན་ཇི་ལྟར་བྱེད་དགོས་བའི་ཐབས་ལམ་ཆེ་ལོང་ཙམ་བརྗོད་ཡོད་པ་གསན་གཟིགས་གནང་བར་འཚལ།